—-གཏེར་སྣང་བྱེད།

ཁྱོད་རང་ལམ་དུ་ཆས་པ།།

དྲ་མའི་ངོས་ལས་ཤར་སོང་།།

འཛུམ་ཁ་ཞིག་ཞིག་བུད་སོང་།།

ངུ་ཁ་ལུག་པའི་ང་རང་།།

ཞེ་ཁ་གཉོམ་པའི་ང་རང་།།

དགུན་ཁ་འདི་ལ་ལུས་སོང་།།

དྲ་མའི་ངོས་སུ་བཞུར་བའི།།

ཕ་གིའི་རི་ལམ་དེ་ནས།།

ཁྱོད་རང་ཡིན་ཡིན་འདྲ་ཞིག།

སྣང་བ་ཡིན་ཡིན་འདྲ་ཞིག།

མིག་ལ་ཤར་ནས་བུད་སོང་།།

སྙིང་ལ་བབས་ནས་བུད་སོང་།།

དགུན་ཁངས་འདབ་མ་དཀར་བོ།།

གློ་རྡེག་མདུན་ལ་བབས་སོང་།།།

གློ་རྡེག་རྒྱབ་ལ་འཐོར་སོང་།།

ཟིན་མེད་ཚོར་བ་ལྗང་ཁུ།།

དེ་ནས་དེ་ལྟར་ཤར་བྱུང་།།

འདི་ནས་འདི་ལྟར་མྱོང་སོང་།།

ཁྱོད་རང་ཡོད་ཡོད་བསམ་སྟེ།།

མྱ་ངན་བྱེ་མའི་ཐང་ལ།།

མཛེས་པའི་མེ་ཏོག་བཙུགས་ཡོད།།

མེ་ཏོག་པད་མ་རེ་རེ།།

ཡོངས་སུ་སེམས་སུ་བཙུགས་ཡོད།།

ཡོངས་སུ་མིག་གིས་འཚོས་ཡོད།།

གློ་རྡེག་སེམས་ལ་ལྡང་བ།།

བསིལ་བ་རླུང་བུ་རྒོད་པོ།།

སྐྱོ་བ་རི་ལ་ཁུར་བྱུང་།།

ཚོར་བ་མཚོ་ལ་བབས་བྱུང་།།

ང་ཡི་ན་ཟུག་ནག་པོ།།

ད་ནི་ཅིག་ལ་མཆེད་སོང་།།