རྫོགས་ཚིག

བོད་ལྗོངས་ན་མཇལ་བ་མང་ངོ་།།
མཇལ་བ་རེའི་རྗེས་ན་གྲིབ་མ་ལྗང་ཁུ་རེ་ཡོད་དོ།།
གྲིབ་མ་རེ་ལ་རྭ་ཅོ་ཆ་རེ་ལྡན་ནོ།།
རྭ་ཅོའི་རྩེ་ན་མེ་སྟག་འཚུབ་བོ།།
བོད་ལྗོངས་ན་ཇོ་ཤཱཀ་རྣམ་གཉིས་བཞུགས་སོ།།
ཇོ་བོའི་གསེར་ཞལ་མ་མཇལ་གོང་ལ།
པོ་ཏ་ལའི་སྟེང་གི་ཉི་མ་དམར་བོ་དེ་མིག་ལ་འཚེར་རོ།།
བོད་ལྗོངས་ནི་ཉི་མར་ཁ་ཐག་ཆེས་ཉེའོ།།
ཉི་མའི་གྲོང་དུ་དེབ་ཐེར་གྱི་དབུ་ཁྱུད་བྲིས་སོ།།
གཟི་རིང་གཟི་ཐུང་གི་ཕྲ་རྒྱན་སྙིང་དུ་སྡུག་གོ།
གཟི་ལ་མིག་དགུ་དང་རི་མོ་ཕབ་ཚུལ་གསལ་ལོ།།
མིག་དང་བོའི་ནང་ན་ལྷ་ཀླུ་དགའ་ཚལ་ཡོད་དོ།།
མིག་དགུ་བའི་ནང་ན་ནོར་བུ་གླིང་ག་ཡོད་དོ།།
བོད་ལྗོངས་ན་ནོར་བུ་གླིང་ག་ཡོད་དོ།།

2014/10/18

རང་ལ་སྨྲས་པ།

རྒྱ་ཕིབས་འོག་གི་ཕུག་རོན་ཚོས།
ཕུག་སྐྱག་ཡིད་ཚིམས་པ་ཞིག་བཏང་ནས།
ཁྱོད་ཀྱི་ལྷ་ཁང་བརྫད་རྗེས་མགྲིན་གླུ་ཐར་ཐོར་ལེན།

སྙིང་གི་སྐར་མ་རབ་རིབ་དེ་ཚོ།
སྒྱུ་མའི་ཐ་གུ་ཁྲ་བོ་དེར་བརྒྱུས་ནས།
ཁྱོད་ཀྱི་ཚེ་རབས་ཀྱི་དཀྱིལ་འཁོར་དབུས་སུ།
བརྩེ་བའི་འཛུམ་ཞལ་སྒོར་སྒོར་གྱིས་མངོན་པའི།
ལྷ་དང་ལྷ་མོར་དབུལ་དགོས་པ་ཡིན་ནམ།

ཁྱོད་ལ་རི་མོ་བྲི་བའི་བློ་གྲོས་མེད་ནའང་།
ཚོན་ཁ་སྣ་ཚོགས་བསྡེབས་ནས་བློས་བསླངས་བྱེད་ཆོག

སྙིང་དུ་སྡུག་པའི་ལྷ་ཁང་དེ་ནག་ནོག་བཟོས་ཀྱང་།
སྐར་མའི་ཚོགས་ཐ་གུར་བརྒྱུ་ཐབས་མེད་ཀྱང་།
རང་ཉིད་རི་མོ་ཞིག་གི་ཆ་ཤས་ཙམ་དུའང་འགྱུར་མི་སྲིད་ནའང་།
ཁྱོད་ལ་ཁག་མི་འདུག་ཙམ་ཡང་ཟེར་མི་ཆོོག་པ་ཡིན་ནམ།

2014/10/15
image