—མཛོད་དགེ་རྫོང་འབོས་གྲོང་རིམ་ཆ་ཚང་སློབ་ཆུང་དུ་བྲིས་པའི་ཚོར་གཟུགས།
གལ་སྲིད ཚེ་ཐོག་བཀང་བོར་ཁ་བ་བབས་ཀྱང
ང་རང་སྔར་བཞིན་ལམ་ལ་ཆས་རྒྱུ
ཁྱེད་ཕྱོགས་སུ་ཤོར་བའི་སེམས།
དགའ་བའི་ལག་པ ཁྱེད་ཕྱོགས་སུ་དཔའ་ངར་ཆེན་པོས་བསྲིངས
རྨི་ལམ་གྱི་ཟབ་ས་ནས་ཁྱེད་རང་རྣམ་དག་གི་ལག་པས་དམ་པོར་བསྡམས
ཁྲ་ལམ་མེར འོད་གྱི་ལེར བཞི་མདོའི་སྲང་ལམ་གང་ཞིག་ན
ལག་ཟུང་འདི་ལ་ཟུག་པའི་སྐྱུར་ལ་ཁ་བའི་རྣོ་ངར་ཡོད་དེ
སྟོབས་ཤུགས་ཀྱི་བརྡབ་ཤུགས་མཐུ་ཆེན་དེས ངའི་ལག་པ
ངའི་དགའ་བ་མཚོན་བྱེད་ཀྱི་ལག་པ སྒྱུ་འཕྲུལ་གང་ཞིག་ལ
བསྡུ་བསགས་བརྒྱབ་ཏེ་ཁྱེད་ཕྱོགས་ལ་ཐོགས་མེད་དུ་འཕུར

གཡུ་སྦྲང་ཞིག་ལྟར་ངས་ཁྱེད་ཉིད་མེ་ཏོག་ཅིག་ཏུ་སྒོམ
མོད་ཀྱི ངའི་བསམ་པས་ཁྱོད་ལ་བསྐོར་བ་ལན་བརྒྱར་བྱས་ཀྱང
ངའི་གཟུགས་གཞི་ནམ་ཡང་ཁྱོད་ཀྱི་ཉེ་འགྲམ་དུ་སླེབས་མ་ཐུབ
དེ་བས་ཁོ་བོ་ཁྱོད་ཀྱི་རྩིབ་ནས་ལོ་ངོ་ཁྲི་འབུམ་ལ་བསྡད་ཀྱང
རྒྱང་ལ་འབོད་པའི་རང་བྱུང་གི་མཁའ་རླུང་དེ ངའི་སྲོག་རྩ་ནས
སེམས་རྩར་ལྗིད་ཏིག་གེར་འཁོར བར་མེད་དུ་འཁོར

གལ་སྲིད ང་རང་ཁྱོད་སེམས་ཀྱི་རྩྭ་ཐང་ཡངས་པོར
གཏན་གྲོགས་འཚོལ་བའི་ངང་བ་ཁེར་ཧྲེང་ཞིག་ཏུ་འཕུར་ཡོང་བ་ཡིན་ཚེ
ཁྱོད་ཀྱིས་ང་དང་མཉམ་དུ་འཇིག་རྟེན་གྱི་མཐོ་ས་ནས
དགའ་མགུ་ཡི་རང་གི་གཡས་བསྐོར་བརྒྱབ་ཏེ མི་ཡུལ་གྱི་ངོ་གདོང་ལ
འགྲུལ་བཞུད་ཀྱི་དགའ་འོ་བགྱི་བར་འཐད་ལགས་སམ
ཀྱེ— སེམས་ཀྱི་ཁྱོད
ངས་ཡོད་ཚད་འཐེན་བཞིན་ཡོད།
འཚོ་བས་ང་ལ་མི་ཚེ་ཞེས་པའི་འཇིག་རྟེན་ཞིག་བཀོད་སྒྲིག་བྱས
ངས་འཇིག་རྟེན་འདི་ནས་ཅི་ཡང་རྙེད་མ་བྱུང དེ་ལྟ་ན་ཡང
ངས་ཚེ་སྲོག་ལ་འཐིམ་པའི་ཚོར་འདུ་མཐའ་དག
ཐ་མག་རྐང་གཅིག་ཏུ་བཟོ་བསྐྲུན་བྱས་ཏེ་འཇིབ་ཅི་ཐུབ་བྱས
སྐྲ་གསེང་ནས་དུ་ནག་འཕྱུར་རོགས་བར་དུ་འཇིབ་ཅི་ཐུབ་བྱས

ད་ལྟ་དུ་དུག་གིས་ངའི་མགོ་བོ་ན་བར་བྱས
ངའི་བླ་སྲོག་སྲེག་པར་བྱས འོན་ཏེ
ངས་འཇིག་རྟེན་འདིར་བཅར་ནས
མཐོང་ལམ་དུ་མངོན་པའི་བྱ་དངོས་མཐའ་དག
སྔར་བཞིན་སྨྱོ་ཧམ་ཆེན་པོས་འཐེན་ཅི་ཐུབ་བྱས
ཐ་ན་ང་རང་ཉིད བརྩེ་དུང རིན་ཐང
རྡོ་དང་མེ་ཏོག གཅིག་ཀྱང་མ་ལུས་པ
དུ་བ་སྔོ་ལོང་གེར་འཕྱུར་བའི་མེ་རྩ་ཆུང་ཆུང་འདིའི་ལུས་གཟུགས
དུས་ཚོད་ཀྱི་སྔོན་དུ་ཟད་ཀྱིན་པའི་བཟི་ཁ་འདིར་མཚམས་མེད་དུ་གཞིབས

ང་དང་ངའི་ཡོད་ཚད འབར་བ་མེད་པའི་མེ་ཕུང་ཞིག་གི་ཟོས
ང་དང་རྟེན་འབྲེལ་དུ་ཆགས་པའི་བྱ་དངོས་ཡོད་ཚད
དུས་ཚོད་ཀྱི་སྔོན་དུ་བང་ཁ་ལྷོད་དེ་དུ་བ་སྔོ་ལོག་པ་ཞིག་དུ་ཟད
ནམ་ཞིག གནས་གང་ནས་དུ་བ་འཕྱུར་མཚམས་འཇོག་དུས
ངའི་མི་ཚེའང་གནས་གང་ལ་རང་བྱུང་དུ་འཐིམ་འགྲོ་ངེས ཡང་ན
ངའི་ཚེ་སྲོག་གཟུམ་རྗེས དུ་བ་འདིའང་རང་ཤུགས་ཀྱིས་ཆད་འགྲོ
དེའི་ཚེ ཚིག་ཟིན་པའི་ཐལ་རྡུལ་ནི་ངས་ཡོད་ཚད་འཐེན་མྱོང་བའི་བདེན་དཔང་ཡིན

ངས་ཡོད་ཚད་ཐ་མག་རྐང་གཅིག་ཏུ་མཚམས་མེད་དུ་འཐེན་བཞིན་ཡོད
གྲོགས་པོ་ལགས ཁོག་རྒྱ་བསྐྱེད་རོགས།
མོ མེ་ཏོག་ལྟ་བུའི་མོ འུ་གཉིས གཡུ་སྦྲང་ལྟ་བུའི་འུ་གཉིས
ལང་ཚོ གཞན་ཡིད་འགུགས་པའི་ལྕགས་ཀྱུ་དེས
མཛེས་སྡུག ཚངས་སྲས་ལྷ་མོའོ་འཇོ་སྒེག་གི་ཨ་ལོང་དེ
ད་ལྟ་འུ་གཉིས་ཀྱི་སུ་ཞིག་གི་གཟི་བརྗིད་ལ་འཕྱན་པའི་འདྲེན་ཤུགས་ལགས་ཀྱི
གྲོགས་པོ་ལགས ཁོག་རྒྱ་བསྐྱེད་རོགས

མོས ང་ལ་ཟབ་ཅིང་མཐུག་པའི་ཚོར་འདུ་བཞག་ཡོད
མོས ཁྱོད་ལ་གཅེས་ཤིང་དུངས་པའི་བག་ཆགས་བསྟན་ཡོད
མོད་ཀྱི་འུ་གཉིས་ཀྱིས་མོ་ལ་བཞག་པ་ནི་ཅི་ཞིག་ལགས་སམ
གདམ་གསེས་ཀྱི་བདག་དབང ཀུན་སློང་གཙང་མས་མོ་ལ་བྱིན་ཏེ
གྲོགས་པོ་ལགས ཁོག་རྒྱ་བསྐྱེད་རོགས།
རྒྱང་རིང་དུ་བོར་བའི་ཁྱོད།
ད་ལྟ ངས་ཁྱེད་ཉིད་མཐོང་གིན་འདུག
རྒྱང་རིང་གི་སྣེ་ན་འཕྱར་བའི་ངའི་ལྷ་མོ་ཁྱོད་མཐོང་གིན་འདུག
འདུ་འཛིའི་བར་གསེང་ནས་ཁྱེད་ཉིད་བོར་བ་དྲན་ཡོང་གིན་འདུག
ལུས་གཟུགས་ཤིག་ནས་གྲིབ་གཟུགས་ཤིག་ལ་བསྐྱུར་ཚུལ་ཚོར་ཡོང་གིན་འདུག

བདག་ནི་རྣོ་ཁབ་ལེན་ཞིག ཁྱེད་ནི་དེ་ལ་འབྱར་ངེས་པའི་དངོས་རྫས་ཤིག
བདག་གིས་ཚོར་སྣང་གི་ངོ་གདོང་ལ་འཁྱུག་བྲིས་ཀྱི་རི་མོ་བབས་པ་ཚོར
དེ་ནི་བྱེ་རྡུལ་གྱིས་གྲུབ་པའི་རི་མོ་ཞིག སྤང་ཐང་གི་གྲང་རླུང་རྒོད་པོས་སྤུར་ཏེ
འབབ་ངེས་པའི་ཕྱོགས་དེར་སྐྱ་འཚུབ་འཚུབ་དུ་བསྐྱོད

རྨི་ལམ་དུ་རྨི་ལམ་གྱིས་ཁྱེད་ཉིད་རྨི་ལམ་དུ་རྨིས
ཉི་འོད་དང་མི་སེམས་ཀྱི་གཡོ་འགུལ་མགྱོགས་པས
ཁྱེད་ནི་བདག་གི་རྨི་ལམ་དུ་གདོང་རས་གྱོན་པའི་གར་མ་ཞིག་སྟེ
སེམས་ཀྱིས་ཟིན་ཡང་མིག་ལ་དངོས་སྣང་བྲལ

ངས་ཡང་བསྐྱར་ཁྱེད་ཉིད་བློ་སྤོབས་ཆེན་པོས་འཛིན་འདོད
རྨི་ལམ་ལས་ཐོད་ཀྱིས་བརྒལ རང་སེམས་ཀྱི་གནས་གང་ལ་དམ་རྒྱ་བསྡམས་ཏེ
གྲིབ་གཟུགས་ཁྲི་སྟོང་གི་བར་གང་ན་དངོས་སྣང་དུ་བཞུགས་པའི་ཁྱོད
ཆོད་སེམས་བརྟན་པོས་འཛིན་འདོད ཨེ་མ—རྒྱང་རིང་གི་ཁྱོད
ཁྱེད་ཀྱིས་བདག་ལ་གོ་སྐབས་ཀྱི་ཟུར་སྣེ་ཐེངས་ཤིག་བསྣར་ཏེ
བདག་གི་བཅོས་མིན་གྱི་ཚེ་སྲོག་ལ་ཚད་འཇལ་ཐེངས་ཤིག་བགྱི་རོགས
ཁ་བའི་ཁྲོད་ཀྱི་རྒྱབ་གཟུགས།
ཕྱིར་མིག་གནང་རོགས སུ་ཞིག་གི་སེམས་ཀྱི་ལག་ཟུང
བྲེལ་ལ་སྐྱེངས་པའི་ངང་ནས ཁྱེད་ཕྱོགས་སུ་དྲང་མོར་བསྲིངས་ཡོད
ཁ་བ འུ་ཅག་གནས་སའི་མི་ཡུལ་ལ་ལྷབ་ལྷུབ་དུ་བབས
ས་གཞིར་འགོད་བཞིན་པའི་རྐང་རྗེས་རེ་རེ སྐད་ཅིག་ཉིད་ལ
ཐྲག་ཐྲག་ཐྲག ཕྱོགས་བཞི་མཚམས་བརྒྱད་ལ་འཐེན
ཁྱོད་ཀྱི་རླུང་གི་བསྐྱོད་པའི་མགོ་དཀྲིས་ཀྱི་སྣེ་དེས
བླ་འཁྱམ་པའི་སྡོང་སྐམ་ཞིག་ཏུ ཁྱོད་ཀྱི་རྒྱབ་གཟུགས་ལ་བཅར་བའི་བདག་ལ
འཕྱ་སྨོད་དམ་འཁྲེང་སེམས་གང་ཞིག་གི་སྐྱོ་སྣང་གི་བདེ་མོ་འཇོག
བརྗོད་ཐབས་བྲལ་བའི་ཚོར་འདུ།
ཕྱི་རོལ་གྱི་མཛེས་སྡུག བདག་སེམས་ཀྱི་པད་འདབ་ལ་ལྷམ་མེར་བཞད
ཆར་བ་བབས་མཚམས་བཞག་རྗེས་ཀྱི་མཁའ་དབུགས
ཇི་འདྲའི་གཙང་ཞིང་ཞིམ་ཨང
ཨ་ནེ་ཉི་མ་མཚོ་མོས་ཆེས་མཇུག་མཐའི་ཕྱིར་མིག
ནུབ་མཐའི་རི་ལྟག་ནས་ཁ་ཁུ་སིམ་པར་སློག
མོའི་དམར་མདངས་ཆགས་པའི་ངོ་གདོང་དེས
ཡངས་ཤིང་སྒམ་བརླིང་གི་ས་ཆེན་པོར་བརྩེ་དུང་ཟབ་མོའི་འོ་བྱས་པ་བསྟན་ཡོང

ཐ་སྙད་དེ་དག ཚོར་འདུ་ཟབ་མོ་ཞིག་གིས་ཁངས་མ་ཆར་དུ་ངའི་ཟབ་སར་གཏོར
བརྩེ་དུང་དེས་བརླན་རྗེས སྨྲ་བསམ་བརྗོད་འདས་ཀྱི་སྐད་ཆའི་ཚོམས་ཤིག
ལུས་སེམས་ཀྱི་ཕྱི་ནང་ཀུན་ནས་ལྡིང་སྐོར་རྒྱག ངས་ཅི་ཡང་བརྗོད་མ་ཐུབ
ཁ་རོག་གེར་དུངས་གཏམ་ཁོང་དུ་བཅུག་ནས་བསྡད སོ་ཞིང་དྭངས་པའི་རླངས་པ
ཡིག་འབྲུ་མེད་པའི་བརྡ་སྤྲོད་ཅིག་ཏུ་རང་བྱུང་གི་བླ་སྲོག་ལ་འཐིམ

འཕེལ་ལྡིང་བྱེད་བཞིན་སྙིང ཁྱོད་ལ་དབུལ་བྱའི་གབ་ཚིག་གི་ལེགས་སྐྱེས་ཡིན
ཚོར་བ་གཏིང་ཟབ་པས ངས་ཅི་ཡང་བརྗོད་ཐབས་བྲལ གསོན་པོའི་སྙིང་འདི
ངས་ཁྱོད་ཀྱི་པང་དུ་འཇོག ཁྱོད་ཀྱིས་འདི་ལས་ངའི་སྐད་ཆ་དང་བསམ་ཚུལ
སྣང་བརྙན སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར མཐོང་བར་སྨོན

ས་ཆེན་པོ བདག་བ་སྤྲུའི་མེ་ཏོག་བཞིན་ཁྱོད་ཀྱི་པར་རིམ་དུ་འཐོར་དུས
ཁྱོད་ཀྱིས་ང་ཡང་ཆེས་ཟབ་སའི་རང་བྱུང་གི་ཚོར་འདུ་དེར་ཉེར་རོགས
རྙིད་ཟིན་པའི་ལོ་ཟླ•ལོ་ཟླ་ཞིག་གི་རྣམ་ཐར།
ལང་ཚོའི་ངར་ཤུགས ཐན་པའི་འཇིག་རྟེན་དུ་ན་མཚོ་བཞིན་བྲི
སྐེ་ལ་བཏགས་པའི་ལོ་ཟླ སྨག་རིམ་གྱི་ཀློང་དུ་བོར་སྟོར་འབྱུང་དུས
ངའི་བླ་སྲོག་གིས་མ་ཤི་གསོན་བྲལ་གྱི་དཀྱིལ་འཁོར་ན འཆི་བར་ཕྱོགས་པའི་མིག་ཟུང་རྡེབ

དུས་ཚོད་ཀྱི་འཇམ་པོའི་བསླུ་བྲིད རྣམ་ཤེས་ཀྱི་ཁ་ལོ་ལ་གཤེད་མ་ལྟར་རྒྱུ
སོང་མྱོང་བའི་བདེན་དཔང་གི་རྐང་རྗེས ལོ་གྲངས་ཤིག་གིས་གནག་གསུབ་བྱས་རྗེས
ང་བདག་མེད་ཀྱི་དམུས་ལོང་ཞིག་ཏུ གང་འོང་གར་འགྲོ་བན་བུན་གྱི་ཕྱོགས་ལ་བརྫངས

ཚོར་བས་ཁྱོད་རང་མདུན་དུ་བསྐྱོད་ཀྱིན་འདུག་ཟེར
ཚོར་བས་ཁྱོད་ཀྱིས་སྟོང་སྐོར་རྒྱག་གིན་ཡོད་ཟེར
ཚོར་བའི་བྲན་དུ་ཚུད་པའི་ངའི་ཡོད་ཚད གཡུལ་ནས་བྲོས་ཡོང་བའི་སྡར་མ་བཞིན
མི་མེད་ལུང་སྟོང་གི་ཁུང་བུ་ཞིག་ལ་སྐྲག་སྦས་བྱེད་དུས
མི་ཡུལ་གྱི་དཔུང་བར་བཀོད་པའི་སོ་རྗེས་དེ་ཡང
མཁར་ལ་སྦྱར་བའི་ལྕི་བའི་ཨ་གསར་དང་གཉིས་སུ་མེད་པར་ཐང་ལ་ལྷུང

འཚོ་བ ལྒང་ཤུན་གྱོན་པའི་དབུགས་ཀྱི་འཁོར་ལོ་བཞིན
རླུང་གིས་དེད་ནས་ཕྱོགས་བཞིར་འཕུར འདྲེ་གདོན་ལྟ་བུའི་རྩྭ་རྐང་ཞིག་གི་སྡེར་མས
ཐེ་ཚོམ་མེད་པར་སྦར་འབྲད་ཐེངས་ཤིག་བྱེད་ཉིན
སྒྲ་སྒམ་གྱི་ཁ་ནས་མཆིལ་མ་ལྟར་འཚུབ་པ་ནི་སུ་ཞིག་གི་ཡོད་ཡོད་ཚད་ཚད

ལོ་ཟླས ང་རང་ཕྱོགས་མཚམས་ངེས་མེད་ཅིག་ལ་འཕུད་འདེད་བྱེད
ལུས་ཟུངས་ཟད་པའི་རྣམ་ཤེས་ཀྱིས་ཐབས་རྡུགས་ཀྱི་ལག་བསྙབས་ཐེངས་ཤིག་བྱེད་དུས
ངའི་བསམ་གཞིག་གི་པང་ལ་མེ་ཏོག་རྙིད་པོ་ཞིག
འཆི་ཁའི་རིལ་བུ་རྡོག་པོ་ཞིག་ལྟར་འཕངས
སྐབས་དེར ཡིག་འབྲུ་སྟོང་བའི་སྙན་ངག་ལྡོམ་པོ་ཞིག
འཕྲུལ་སྣུམ་ཚར་བའི་འགྲིམ་འགྲུལ་ཡོ་བྱད་ཅིག་ལྟར
དུ་བ་འཕྱུར་འཕྱུར་དུ་ལྷུང་བའང་ལོ་ཟླ་རེད་འདུག
དེའི་ཚེ བླ་སྲོག་གི་ལྟག་རིང ལོ་ཟླའི་སྐེ་གཞུང་ལ་འཁྱུད་དེ
རྙིད་ཟིན་པ་ནི་རྣམ་ཐར་རིགས་ཤིག་ཡིན་ཚུལ་ཤུབ་བུར་སྨྲ
ང་རང་རྨི་ལམ་གྱི་ཐ་གྲུ་འདིར་འཚོ་འདོད།
མཁའ་ནས་བབས་པའི་འཛེར་མའི་བུ་ཡུག
ངའི་ལུས་སེམས་གཙབས་བྱེད་ཀྱི་ལག་དམར་ཉིད་གཅིག
ང་རང་བྱིས་བློ་མ་ཡལ་བའི་རྨི་ལམ་གྱི་གར་སྟེགས་ནས་སྨྱོ་འདོད
རྒན་སེམས་འབྱར་བའི་བྱིས་པ་ཞིག་གིས
ཁྱོད་ཀྱིས་དོར་ཐུང་གྱོན་མི་འདུག་ཅེས་སྨྲས་ཀྱང
ང་རང་བྱིས་པ་ཞིག་ཏུ་རྨི་ལམ་ནས་རྩེད་འཇོ་ལ་རོལ་འདོད

དངོས་ཡོད་ལ་ངོ་ཚ་དབེན་པས ངའི་རྨི་ལམ་གྱི་སྒོ་མོ་རྡུང
ཆར་བ་ཤག་ཤག་འབབ་འབབ་པའི་མཚན་དཀྱིལ་དུའང་ངའི་མིང་ནས་འབོད
ཨ་ལན་སློག་མི་འདོད་པ་ནི་བདག་གི་ངོ་དོད་རྩོད་པའི་ལག་ཆ་ལགས
ང་རང་གཏན་དུ་མི་སད་པའི་རྨི་ལམ་ནས་འཚོ་འདོད

དག་གཙང་གི་རྣམ་ཤེས་ཡལ་བའི་འཇིག་རྟེན་དུ
ནམ་མཁས་བཞེངས་པའི་བྱིས་མིན་རྒན་མིན་གྱི་མི་ཚོགས་ཤིག
ཁ་ཕྱོགས་ཡོད་ལ་མེད་པའི་སྨྱོ་འདུར་གྱི་རྟ་ལ་ཞོན་ནས་རྒྱུག
དངོས་ཡོད་ཀྱི་འདྲེ་ལག་སྤྱོད་ཁང་ནས་ནར་གྱིས་ཐོན་ཏེ
མི་རྣམས་ཀྱི་སེམས་ངོས་ལ་འགྲམ་ལྕག་ཐེངས་གཅིག་བཞུས་ཚར
ང་རང་སད་པ་སྟོང་བའི་རྨི་ལམ་གྱི་ཐ་གྲུ་ནས་འཚོ་འདོད
༢༠༡༤་༣་༡༢—༥་༢༥ཉིན་བར།