ཁྱེད་མ་སླེབས་མ་སླེབས་ད་རེབ་སླེབས།།  ཁྱོད་མ་ཐོན་མ་ཐོན་ད་ལོར་ཐོན།།  ཁྱེད་སླེབས་པས་བཟང་རབས་གླེང་གླེང་གླེང་།།  ཁྱོད་ཐོན་པས་ངན་རབས་བཤད་བཤད་བཤད།།  གླེང་གླེང་བཤད་བཤད་ག་འདྲ་ཟེར་ན།།  རླུང་དམར་འུར་འུར་ནང་ལ་ཐོན་ཐལ།།  རྫས་ངན་སྣ་ཚོགས་བཟུང་ནས་ཐོན་ཐལ།།  རིན་ཆེན་གཏེར་རྫས་བརྐོས་ནས་བུད་ཐལ།།  སྐྱིད་པའི་སྤང་ཐང་སློག་ནས་ཚར་ཐལ།།  ངན་རབས་བཤད་པའི་རྒྱུ་མཚན་དང་བོ།།  རླུང་དམར་འུར་འུར་ནང་ལ་ཐོན་ཐལ།།  གོམས་སྲོལ་འདྲ་མིན་བཟུང་ནས་ཐོན་ཐལ།།  ཡུལ་སྲོལ་བཟང་བོ་ཉམས་ནས་བུད་ཐལ།།  ཐན་སྲོལ་ངན་པ་དར་ནས་ཐོན་ཐལ།།  ངན་རབས་བཤད་པའི་རྒྱུ་མཚན་གཉིས་པ།།  ཁུག་མགོ་ཅིག་ཅིག་ནང་གི་བརྡུང་རབས།།  གད་པ་མིག་མིག་ཐོག་གི་ལྡིང་ཚུལ།།  དཀྱོགས་མཚམས་འདི་ནས་ཡར་རབས་འཕུར་ཚུལ།།  བཀུག་མཚམས་གན་ནས་བསད་ཚུལ་བརྒྱབ་རབས།།  ངན་རབས་བཤད་པས་རྒྱུ་མཚན་གསུམ་པའོ།།

ནད་པ་སྨན་ལ་སྟོན་པ་དང་གཅིག།  རིང་ཐུང་སློབ་གྲྭར་འགྲིམ་པ་དང་གཉིས།།  ཚོང་དོན་ཕྱི་ལ་འགྲོ་བ་དང་གསུམ།།  བྱ་བ་ཆེ་ཆུང་རྫོང་བཞུར་སོགས་བཞི།།  བཟང་རབས་གླེང་བའི་རྒྱུ་མཚན་དང་བོ།།  སློབ་གསོ་ཁ་མིན་དོན་ལ་གནས་པ།།  དཔལ་འབྱོར་འཕེལ་རྒྱས་ཇེ་ཆེར་འགྲོ་བ།།  ཆབ་སྲིད་ཁ་ཕྱོགས་འཐུས་ཚང་འགྲོ་བ།།  རྨང་གཞིའི་འཚོ་བ་ཇེ་སྲར་འགྲོ་བ།།  བཟང་རབས་གླེང་བའི་རྒྱུ་མཚན་གཉིས་པ།།  དབྱར་འདམ་དགུན་དར་ལམ་ན་མེད་པས།།  འཕྲུལ་ཆས་སྣ་ཚོགས་བཀོལ་ན་བདེ་བདེ།།  ལོ་དང་ཟླ་བ་ཇི་འདྲ་འགོར་རུང་།།  འཕྲུལ་ལམ་མ་ཞིག་སྔོན་དང་འདྲ་འདྲ།།  བཟང་རབས་བཤད་པའི་རྒྱུ་མཚན་གསུམ་པ།།

༢༠༡༣-༩-༧  ཟི་ལིང་ནས།     ཀརྨ་བསམ་རྒྱས།