—-/ལམ་འཚོལ།

དུས་ཀྱི་འཁོར་ལོ་དལ་གྱིས་འཁོར་བའི་ཁྲོད།།
དགུན་གསུམ་ཁ་བའི་གྲང་ལྷག་རྒྱབ་དུ་བཞུད།།
དཔྱིད་དཔལ་བུ་མོའི་ལང་ཚོ་སྨིན་པ་ཡིས།།
ཡོད་ཚད་གསོན་ཞིང་ཐམས་ཅད་ཚེ་སྲོག་རྒྱས།།

ཁུ་བྱུག་རོལ་དབྱངས་གནས་འདིར་སྒྲོག་ལ་ཉེ།།
དབྱར་གསུམ་སྟག་ཤར་གཞོན་ནུ་ཕེབས་ལ་ཉེ།།
ཞིང་འབྲོག་མངས་ཚོཊ་རི་སྒང་འགྲིམ་ལ་ཉེ།།
ཐམས་ཅད་དབྱར་རྩྭའི་དོན་དུ་སྨྱོ་ལ་ཉེ།།

ལ་ལུང་བརྒྱུད་དེ་རྒྱུས་མེད་གྲོགས་དང་འགྲོག །
གང་སར་འགྲིམ་སྟེ་ངེས་མེད་གཞན་ཡུལ་བསྙེག།
དབྱར་རྩྭ་འཚོལ་ཞིང་ཚེ་རོཊ་འཚོལ་མཁན་ཚོ།།
སྒོར་མོ་འཚོལ་བའི་སྨད་འཚོང་མ་བརྟེན་རོཊ།།

སྨད་འཚོང་སྨད་འཚོང་མ་ཡིན་ནད་འཚོང་ཡིན།།
ནད་ངན་ཨེ་ཛི་འཚོང་བའི་ཚོང་་བ་ཞིག །
ཁོ་ཚོས་འདོད་པ་སྒོར་མོ་ཁོ་ན་ལས།།
བདེ་བ་མིན་ལ་བརྩེ་དུང་ག་ལ་ཡིན།།

ཕོ་མོའི་བར་གྱི་མཛའ་དུང་སུ་ལ་མཁོ།།
ལུས་ཕུང་འཕྲོད་བརྟེན་བདེ་ཐང་དེ་བས་མཁོ།།
སུ་དང་གང་ལ་གཤིབ་འགྲོས་བྱེད་པའི་ཚེ།།
སྐྱེས་གཟུཊ་ལང་ཚོ་འདི་ལ་བདག་པོ་མཛོད།།

འཁྲིག་སྤྱོད་མ་བརྟེན་ཐབས་ཟད་འུ་ཐུག་ཚེ།།
མཚན་མ་སོགས་ལ་དབྱེ་ཞིབ་ཕྲ་མོ་མཛོད།།
སྦྲུམ་འགོག་འགྱིག་ཤུབ་ནད་འགོག་སྨན་ཡང་ཡིན།།
ཡལ་བར་མ་དོར་རྒྱུན་དུ་ལུས་ལ་ཆོངས།།

ཕོ་གསར་མོ་གསར་ཨ་གསར་ཆེ་དྲག་པས།།
གཅིག་གི་ཅ་ལག་གཅིག་གིས་བཀོལ་མོད་ཀྱང་།།
གཉེན་དང་ཉེ་རིང་ཟེར་བའི་ཞེན་ཆགས་ལ།།
ཨེ་ཛི་ནད་ཀྱིས་དམིགས་བསལ་ཡོད་མ་ཡིན།།

རང་ལུས་བདག་གཅེས་འདོད་ན་སྲུང་ཤུབ་གྱོན།།
གཞན་ལུས་འཕྲོ་བརླག་མ་གཏོང་སྲུང་ཤུབ་གྱོན།།
རང་སེམས་འགྱོད་མེད་འདོད་ན་སྲུང་ཤུབ་རྟེན།།
གཞན་སེམས་དཀྲིག་འདོན་མེད་ན་སྲུང་ཤུབ་རྟེན།།༠

མི་ལུས་རིན་ཆེན་ཉོ་རུ་མི་བཏུབ་པས།།
མི་ཚོགས་ཁྲོད་ནས་མི་བརླག་དམ་བཅའ་བྱོས།།
མི་ཡུལ་ལན་གཅིག་སླེབས་པའི་ཉི་མ་འདིར།།
མི་ལ་ཡིད་ཆེས་རྐྱང་བས་འགྲོ་ཐབས་དཀའ།།

གསེར་སོ་དངུལ་སོ་ཤན་པའི་ཁེ་ལས་པ།།
རི་མཐོ་ལུང་ཟབ་ཉུལ་ནས་སྒོ་དྲུང་སླེབས།།
བྱམས་དང་སྙིང་རྗེ་ཆེ་བས་ཅི་ལ་ཡིན།།
ནད་ངན་ནང་འདྲེན་བྱེད་པའི་གཤེད་མ་ཡིན།།

དུང་སོ་སུམ་ཅུར་གསར་བརྗེ་སྤེལ་བའི་ཚེ།།
ཨེ་ཛིའི་རིམས་ནད་དམག་ལ་འོངས་སྲིད་པས།།
རང་ལུས་ཡིད་བཞིན་ནོར་བུ་གཞོམ་གྱུར་ན།།
ཡ་སོ་མ་སོ་མཛེས་པས་ཅི་ལ་ཕན།།

རྫ་རི་སྤང་རི་གཏེར་གྱི་རི་བོ་སྟེ།།
གསེར་དངུལ་ཟངས་ལྕཊ་སྦྲུམ་པའི་བླ་རི་ཡིན།།
དབྱར་རྩྭ་སྨན་རྩྭ་སྐྱེས་སའི་འཁོར་ཡུག་སྟེ།།
ཕྱི་ནང་སློག་ནས་ཐམས་ཅད་གཞན་ལ་བཙོང།།

སྣོད་བཅུད་མཐུན་སྒྲིལ་འཇིག་རྟེན་བདེ་བའི་རྒྱུ།།
འཁོར་ཡུག་གཏོར་བརླག་ནད་འཁྲུགས་མུ་གེའི་རྒྱུ།།
མིག་རྒྱང་ཐུང་ཐུང་མི་རབས་ཕྱི་མའི་དགྲ།།
སེམས་རྒྱ་ཆུང་ཆུང་མི་རབས་འདི་ཡི་དགྲ།།

རྨ་འབྲི་རྫ་གསུམ་དབྱར་རྩྭའི་འབྱུང་ཁུངས་རེད།།
རྒྱ་བོད་ཧོར་གསུམ་འདུས་པའི་གྲོང་ཁྱེར་རེད།།
འཁོན་འཛིང་སྣོག་གསུམ་བྱེད་སའི་གཡུལ་ས་རེད།།
མདོ་དབུས་ཁམས་གསུམ་ནང་དམེ་བྱེད་ས་རེད།།

དབྱར་རྩྭ་ཕམ་ཚོང་བྱེད་པའི་བོད་མི་མང་།།
སྨན་རྩྭ་སྡེབ་ཚོང་བྱེད་པའི་རྒྱ་མི་མང་།།
ས་རྩོད་ནང་འཁྲུག་བྱེད་པའི་དཔའ་རྟུལ་མང་།།
སེམས་རྩ་གྱོད་ལ་འཁོར་བའི་རྒན་པ་མང་།།

འབྲོག་པས་འབྲོག་ལས་དོར་ནས་དབྱར་རྩྭ་འཚོལ།།
རོང་པས་ཁྱིམ་ལས་བསྐྱུར་ནས་སྨན་རྩྭ་རྐོ།།
སློབ་མས་སློབ་སྦྱོང་བཞག་ཏེ་དབྱར་རྩྭ་དྲན།།
གྲྭ་པས་གྲྭ་ཆས་ཕུད་དེ་དབྱར་རྩྭ་བསྒོམ།།

བོད་ཀྱི་འཚོ་བ་དབྱར་རྩྭ་དགུན་འབུ་རེད།།
བོད་ཀྱི་འཚོ་བ་ཚེ་ཐག་ཐུང་ཐུང་རེད།།
བོད་ཀྱི་འཚོ་བ་སྨན་རྩྭ་ཕར་འཚོང་རེད།།
བོད་ཀྱི་འཚོ་བ་ནད་ངན་ཕྱིར་ཉོ་རེད།།

བོད་ཀྱིས་དབྱར་རྩྭ་བརྐོས་ཏེ་བཙོང་ངོ་སྙམ།།
དབྱར་རྩྭས་བོད་པ་བརྐོས་ནས་བཙོང་གི་ཡོད།།
ས་གླ་བླངས་པས་ཁེ་བཟང་འཐོབ་བོ་སྙམ།།
སྨན་རྩྭ་ཁྱེར་ནས་ཕམ་ཁ་ཐོབ་མེད་དམ།།

དབྱར་རྩྭ་སྨན་རྩྭ་ཡིན་ཞེས་ཡོངས་སུ་གྲགས།།
འཁོར་ཡུག་བརླག་པའི་རྡུལ་མཚོན་མ་ཡིན་ནམ།།
དབྱར་རྩྭ་རྒྱུ་རྩ་ཆེ་ཞེས་ཀུན་གྱིས་བཤད།།
སྲོག་རྩ་གཅོད་པའི་མཚོན་དུ་ཁོ་བོས་སྨྲ།།

ཐམས་ཅད་འདི་ལྟར་ཡིན་པར་མ་ངེས་ཀྱང་།།
ཕལ་ཆེར་འདི་འདྲ་ཡིན་པས་དོགས་ཟོན་བྱོས།།
སྐྱོན་བརྗོད་མཚང་འབྲི་འདོད་པའི་ལྟ་བ་མེད།།
ཁ་ཡག་ངོ་བསྟོད་བཤད་པའི་འདུན་པ་མེད།།

མདོར་ན་དབུལ་ཕྱུག་གཉིས་ཀར་དབྱེ་བ་མེད།།
བཙན་གཉོམ་མཐོ་དམན་སོགས་ལ་ཁྱད་པར་མེད།།
ཐམས་ཅད་རྒྱུ་ཡི་དོན་དུ་རྒྱུགས་འདོད་ཀྱང་།།
ཡོད་ཚད་རྒྱུ་ཡིས་མི་ནུས་དྲན་པར་གྱིས།།

2014—4—22ཉིན་ཀུན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་སླེབས་འདུག་ཅེས་འུར་གཏམ་སྤེལ་པས་ངས་ཀྱང་འདི་ནས་དྲན་གསོ་ཙམ་བྱས་པ་ཡིན།