རྩོམ་པ་པོ་པད་མ་འབུམ།   ཡིག་སྒྱུར་བ། སྐལ་བཟང་ཉི་མ།   ཞུ་དག་པ། པད་མ་འབུམ།

གཅིག སྙན་རྩོམ་རིགས་འདིའི་མིང་།

“མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་།” གི་ནང་དུ། ངས་སྙན་ངག་གི་རྩོམ་ལུགས་འདི་ལ་སྐབས་དེར་ད་དུང་གཅིག་གྱུར་གྱི་མིང་ཞིག་ཀྱང་མེད་ཅེས་བརྗོད་ཡོད། ངས་རྩོམ་དེ་འབྲི་བཞིན་པའི་གནས་སྐབས་དེ་ལ་སེམས་ལ་དྲན་པའི་མིང་གསུམ་དྲ ས་ཡོད་པ་ནི། སྙན་རྩོམ་གསར་པ་དང་། རང་མོས་སྙན་ངག དེང་རབས་སྙན་ངག་ཅེས་པ་གསུམ་ཡིན། དེ་ནས་ད་བར་དུ་ཕལ་ཆེར་ལོ་བཅོ་ལྔ་ཙམ་འགྲོ་བཞིན་ཡོད་པའི་སྐབས་འདིར། གོང་གི་མིང་གི་རྣམ་གྲངས་དེ་དག་གི་ཐོག་ལ་ད་དུང་ ” གྲོལ་བའི་སྙན་ངག ” ་དང་། ” མ་བཅིངས་པའི་སྙན་ངག ” ” རྐང་བས་མ་བཅད་པའི་སྙན་ངག ” ཟེར་བ་ལྟ་བུའི་མིང་གི་རྣམ་གྲངས་སྔར་ལས་ཀྱང་ཇེ་མང་དུ་སོང་ཡོད་པ་མ་གཏོགས། མིང་གཅིག་གྱུར་ཡོང་ཐུབ་མེད།མིང་གི་རྣམ་གྲངས་དེ་དག་ལས་ “དེང་རབས་སྙན་ངག་ “ཟེར་བ་འདི་མ་གཏོགས་གཞན་པ་ཚང་མ་སྙན་རྩོམ་གྱི་ཚིག་རྐང་སྒྲིག་སྟངས་ལ་རང་དབང་ཆེ་བ་དེ་གཙོ་བོར་བཟུང་ནས་བཏགས་ཡོད། མིང་དེ་དག་ལ་རང་རང་གི་རྒྱུ་མཚན་ཅི་ཡོད་ལ་མ་ལྟོས་པར། བོད་པ་མང་པོའི་ངག་ཐོག་ལ་ “རང་མོས་སྙན་ངག་ ” ཟེར་བ་འདི་འབྱམས་བཞིན་ཡོད་པས། ཐ་སྙད་འདིའི་ཡོང་སྟངས་དང་། འདི་འབྱམས་སྟོབས་ཆེ་བའི་རྒྱུ་མཚན་ནི་འཚོལ་ཞིབ་བྱེད་རིན་ཡོད་པ་ཞིག་ཡིན།” རང་མོས་སྙན་ངག་ ” ནི་རྒྱ་སྐ ད་ཀྱི་ 自由诗(zi you shi) ཟེར་བ་འདི་ཐད་སྒྱུར་ བྱ ས་པ་ སྟེ། “zi you” ནི་ ” རང་མོས་ ” ཡིན་ལ་ “shi” ནི་ ” སྙ ན་ངག ” ཡིན། ཡིན་ན་ཡང་ “རང་མོས་” ནི་བོད་བརྡ་རྣལ་མ་ཞིག་མིན། མིང་འདི་དགེ་བཤེས་ཆོས་ཀྱི་གྲགས་པས་མཛད་པའི་བརྡ་དག་མིང་ཚིག་གསལ་པའི་ནང་དུ་མེད་ལ། ཐ་ན་ཐ་སྙད་འདི་དར་ཁྱབ་བྱུང་ནས་ལོ་ངོ་བཅུ་ལྷག་གི་རྗེས་ཏེ། རིག་གནས་གསར་བརྗེའི་སྐབས་རང་ལ་བསྒྲིགས་པའི་དག་ཡིག་གསར་བསྒྲིགས་ཞེས་པར་ཡང་བཀོད་མེད། ༡༩༨༥ལོར་དཔེ་སྐྲུན་བྱས་པའི་”བོད་རྒྱ་ཚིག་མཛོད་ཆེན་མོ”ཡི་ནང་དུ་”རང་མོས་”ཞེས་པ་འདི་”རང་རང་གི་འདོད་མོས།”ཞེས་པའི་སྒྲ་བཤད་དང་བཅས་ཐོག་མར་བོད་ཀྱི་ཐ་སྙད་རྣལ་མ་རྣམས་དང་དཀྱུས་གཅིག་ཏུ་བཀོད་ཡོད། སྤྱིར་བཏང་རྒྱ་སྐད་ཀྱི་ zi you ཟེར་བ་དེ་བོད་སྐད་དུ་སྒྱུར་སྐབས་སེམས་ལ་འཁོར་ཡོང་བའི་སྐད་དོད་དང་པོ་ནི་”རང་དབང་”ཡིན། ཡིན་ན་ཡང་། རྒྱ་ནག་དམར་པོའི་ལྟ་བ་དང་འཛིན་སྐྱོང་གི་རྒྱ་སྐད་ཐ་སྙད་རྣམས་ཐེངས་དང་པོར་རྒྱ་བོད་ཚིག་མཛོད་དུ་བསྒྲིགས་ཏེ་ ༡༩༥༤ལོར་དཔེ་སྐྲུན་བྱས་པའི་”ཐ་སྙད་གསར་བསྒྲིགས། ” དེབ་དང་པོའི་ནང་དུ་རང་མོས་ཞེས་པ་འདི་རྒྱ་སྐད་ཀྱི་ zi you གི་སྐད་དོད་དུ་རང་དབང་དང་མཉམ་དུ་བདམ་ངའི་ཚུལ་དུ་བྱུང་ཡོད། ༡༩༦༠ལོར་དཔེ་སྐྲུན་བྱས་པའི་བོད་ཡིག་གི་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དེབ་གཉིས་པའི་ནང་ན་ ” རང་མོས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།”ཟེར་བའི་རྩོམ་ཞིག་ཡོད་ལ། དེ་ནི་རྒྱ་ཡིག་གི་反对自由主义 (fan-dui zi-you zhu yi)དེ་བསྒྱུར་ནས་བྱུང་བ་ཡིན། གཅིག་བྱས་ན་ཡིག་སྒྱུར་བ་དེས་”རང་མོས་”ཞེས་པའི་ཐ་སྙད་སྦྱར་ནས་མའོ་ཙེ་ཏུང་གིས་ངོ་རྒོལ་བྱེད་པའི་རང་དབང་ནི་ས་པཎ་གྱི་”རང་དབང་ཐམས་ཅད་བདེ་བ་སྟེ། གཞན་དབང་ཐམས་ཅད་སྡུག་བསྔལ་ལོ།”ཟེར་བ་ལྟ་བུའི་བོད་པ་རྣམས་ཀྱི་སེམས་ངོ་ན་ཡོད་པའི་རང་དབང་དེ་ལ་ངོ་རྒོལ་བྱེད་མ་འདོད་པ་ཡིན་ནམ། མའོ་ཙེ་ཏུང་གི་”རང་མོས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།”ཟེར་བ་རྒྱ་ནག་དང་བོད་ཁམས་ཡོངས་སུ་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་བ་དེ་དག་རེ་རེའི་སྐབས་སུ་ཡི་གེ་ཤེས་མི་ཤེས་ཚང་མས་ངེས་པར་དུ་སློབ་སྦྱོང་ལན་མང་དུ་བྱེད་དགོས་པའི་རྩོམ་ཡིག་ཅིག་ཡིན། འདིར་ངས་ལོ་རབས་བདུན་ཅུའི་ནང་ལ་ང་རང་ལ་འཕྲད་ཅིང་། “རང་མོས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།”ཟེར་བའི་རྩོམ་འདི་དང་འབྲེལ་བ་ཡོད་པའི་དོན་དག་ཅིག་དྲན་གསོ་བྱས་ན། རྩོམ་ཡིག་འདི་བོད་མིའི་རྣ་ལམ་དུ་དར་ཁྱབ་ཅི་ཙམ་བྱུང་བ་ཤེས་པ་ཕན་ཐོགས་ཆེ། དེ་ནི་གཅིག་དགུ་བདུན་ཅུ་དོན་བཞིའམ་དོན་ལྔ་ལོར་ཡིན། ངས་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་ཟེར་བ་དེར་དགེ་རྒན་གྱི་ལས་ཀ་བྱེད་བཞིན་ཡོད། རིག་གནས་གསར་བརྗེ་ལངས་ནས་བཟུང་། སློབ་གྲྭའི་ནང་དུ་སྐབས་འགར་བཅིངས་འགྲོལ་དམག་མི་དང་། སྐབས་འགར་བཟོ་བ། སྐབས་འགར་འབྲོག་པ་དབུལ་བོའི་སྐུ་ཚབ་གཏན་སྡོད་ཀྱིས་སློབ་གྲྭའི་འཛིན་སྐྱོང་དོ་དམ་ལ་ཇུས་གཏོགས་བྱེད་པའི་དུས་ཤིག་བྱུང་། གོང་གསལ་གྱི་ལོ་དེ་ལ་ང་ཚོའི་སློབ་གྲྭར་འབྲོག་པ་དབུལ་པོའི་སྐུ་ཚབ་གཉིས་གཏན་སྡོད་བྱས་ཡོད་ལས་གཅིག་ནི་ལོ་གྲངས་བདུན་ཅུ་ལྷག་ཡིན་ལ། ཡིག་ངོ་གཏན་ནས་མི་ཆོད་ཀྱང་མའོ་ཙེ་ཏུང་གི་གསུང་རྩོམ་ལ་གོ་སྟོབས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན། སྐབས་དེ་ལ་ཆབ་སྲིད་ཀྱི་ལས་འགུལ་མང་ལ་ཆབ་སྲིད་ཀྱི་སློབ་སྦྱོང་ཡང་ཧ་ཅང་མང་། བར་སྐབས་ཤིག་ལ་སློབ་གྲྭ་དེའི་དགེ་རྒན་སློབ་མ་ཡོངས་རྫོགས་ནས་”རང་མོས་རང་ལུགས་ལ་ངོ་རྒོལ་བྱེད་དགོས།”ཟེར་བ་དེ་སློབ་སྦྱོང་དགོས་བྱུང་། ཐེངས་ཤིག་འབྲོག་དབུལ་གྱི་སྐུ་ཚབ་དེ་དང་ངེད་གཉིས་སློབ་མ་རྣམས་ལ་རྩོམ་ཡིག་དེ་ཀློག་འདོན་དང་ཚིག་འགྲེལ་བྱེད་དུ་སོང་། ངས་སྔོན་མ་རྩོམ་ཡིག་འདི་ལས་ཚན་པ་འགའ་རེ་མའོ་ཀྲུའུ་ཞིའི་གསུང་བཏུས་ཞེས་པའི་དེབ་ཆུང་དེ་ལས་ཐོས་གོམས་སུ་ཡང་ཡང་སོང་ཡོད། དེ་ཙམ་མ་གཏོགས་རྩོམ་ཡིག་སྤྱི་ཁོག་ལ་རྒྱུས་དེ་འདྲ་མེད།ངས་རྩོམ་ཡིག་དེ་སློབ་མ་རྣམས་ལ་ཀློག་ཚར་བ་ན་དེའི་སྤྱི་ཁོག་འགྲེལ་བཤད་རྒྱག་མཁན་ནི་ང་མ་ཡིན་པར་འབྲོག་པ་དབུལ་པོའི་སྐུ་ཚབ་དེ་ཡིན། ཁོས་རྩོམ་ཡིག་དེའི་སྤྱི་ཁོག་དོན་ཚན་བཞི་སྟེ། གསར་བརྗེའི་དཔུང་སྡེའི་ནང་གི་རང་མོས་རང་ལུགས་ཀྱི་འབྱུང་རྩ་དང་། གསར་བརྗེའི་དཔུང་སྡེའི་ནང་ལ་རང་མོས་རིང་ལུགས་ཀྱི་མངོན་སྟངས། གསར་བརྗེའི་དཔུང་སྡེའི་ནང་ལ་རང་མོས་རིང་ལུགས་ཀྱི་གནོད་སྐྱོན། གསར་རྗེའི་དཔུང་སྡེའི་ནང་གི་རང་མོས་རིང་ལུགས་ཀྱི་གེགས་སྐྱོན་སེལ་ཐབས་བཅས་སུ་ཕྱེ་ནས་བཤད་སོང་། ཁོས་ཡིག་ངོ་མི་ཆོད་པར་རྩོམ་ཡིག་དེ་ལ་འགྲེལ་བཤད་དེ་འདྲའི་རིམ་པ་གསལ་ཞིང་སྔ་ཕྱི་འབྲེལ་ཆགས་པ་ཞིག་བརྒྱབ་པ་ལ་ང་རང་ཧང་སངས་དགོས་བྱུང་། རིག་གནས་གསར་བརྗེ་ཚུན་ལ་ཆབ་སྲིད་ཀྱི་སློབ་སྦྱོང་དང་མའོ་ཙེ་ཏུང་གི་རྩོམ་ལ་སློབ་སྦྱོང་བྱེད་པ་ཧ་ཅང་མང་ཡང་། དམིགས་བསལ་གྱིས་”རང་མོས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།”ཟེར་བའི་རྩོམ་དེ་ཡིག་ངོ་མི་ཆོད་པའི་མི་རྣམས་ཀྱིས་འགྲེལ་བཤད་དེ་འདྲའི་ཚད་མཐོན་པོ་རྒྱག་ཐུབ་པའི་ཚད་དུ་སློབ་སྦྱོང་བྱས་པ་ནི་བྱུང་མེད། ད་ལྟ་བསམ་བློ་བཏང་ན་རིག་གནས་གསར་བརྗེའི་སྔོན་ལ་ང་རང་ཆུང་ནས་མི་ཤེས་པའི་སྐབས་ཤིག་ལ་རྩོམ་ཡིག་དེ་སློབ་སྦྱོང་བྱེད་པའི་ལས་འགུལ་ཤུགས་ཆེན་ཞིག་བྱུང་ཡོད་པ་འདྲ། ངས་སྐབས་དེའི་ཡར་སྔོན་ལ་རྩོམ་ཡིག་འདི་ཆ་ཚང་ཞིག་ཀློག་པ་མི་དྲན་ན་ཡང་རྩོམ་མིང་ལན་མང་དུ་ཐོས་མྱོང་། གོང་གི་ཡིག་ངོ་མི་ཆོད་པའི་རྒད་པོ་དེས་རྩོམ་ཡིག་དེ་ལ་འགྲེལ་བཤད་དེ་ལྟར་རྒྱག་ཐུབ་པ་ནི་ཡིག་ངོ་ཆོད་མཁན་རྣམས་ཀྱིས་དུས་ཚོད་གང་ཞིག་ལ་རྩོམ་ཡིག་དེ་ཡང་དང་ཡང་དུ་བཀླགས་པ་དང་། ཡང་དང་ཡང་དུ་འགྲེལ་བཤད་བརྒྱབ་ནས་བྱུང་བ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན། དེས་ན་”རང་མོས་”ཞེས་པའི་མིང་འདི་རིག་གནས་གསར་བརྗེའི་སྔོན་གྱི་དུས་ཚོད་གང་ཞིག་ལ་བོད་པའི་ཤེས་ཡོན་ཅན་གྱི་ཁྲོད་དུ་ཉན་གོམས་དང་བཤད་གོམས་སུ་སོང་ཡོད་པ་ཡང་རང་བཞིན་ཅན་ཞིག་ཡིན། “རང་མོས་སྙན་ངག་”ཅེས་པའི་མིང་འདི་བོད་པའི་ཁྲོད་དུ་གོང་འཁོད་ཀྱི་མིང་གཞན་པ་རྣམས་ལས་དེང་སང་དར་ཁྱབ་ཆེ་བ་ཡང་། “རང་མོས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།”ཞེས་པ་སློབ་སྦྱོང་གིས་”རང་མོས་”ཞེས་པའི་མིང་འདི་བོད་པའི་ཁྲོད་དུ་ཁྱབ་བརྡལ་དུ་སོང་དེའི་རྐྱེན་ཡིན་ལས་ཆེ། ༡༩༩༢ ལོའི་ཟླ་༩བར་ངས་དབྱི་ཏ་ལི་ཡི་ཨར་ཆི་ཌོ་སོ་(Archidosso)ཞེས་པ་ལ་ “རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་གྲོས་དཔྱོད་ཚོགས་འདུ་ཐེངས་གཉིས་པ།”ཞེས་པའི་ཚོགས་འདུ་དེའི་ཐོག་ལ་”མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་”ཞེས་པའི་རྩོམ་དེ་སྒྲོག་སྦྱངས་བྱས་རྗེས། ཚོགས་ཞུགས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་ཀྱང་སྙན་རྩོམ་གསར་པ་དེ་རིགས་ལ་ “རང་མོས་སྙན་ངག་”ཅེས་འབོད་འོས་པའི་དགོངས་འཆར་གནང་། རྒྱ་གར་གྱིས་གཙོས་པའི་ཕྱི་རྒྱལ་གྱི་བོད་པ་ཤེས་ཡོན་ཅན་གྱི་ངག་ཐོག་དང་ཡིག་ཐོག་གཉིས་ཀ་ནས་ “རང་མོས་” ཞེས་པ་ནི་མཐོང་ཐོས་ཧ་ཅང་དཀོན་པའི་མིང་ཞིག་ཡིན། རྒྱུ་མཚན་ནི་ཧ་ཅང་གསལ་པོ་ཡིན། ཁོང་ཚོས་མའོ་ཙེ་ཏུང་གི་ “རང་མོས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།”ཞེས་པ་དེ་སློབ་སྦྱོང་བྱེད་དགོས་པར་མ་གྱུར་པ་རེད། གལ་སྲིད་སྙན་ངག་རྩོམ་ལུགས་གསར་པ་འདི་བོད་ཡུལ་དུ་མ་དར་བའི་སྔོན་ལ་ཕྱི་རྒྱལ་གྱི་བོད་ཀྱི་སྤྱི་ཚོགས་སུ་དར་ཡོད་ན་”རང་མོས་”ཞེས་པ་འདི་དེའི་འབོད་མིང་གི་ཆ་ཤས་སུ་ཡོང་མི་སྲིད་པ་ཞིག་ཡི་རྒྱུ་རེད་སྙམ།“རང་མོས་སྙན་ངག”ཕུད་ནས་”སྙན་ངག་གསར་པ་”ཟེར་བ་དང་”དེང་རབས་སྙན་ངག”ཟེར་བའི་ཐ་སྙད་གཉིས་ཅུང་ཙམ་རྒྱུགས་ཆེ། “སྙན་ངག་གསར་པ”ནི་མི་རིགས་གཞན་གྱི་སྙན་ངག་གི་ལྟ་གྲུབ་དང་འབོད་སྟངས་ཀྱི་ཤན་མ་ཞུགས་པར། བོད་རང་གིས་གསར་རྙིང་གི་ཟླས་ཕྱེ་བའི་འབོད་མིང་ཙམ་ཡིན། མ་འོངས་པར་སྙན་ངག་རྩོམ་ལུས་གསར་པ་གཞན་པ་ཞིག་བྱུང་ན་ཡང་འབོད་སྟངས་དེ་སྐྱར་ཟློས་བྱེད་སྲིད་པ་ཞིག་ཡིན་སྟབས། འདི་ནི་ད་ལྟའི་དུས་སྐབས་ཀྱི་སྙན་ངག་རྩོམ་ལུགས་གསར་པ་གཅིག་པོ་ལ་དབང་མི་འོས་པའི་འབོད་མིང་ཞིག་ཡིན།

གཉིས། བོད་པ་གྲྭ་པ་དང་བུད་མེད་ཀྱིས་བྲིས་པའི་སྙན་ངག

ངས་མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་བྲིས་ཚུན་ལ་བུད་མེད་དང་སེར་མོ་པའི་སྙན་ངག་གསར་པ་སྤེལ་མཁན་གྱི་གྲངས་ཀ་མང་འཕེལ་བྱུང་ཡོད་པ་དེ་བོད་ཀྱི་སྙན་ངག་པའི་སྡེ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཞིག་ཡིན། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་སྔོན་ལ་བོད་ཀྱི་རྩོམ་པ་པོའི་ཁྲོད་དུ་མདོ་མཁར་ཚེ་རིང་དབང་རྒྱལ་(༡༦༩༧_༡༧༦༣)དང་རྡོ་རྗེ་རྒྱལ་པོ་(b.༡༩༡༣)ལྟ་བུ་རྩོམ་པ་པོ་སྐྱ་བོ་འགའ་རེ་བྱུང་ན་ཡང་། རྩོམ་པ་པོ་བྱིངས་གྲྭ་པའམ་ཆོས་པ་ཡིན། ལོ་རབས་བདུན་ཅུའི་སྔོན་ལ་ང་ཚོ་བོད་ལ་སྐྱ་བོའི་རྩོམ་པ་པོའི་སྡེ་ཞིག་གྲུབ་མེད་ཅེས་ན་ཆོག ཡིན་ན་ཡང་ལོ་རབས་བརྒྱད་ཅུའི་ནང་ལ་དོན་གྲུབ་རྒྱལ་གྱི་ “ལང་ཚོའི་རྦབ་ཆུ་”སྤེལ་ནས་ལོ་ཤས་ཀྱི་ནང་ལ་བོད་པའི་རང་མོས་སྙན་ངག་གི་སྡེ་སྡེ་ཆེན་ཞིག་བྱུང་བའི་ཐོག་མའི་དུས་སུ་གྲྭ་པའམ་ཆོས་པའི་སྙན་ངག་མཁན་མཐོང་རྒྱུ་མེད། དེ་དུས་གྲྭ་པའི་ཁྲོད་ན་ཚིགས་བཅད་སྙན་ངག་འབྲི་མཁན་ཙམ་དུ་མ་ཟད། སྐབས་དེའི་བོད་ཀྱི་རྩོམ་རིག་སླར་གསོ་ནུས་པ་ཐོན་མཁན་མཁས་པ་རྒན་པ་ཚེ་ཏན་ཞབས་དྲུང་(༡༩༡༠-༨༥)དང་དམུ་དགེ་བསམ་གཏན་(༡༩༢༣།༤-༩༣)། འཇིགས་མེད་ཐེག་མཆོག་ལྟ་བུ་ཉུང་ཤས་ཤིག་བྱུང་ཡོད། ཡིན་ན་ཡང་དེ་དག་གིས་སྲོལ་རྒྱུན་གྱི་རྩོམ་ལུགས་ལྟར་ཚིགས་བཅད་སྙན་ངག་བྲིས་ཡོད་པ་མ་གཏོགས་རང་མོས་སྙན་ངག་བྲིས་མེད། དོར་ཞི་སྤྲུལ་སྐུ་གདོང་དྲུག་སྙེམས་པའི་བློ་ལྡན་ལགས་ལྟ་བུའི་མཁས་པ་རེ་ཟུང་གིས་རང་མོས་སྙན་ངག་ལ་བོད་རང་གི་རྩོམ་ལུགས་རྣལ་མ་མིན་པའི་སྐྱོན་བརྗོད་ཀྱང་གནང་ཡོད། སྤྱིར་བཏང་དུས་རབས་གོང་མའི་ནང་ལ་བོད་ཀྱི་རྩོམ་རིག་གསར་བ་འགོ་རྩོམ་པའི་སྐབས་ལ། གོང་གསལ་གྱི་མཁས་པ་དེ་ཚོ་འགའ་རེ་མ་གཏོགས་སེར་མོ་བའམ་ཆོས་པའི་རྩོམ་པ་པོའི་གྲངས་ཀ་ཧ་ཅང་ཉུང་། བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ཐོག་ལ་སེར་མོ་བའི་རྩོམ་པ་པོའི་སྡེ་ལ་དུས་སྐབས་འདི་ལྟ་བུའི་ཁུ་སིམ་པོའི་དུས་སྐབས་ཤིག་བྱུང་བ་མཐོང་དཀའ།སྐབས་དེའི་ཁུ་སིམ་པོ་ནི་གནས་སྐབས་ཡིན་པ་ལས་ཡུན་རིང་གི་མིན། གནས་སྐབས་ཀྱི་ཁུ་སིམ་པའི་དུས་ཡུན་དེའི་རིང་ལ་ལོ་རྒྱུས་ཀྱི་དུས་རབས་གང་ཞིག་ལས་ཀྱང་རྒོད་བག་ཅན་གྱི་སེར་མོ་བའི་རྩོམ་པ་པོའི་སྡེ་ཞིག་ཡོང་རྒྱུའི་སྟ་གོན་བྱེད་བཞིན་ཡོད། དུས་སྐབས་འདིར་དགོན་པ་རྣམས་སུ་ཆོས་སྒོར་མ་ཞུགས་སྔོན་ལ་སློབ་གྲྭ་འགྲིམ་ནས་བོད་ཡིག་འབྲི་ཀློག་འཕེར་བའི་གྲྭ་པ་གསར་པའི་མི་རབས་ཤིག་འབྱུང་བཞིན་ཡོད་ལ། སྤྱི་ཚོགས་སྟེང་ལ་གློག་ཀླད་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད། སྣང་ཚུལ་འདི་གཉིས་ནི་ལོ་རབས་དགུ་བཅུའི་ནང་ནས་སེར་མོ་བའི་སྙན་ངག་པ་གསར་པའི་སྡེ་ཞིག་བྱུང་ཡོད་པ་དེའི་མཐུན་རྐྱེན་དུ་གྱུར་ཡོད། སེར་མོ་བའི་རྩོམ་པ་པོའི་སྡེ་ཞིག་ཡང་སྐྱར་བོད་ཀྱི་སྙན་ངག་གི་དོ་རའི་ནང་དུ་མངོན་པ་ན་དེའི་ཁྲོད་དུ་རང་མོས་སྙན་ངག་འབྲི་མཁན་སྐོར་ཞིག་བྱུང་ཡོད། ཁོང་ཚོ་སྐྱ་བོའི་སྡེ་ཡི་རྗེས་སུ་འབྲང་ནས་རང་མོས་སྙན་ངག་རྩོམ་འགོ་ཚུགས་པ་མ་ཟད། སྐྱ་བོའི་རྗེས་སུ་འབྲང་ནས་སྙན་ངག་གཙོ་བོར་གྱུར་བའི་རྩོམ་རིག་གི་དུས་དེབ་ཀྱང་འདོན་འགོ་བརྩམས། ༢༠༠༨ ལོ་བར་དུ་གཞུང་འབྲེལ་མ་ཡིན་ཞིང་། སྙན་རྩོམ་གཙོ་བོར་གྱུར་བའི་དུས་དེབ་བརྒྱ་དང་ལྔ་བཅུ་ཙམ་བྱུང་ཡོད་པ་ལས་མང་པོ་ཞིག་དགོན་སྡེ་ཁག་ནས་བཏོན་འདུག ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་དེ་དག་པར་འདེབས་ཀྱི་དོ་དམ་ཇེ་བཙན་ལ་བཏང་བའི་དུས་དེབ་དེ་རིགས་ཇེ་ཉུང་ལ་སོང་།རང་མོས་སྙན་ངག་འབྲི་མཁན་གྱི་སེར་མོ་བའི་སྙན་ངག་མཁན་མང་འཕེལ་བྱུང་བ་ནི་མི་གྲངས་ཀྱི་འགྱུར་བ་ཙམ་མ་ཡིན་པར་སྙན་ངག་གི་ནང་དོན་གྱི་ཐད་ལ་འགྱུར་བ་ཆེན་པོ་བྱུང་། དོན་ངེས་ཅན་ཞིག་གི་ཐོག་ནས་བོད་ཀྱི་སྙན་ངག་གི་བརྗོད་གཞི་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཞིག་བྱུང་། དེ་ནི་སེར་མོ་བའི་སྙན་ངག་པ་འདི་དག་གིས་ཁོང་ཚོའི་སྔ་རབས་པ་ནང་བཞིན་མུ་མཐུད་ནས་འཇིག་རྟེན་འཁོར་བ་ལ་སྙིང་པོ་མེད་པའི་སྐྱོ་གླུ་ལེན་མཚམས་བཞག་པ་དེ་ཡིན། ཁོང་ཚོས་སྙན་རྩོམ་སྤེལ་སྐབས་ཆོས་པའི་སྨིགས་བསལ་གྱི་སེམས་ཁམས་ཀྱིས་སྙན་རྩོམ་སྤེལ་བ་མ་ཡིན་པར་འགྲོ་བ་མི་ཡི་ཐུན་མོང་གི་སེམས་ཁམས་ཀྱིས་སྙན་རྩོམ་སྤེལ་ཡོད། དེའི་དཔེ་མཚོན་གསལ་ཤོས་ཤིག་ནི་ཕོ་མོའི་འདོད་སྲེད་ཀྱི་སྐོར་དེ་ཡིན། ཁོང་ཚོའི་སྔོན་རབས་པ་རྣམས་ཀྱིས་སྤང་བྱ་དང་དགག་བྱ། སྦ་བྱར་གྱུར་བའི་ཕོ་མོའི་འདོད་པ་དེ་ཁོང་ཚོས་འདི་ནི་མི་གཤིས་ངོ་མ་ཡིན་པར་འདོད། དཔེར་ན། ལྷ་ཆབ་སྦྱིན་པས་(ཁོང་ད་ལྟ་བཙན་བྱོལ་དུ་བཞུགས་ཡོད།)སྤྱི་ལོ་༡༩༩༩ལོར་བླ་བྲང་དགོན་པ་ནས་བྲིས་པའི་ཁོའི་སྙན་ངག་<>ཅེས་པར་འདི་ལྟར་བྲིས་ཡོད། “ཁྱོད་ཀྱིས་ལུས་ལ་ངུར་སྨུག་མནའ་བཟའ་མནབས་རུང་ ནང་སེམས་ན་ཡོད་པ་སྤྱང་ཀི་རེད་ རྒན་རབས་པ་ཚོས་རྒྱུན་དུ་དེ་ལྟར་གཤེ་རུང་ ངས་རང་གི་མི་གཤིས་ངོ་མ་འདི་བསྒྱུར་མི་འདོད་”ཅེས་བྲིས་ཡོད་ལ། ཁོ་ཚོའི་སེམས་ཀྱི་ཕོ་མོའི་བར་གྱི་འདོད་ཆགས་དེ་རྒན་རབས་པ་ཚོས་ནང་སེམས་ཀྱི་ “སྤྱང་ཀི”ལ་བརྩི་ན་ཡང་ཁོང་གིས་དེ་ནི་ “མི་གཤིས་ངོ་མ་”ལ་བརྩི། སྔོན་མ་ཡིན་ན་སེར་མོ་བ་ཞིག་ལ་མཚོན་ན་དེ་ལྟ་བུའི་རང་སེམས་ནི་རང་གནོངས་བྱེད་དགོས་པ་དང་གཞན་ལ་སྦ་དགོས་པ་ཞིག་ཡིན་ན་ཡང་འདིར་རྩོམ་པ་པོས་ “ངས་རང་གི་མི་གཤིས་ངོ་མ་འདི་བསྒྱུར་མི་འདོད།”ཅེས་ཐ་ཚིག་བསྒྲགས་ཡོད། དེང་སང་སྐྱ་སར་བབས་ཀྱང་། སྔོན་མ་སེར་མོ་བའི་སྐབས་ནས་སྙན་ངག་བྲིས་ནས་སྙན་གྲགས་རྒྱས་པའི་སྙན་ངག་པ་གཅན་རང་སད་ཀྱིས་ཁོང་ད་དུང་གྲྭ་པ་ཡིན་པའི་སྐབས་ལ་སྙན་རྩོམ་“ཆོས་འཛིན་དབང་མོ།”ཞེས་པའི་སྙན་རྩོམ་ཞིག་བརྩམས་ཡོད་པ་ཁོང་གི་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་“ལང་ཚོའི་ཞབས་རྗེས་”ཟེར་བའི་ནང་ལ་བཀོད་ཡོད། སྙན་རྩོམ་དེའི་ནང་དུ་ཆོས་འཛིན་དབང་མོ་ཟེར་བའི་བཙུན་མ་ཞིག་གི་བཙུན་མའི་འཚོ་བ་ལ་སྙན་ངག་པའི་ཚོར་བ་བརྗོད་ཡོད། སྙན་རྩོམ་འདིའི་ཚན་པ་མཐའ་མ་དེ་འདི་ལྟར་མཇུག་བསྒྲིལ་ཡོད།
སྐོམ་གདུང་གི་རྨ་ཁ་རས་དམར་གྱིས་བཏུམ་ཆོག་ཀྱང་།
ལང་ཚོའི་རྨི་ལམ་བྲང་ནས་འབུར་བ་ཁྱོད་ཀྱིས་སུ་ལའང་གསང་ཐབས་བྲལ།
ཆོས་འཛིན་དབང་མོ། གཟེབ་ཏུ་ཆུད་པའི་ཁུག་རྟ་དམར་ཆུང་མ།
གལ་ཏེ་ཁྱོད་ཀྱིས་འཆར་ཡན་ལས་འདས་པའི་བདེ་དྲོད་ཅིག་འདོད་ན།
གལ་ཏེ་ཁྱོད་ལ་སྦྲང་རྩི་ལས་མངར་བའི་བརྩེ་དུངས་ཤིག་མཁོ་ན།
སྲོལ་རྒྱུན་གྱི་ལྕགས་སྒྲོག་སྤོབས་པས་བཅད་ནས།
འཕུར་ཤོག
བརྩེ་མདངས་དང་སྦྲང་ཆར་ཤམ་ཤམ་འཇོ་བའི།
རང་དབང་གི་དབྱིངས་སུ་…..
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་“ལང་ཚོའི་ཞབས་རྗེས།”ཀྱི་རྩོམ་སྒྲིག་པས་རྩོམ་པ་པོའི་སྙན་ངག་སྐོར་ཞིག་ཕོ་མོའི་འདོད་སྲེད་སྐོར་རྗོད་ཐལ་ཆེ་སྟེ་དཔེ་དེབ་འདིའི་ནང་ལ་མ་བཏོན་སྐབས་རྩོམ་པ་པོས་བློ་ཕམ་དང་བཅས་དཔེ་དེབ་དེའི་མཇུག་གཏམ་གྱི་ཚུལ་དུ་བྲིས་པའི་མཇུག་གི་གཏམ་ཞེས་པའི་ནང་དུ་འདི་ལྟར་བརྗོད་ཡོད། “ཡིད་ཕངས་པ་ཞིག་ལ་ཐེངས་འདིར་ངའི་སྙན་ངག་གསར་བ་སྐོར་ཞིག་ལ་ བུད་མེད་ཀྱི་ཕྱོགས་བྲིས་པ་དམར་རྗེན་ཡིན་ཐལ་དྲགས་པའི་སྐྱོན་འདུག་ཟེར་ནས་རྩོམ་སྒྲིག་པས་ཟུར་དུ་ཕུད་པས་ཀློག་མཁན་རྣམ་པའི་སྤྱན་ལམ་དུ་འབུལ་མ་ཐུབ། ཡིན་ན་ཡང་ཁོ་བོས་ནི་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་རང་གཤིས་སམ་སེམས་ཁམས་ཀྱི་འགྱུར་བག་རྣལ་མ་བརྗོད་པའི་སྙན་ངག་དེ་དག་ཆེས་མཛེས་སྡུག་གི་དངོས་པོར་བརྩི་བཞིན་ཡོད་པས་ཐེངས་རྗེས་མར་ཅིས་ཀྱང་ཐབས་ལམ་གཞན་ཞིག་གི་སྒེའུ་ཁུང་བརྒྱུད་དེ་ཁྱེད་ཅག་གི་གཟིགས་མོར་འབུལ་ཁོ་ཐག་ཡིན།”ཕོ་མོའི་འདོད་སྲེད་བརྗོད་པ་ནི་གསར་དུ་བྱུང་བའི་སེར་མོ་པའི་སྙན་ངག་གི་སྡེ་ཡི་བརྗོད་བྱ་ཞིག་ཡིན་ན་ཡང་བརྗོད་བྱ་གཅིག་པོ་མིན། མཐའ་ན་བརྗོད་བྱ་མང་ཤོས་སུ་ཡང་འགྱུར་མི་ཐུབ། དོན་དངོས་སུ་སེར་མོ་བའི་སྙན་ངག་པ་ཉུང་ཤས་ཤིག་གི་བརྗོ་གཞི་ཡིན། སེར་མོ་བའི་སྡེ་ལ་ཚུད་ཚར་དུས་ཕོ་མོ་བར་གྱི་འདོད་སྲེད་ནི་བསྟེན་པ་དང་བརྗོད་པ་ཚང་མ་འཛེམ་བྱ་དང་པོ་ཡིན་དུས་དེ་རང་བཞིན་གྱིས་གྲངས་ཀ་མང་མི་ཐུབ། དེ་ལས་ཁོང་ཚོས་སྐྱ་བོའི་སྙན་ངག་པའི་སྡེ་དང་བསྡོངས་ནས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་། བོད་མི་རིགས་ཀྱི་ལས་དབང་སྐོར་བརྗོད་པའི་སྙན་སྙན་རྩོམ་ནི་མང་ཤོས་ཡིན་ལ། བརྗོད་གཞི་དེ་དག་ནི་གྲངས་ཀའི་ཆ་ནས་དགོན་སྡེ་ཞིག་གི་དུས་དེབ་ཅིག་དང་སེར་མོ་བའི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ལས་སེམས་ཁ་གང་བའི་བར་དུ་ཀློག་རྒྱུ་ཡོད། ཁོང་ཚོའི་སྔོན་རབས་པའི་སེར་མོ་བའི་སྙན་ངག་པ་རྣམས་ཀྱི་སྙན་རྩོམ་ནི་བླ་མ་དང་དགེ་རྒན་ལ་བསྟོད་པ་མིན་ན་བསླབ་བྱ་གཏོང་བ་དང་། དེ་མིན་ན་འཇིག་རྟེན་འཁོར་བ་ལ་སྐྱོ་གླུ་ལེན་པ་བཅས་བརྗོད་བྱ་གུ་དོག་པའི་རྣམ་པ་དེ་དེང་སང་གི་སེར་མོ་བའི་སྙན་ངག་གི་སྡེ་འདིས་གཏོར་འགོ་བཙུགས་ཡོད། རང་མོས་སྙན་ངག་ཅེས་པའི་སྙན་ངག་རྩོམ་སྟངས་གསར་པ་འདི་ལ་ཐོག་མའི་དུས་སུ་སེར་མོ་བའི་སྙན་ངག་པ་རྒན་པའི་གྲས་སུ་དགག་པ་རྒྱག་མཁན་རེ་ཟུང་བྱུང་ཡོད་ཀྱང་། སྙན་ངག་རྩོམ་སྟངས་འདི་བྱུང་ནས་སྙན་ངག་གི་བརྗོ་གཞི་ལ་འགྱུར་བ་སོང་བ་ལ་དགག་རྒྱག་མཁན་བྱུང་མེད། སེར་མོ་གཞོན་སྐྱེས་པ་རྣམས་སྙན་ངག་རྩོམ་སྟངས་གསར་པ་འདི་ལ་འཇུག་སྐབས་བོད་ཀྱི་དགོན་སྡེ་དང་སྤྱི་ཚོགས་གཉིས་ཀས་རྩོམ་སྟངས་གསར་པ་འདི་དང་བརྗོད་གཞི་གཉིས་ཀ་ངོས་ལེན་བྱས་ཚར་ཡོད། དེའི་བཀའ་དྲིན་གྱིས་སེར་མོ་བའི་སྙན་ངག་པ་རྣམས་ཁོང་ཚོའི་སྲོལ་རྒྱུན་བརྗོད་གཞིའི་རྒྱ་ལས་འདས་ཤིང་། སྐྱ་བོའི་སྙན་ངག་པའི་ཁྱབ་ཁོངས་སུ་འཛུལ་སྐབས་དེ་ལ་དགོན་སྡེ་དང་སྤྱི་ཚོགས་གཉིས་ཀ་ནས་བཀག་རྒྱ་མ་བྱས་པ་ནི་ཁོང་ཚོ་ལ་སྙན་ངག་གི་ལམ་ནས་རང་དབང་ཞིག་ཐོབ་པའི་མངོན་རྟགས་ཡིན།སེར་མོ་བའི་སྲོལ་རྒྱུན་གྱི་བརྗོད་གཞིའི་རྒྱ་ལས་འདས་ན་སྲོལ་རྒྱུན་བརྗོད་གཞི་དོར་བ་མ་ཡིན་ཏེ། ཁོང་ཚོ་མང་པོས་སྔར་བཞིན་སྲོལ་རྒྱུན་གྱི་བརྗོད་གཞི་རྣམས་སྲོལ་རྒྱུན་གྱི་རྩོམ་སྟངས་ལྟར་སྤེལ་བཞིན་ཡོད་པའི་ཁར། དེང་རབས་ཀྱི་རྩོམ་ལམ་དུ་སྲོལ་རྒྱུན་གྱི་བརྗོད་གཞི་དྲངས་པའི་སྙན་རྩོམ་ཡང་གང་མང་ཡོད། གྲྭ་པའི་སྙན་ངག་མཁན་ཞིག་གིས་གྲྭ་སའི་ཆོས་ར་ན་རྟགས་གསལ་གཏོང་བ་ལ་བསྟོད་པའི་སྙན་རྩོམ་ཞིག་འདི་ལྟར་བྲིས་ཡོད། “རྡོ་ཐོག་འདི་ནས་ཡར་འགྲེང་སྟེ། ཁྱོད་ཀྱིས་དམྱལ་ཁྲིམས་བཤིག་ཅིང་། དག་པའི་ཞིང་གི་སྒོ་ཆེན་འབྱེད་ངེས།”ཞེས་པ་ལྟ་བུའོ།། གང་ལྟར་ཡང་གྲྭ་བ་རྣམས་ནི་ད་ལྟ་བོད་རིགས་རྩོམ་པ་པོ་ཡི་གྲུབ་ཆ་གཙོ་བོ་ཞིག་ཆགས་ཡོད་པ་དང་ཁོང་ཚོའི་འཕེལ་རྒྱས་ཀྱིས་རྩོམ་རིག་མཁས་པ་ཚོས་ཞིབ་འཇུག་གཏིང་ཟབ་བྱེད་པའི་འོས་བབ་ཡོད་པར་བྱས་ཡོད།ངས་མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་འབྲི་བཞིན་པའི་སྐབས་སུ་བོད་ཀྱི་རྩོམ་པ་པོའི་སྡེ་ལ་་བོད་མོའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་མང་ཆེ་བ་རང་མོས་སྙན་འབྲི་རྒྱུན་དར་བའི་རྗེས་སུ་བྱུང་བ་རེད། དེ་དུས་བུད་མེད་ཀྱི་ཁྲོད་དུ་རང་མོས་སྙན་ངག་འབྲི་མཁན་ཤིན་ཏུ་དཀོན། རྡ་རམ་ས་ལ་ནས་ལག་ཏུ་རག་བཏུབ་པའི་བརྩམས་ཆོས་དག་ལས་ངས་དཔེ་མཚོན་གཅིག་ཀྱང་རྙེད་མ་སོང་། སྤྱི་ལོ་༢༠༠༦ལོར་ལན་ཀྲོའུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བུད་མེད་དགེ་རྒན་ཆེན་མོ་དཔལ་མོ་ཡིས་བོད་མོ་བོད་ཡིག་གི་ལམ་ནས་སྙན་རྩོམ་སྤེལ་བའི་རྩོམ་པ་པོ་ཉི་ཤུ་རྩ་གསུམ་གྱི་སྙན་རྩོམ་ཕྱོགས་བསྒྲིགས་བྱས་པ་ “བཞོ་ལུང་”ཞེས་པ་རྩོམ་སྒྲིག་གིས་དཔེ་སྐྲུན་བྱས་པ་དེ་ནི་བོད་ཀྱི་རྩོམ་རིག་གི་ནང་དུ་བོད་མོ་ཡི་རྩོམ་པོའི་སྡེ་ཞིག་གྲུབ་པའི་གསལ་བསྒྲགས་ལྟ་བུར་གྱུར་ཡོད། དེའི་ནང་ལ་བོད་ཕྱི་ནང་གཉིས་ཀ་ནས་བོད་མོའི་རྩོམ་པ་པོ་ཉེར་གསུམ་གྱི་སྙན་རྩོམ་བསྡུས་ཡོད། གྲངས་ཀ་དེ་ནི་དབྱིན་སྐད་དང་རྒྱ་སྐད་ལྟ་བུའི་སྐད་ཡིག་སྟོབས་ཅན་གྱི་རྩོམ་རིག་གི་ནང་གི་བུད་མེད་ཀྱི་རྩོམ་པ་པོའི་གྲངས་ཀ་ལ་བལྟོས་ན་ཧ་ཅང་ཆུང་ཆུང་ཞིག་ཡིན་ན་ཡང་། ང་ཚོ་བོད་རང་གི་རྩོམ་རིག་གི་ལོ་རྒྱུས་ཐོག་ནས་བལྟས་ན་ཧ་ཅང་ཆེན་པོ་ཞིག་ཡིན། གྲངས་ཀ་དེ་ནི་ལོ་ངོ་ཉི་ཤུ་རྩ་དྲུག་ཙམ་གྱི་ནང་ལ་བྱུང་བ་ཡིན་ལ། འདས་པའི་ལོ་ཉི་ཤུ་རྩ་དྲུག་གི་རིང་དེ་ལ་ལོ་རེ་ལ་བོད་མོ་ཡི་སྙན་ངག་པ་ཉུང་མཐའ་ཡང་གཅིག་རེ་བྱུང་ཡོད། ད་དུང་རྒྱ་ཡིག་གི་ལམ་སྙན་ངག་འབྲི་མཁན་ཚེ་རིང་འོད་ཟེར་ལྟ་བུ་བུད་མེད་ཁ་ཤས་ཀྱང་བྱུང་ཡོད། ལོ་རེ་ལ་བུད་མེད་ཀྱི་རྩོམ་པ་པོ་རེ་རེ་འབྱུང་བ་དང་། དུས་གཅིག་གི་ནང་ལ་བུད་མེད་ཀྱི་རྩོམ་པ་པོ་ཉི་ཤུ་ལྷག་མཉམ་དུ་རྩོམ་ཡིག་སྤེལ་བ་འདི་འདྲ་ནི་འདས་པའི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ཐོག་ལ་བྱུང་མ་མྱོང་བའི་དོན་དག་ཅིག་ཡིན། ང་ཚོས་བུད་མེད་ཀྱི་སྙན་ངག་པ་གཅིག་པོ་མ་ཡིན་པར་སྒྲུང་རྩོམ་འབྲི་བ་དང་། ཡིག་སྒྱུར་གྱི་ལས་རིགས། རྩོམ་སྒྲིག་གི་ལས་རིགས་བཅས་ཀྱི་ཐོག་ནས་ཀྱང་བོད་མོ་མཐོང་བ་ཇེ་མང་དུ་འགྲོ་བཞིན་ཡོད། བོད་མོའི་རྩོམ་པ་པོའི་སྡེ་ཞིག་ཆགས་པ་ལ་བུད་མེད་ཤེས་ཡོན་ཅན་གྱིས་དོ་སྣང་བྱས་ཡོད་པ་མ་ཟད་བོད་ཀྱི་རྩོམ་རིག་གི་ལས་སྤེལ་མཁན་རྣམས་ཀྱིས་ཀྱང་དོ་སྣང་བྱས་ཡོད། བོད་ཡིག་གི་དུས་དེབ་འགའ་ཤས་ཀྱིས་བུད་མེད་ཚོའི་སྡེ་འདི་འབྱུང་བ་དང་འདི་ཆེར་སྐྱེད་ཡོང་བ་ལ་འབད་བརྩོན་བྱས་ཡོད། དཔེར་ན། སྦྲང་ཆར་གྱིས་སྤྱི་ལོ་༡༩༩༦ ལོར་བོད་ཀྱི་བུད་མེད་རྩོམ་པ་པོ་དག་གི་བརྩམས་ཆོས་འདོན་སྤེལ་གྱི་དམིགས་བསལ་ལེ་ཚན་ཞིག་འགོ་བཙུགས་ནས་ལོ་དུ་མར་རྒྱུན་འཁྱོངས་བྱས་ཡོད། རྩོམ་སྒྲིག་པ་ཚོས་གསུངས་པར་གཞིགས་ན་ལེ་ཚན་འདི་ཐོག་དང་པོར་འདོན་སྤེལ་བྱས་པའི་རྗེས་ནས་རྩོམ་ཡིག་ཚད་གཞི་མཐོན་པོ་ཡིན་པ་གང་མང་རྩོམ་འབྱོར་བྱུང་ཡོད་པ་དང་། ལེ་ཚན་འདི་ལོ་གཉིས་རེའི་ནང་ལ་སྐྱར་ཟློས་ཀྱིས་སྤེལ་ཡོད་པ་རེད།བཞོ་ལུང་གི་རྩོམ་སྒྲིག་པ་དཔལ་མོ་ཡིས་སྙིང་བསྡུས་བྱས་པར་གཞིགས་ན། བོད་ཀྱི་བུད་མེད་ཚོས་བརྩམས་པའི་སྙན་ངག་གིས་བརྗོད་བྱ་ཕྱོགས་བཞིའི་སྐོར་གླེང་སློང་བྱས་ཡོད་དེ། གཅིག མི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་དང་། ད་ལྟའི་གནས་བབ་དང་མ་འོངས་པའི་འགན་དབང་ལ་མནོ་བསམ་བཏང་བ། གཉིས། བུད་མེད་ཀྱི་ལས་དབང་བརྗོད་ཅིང་ཐོབ་ཐང་གླེང་བ།(སྤྱི་ཚོགས་གནས་བབ་དང་ཁྱིམ་ཚང་གི་འགན་འཁྲི་བཅས་སོ།) གསུམ། རང་བྱུང་ཁོར་ཡུག་ལ་བཙོག་གྲིབ་ཐེབས་ཤིང་རྒུད་མུས་སུ་འགྱུར་བའི་སྣང་ཚུལ་ལ་ཕངས་སེམས་ཆེ་བ་མཚོན་པ། བཞི། མི་སྒེར་གྱི་ཆེས་ཞིབ་ཕྲའི་སེམས་འགྱུ་དང་བརྩེ་དུང་གི་ཐོབ་ཤོར། གྱེས་པའི་སྡུག་བསྔལ་དང་འཛོམས་པའི་རེ་སྨོན་སོགས་ལྷུག་པོར་བརྗོད་པ་བཅས་ཡིན་ལ། ངས་ད་དུང་བུད་མེད་སྙན་ངག་པ་འགའ་ཤས་ཀྱིས་ཨ་མའི་སེམས་ཁམས་ཀྱི་རང་གཤིས་མཚོན་པའི་སྙན་རྩོམ་སྐོར་ཞིག་ཀྱང་དོ་སྣང་བྱུང་སོང་།
འདིར་བཀོད་པའི་སྙན་ངག་པ་དག་ནི་བོད་ཀྱི་རྩོམ་རིག་དུས་དེབ་ཆེ་ཁག་གི་ནང་བརྩམས་ཆོས་ཁྱབ་ཆེན་པོས་སྤེལ་ཡོད་པ་རྣམས་ཡིན། གཞན་ཡང་ང་ཚོས་ས་གནས་དང་སྒེར་གྱིས་གཉེར་བའི་དུས་དེབ་ཁག་ལ་བལྟས་ན་ཡོངས་གྲགས་མ་ཆགས་པ་དང་རྒྱུན་དུ་རྩོམ་མི་སྤེལ་བའི་བུད་མེད་རྩོམ་པ་པོ་གང་མང་རྙེད་བཏུབ། ཉེ་ཆར་གྱི་འཕེལ་རྒྱས་ཀྱིས་བོད་ཀྱི་བུད་མེད་ཀྱི་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་ཟིན་པའི་རྟགས་མཚན་ཐོན་ཡོད།

སྨྱུག་མིང་།

“སྨྱུག་མིང་”ངམ་”པིར་མིང་”ཞེས་པའི་ཐ་སྙད་དང་། འདི་བེད་སྤྱོད་གཏོང་བ་ནི་བོད་ཀྱི་རྩོམ་རིག་གསར་བ་བྱུང་མ་ཐག་ནས་བྱུང་ཡོད་ཅིང་། མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་གི་ནང་དུ་གྲོས་གླེང་བྱེད་འོས་ཀྱང་བྱེད་ལུས་སུ་གྱུར་བའི་བརྗོད་གཞི་ཞིག་ཡིན། སྨྱུག་མིང་ནི་རྒྱ་ནག་གི་རྩོམ་པ་པོ་རྣམས་ཀྱིས་བརྩམས་ཆོས་ཀྱི་སྟེང་ལ་རང་གི་སྐྱེས་མིང་མ་ཡིན་པར་མིང་གཞན་པ་ཞིག་འགོད་སྲོལ་ཡོད་པ་དེ་ལ་བོད་ནང་གི་རྩོམ་པ་པོ་རྣམས་ཀྱིས་ལད་ཟློས་བྱས་ནས་བྱུང་། དེ་ཡང་རྒྱ་སྐད་ཀྱི་笔名(Bi ming)ཟེར་བ་འདི་ཐད་སྒྱུར་བྱས་ནས་བྱུང་ཞིང་ད་ཕན་གྱི་བོད་ཡིག་གི་ཚིག་མཛོད་དང་རྒྱ་བོད་ཚིག་མཛོད་གང་ལ་ཡང་འཚོལ་དུ་མེད་པ་ཞིག་ཡིན། རྒྱ་ནག་རང་ལ་སྨྱུག་མིང་གི་སྲོལ་འདི་མིན་རྒྱལ་རབས་དང་ཆིན་རྒྱལ་རབས་སྐབས་ནས་དར་ཡོད་པར་བཤད། དེ་དུས་རྒྱ་ནག་གི་སྤྱི་ཚོགས་སུ་སྒྲུང་གཏམ་རྩོམ་འབྲི་བྱེད་པ་ནི་ཐ་ཤལ་གྱི་ལས་ཤིག་ལ་བརྩི་སྲོལ་ཡོད་སྟབས། རྒྱ་ནག་གི་སྒྲུང་གཏམ་རྩོམ་པ་པོ་རྣམས་ཀྱིས་རང་རང་གི་བརྩམས་ཆོས་ལ་རང་མིང་ངོ་མ་གསང་ནས་སྨྱུག་མིང་འགོད་པར་གྲགས། དུས་རབས་གོང་མའི་སྟོད་ལ་གོ་མིན་ཏང་གི་སྐབས་སུ་རྒྱ་ནག་རྩོམ་པ་པོའི་ནང་དུ་སྨྱུག་མིང་འདོགས་མཁན་ཇེ་མང་དུ་གྱུར། ཐ་ན་༡༩༩༡ ལོར་བསྒྲིགས་གྲུབ་སྟེ་དཔེ་སྐྲུན་བྱས་པའི་”རྒྱ་བོད་ཤན་སྦྱར་ཚིག་མཛོད།”པའི་ནང་དུ་Bi ming ལ་”གསང་མིང་”ཞེས་འབྱུང་བ་མ གཏོགས་”སྨྱུག་མིང་”ཞེས་མི་འབྱུང་། དངོས་གནས་བྱས་ན་ཚིག་མཛོད་འདི་དཔེ་སྐྲུན་བྱེད་སྐབས་སྨྱུག་མིང་ཞེས་པའི་ཐ་སྙད་འདི་ཡིག་ཐོག་ལ་ཅི་ཙམ་ཁྱབ་ཡོད་མེད་མི་ཤེས་ཀྱང་། ངག་ཐོག་ལ་ཡོངས་ཁྱབ་ཀྱི་ཐ་སྙད་ཅིག་ཡིན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་གནའ་རབས་ཀྱི་བོད་མིའི་རྩོམ་པ་པོའི་མིང་འདོགས་སྟངས་ལྔ་ཡོད་པར་གསུངས་ཏེ། དེ་དག་ནི་༡)རྩོམ་པ་པོ་རང་གི་རྒྱུན་གྲགས་ཀྱི་མིང་དང་། ༢)སྒྲ་རིག་པ་སྦྱངས་པའི་ཀུན་བཤད་ཀྱི་མིང། ༣)གྲུབ་མཐའི་ཆོས་སྐད་དང་མཐུན་པའི་མིང་། ༤)རྗེས་འབྲང་སློབ་མ་རྣམས་ཀྱིས་ཆེ་བསྟོད་བྱས་པའི་མིང་། ༥)གསང་མཚན་བཅས་སོ།མིང་འདོགས་སྟངས་འདི་ལྔ་བོ་ལས་སྒྲ་རིག་པ་སྦྱངས་པའི་ཀུན་བཤད་ཀྱི་མིང་ཟེར་བ་འདི་དེང་སང་གི་སྨྱུག་མིང་ཟེར་བ་འདི་དང་ཆ་འདྲ་ས་རེ་ཡོད། མིང་རིགས་འདི་ནི་མི་སུ་ཞིག་གིས་ལེགས་སྦྱར་གྱི་སྒྲ་རིག་པ་སྦྱངས་ནས་ལེ་ཚན་གང་ཞིག་ཞིག་ལ་སླེབས་ན་སྒྲའི་དགེ་རྒན་གྱིས་གནང་། མིང་དེ་ཐོབ་རྗེས་སྤྱིར་བཏང་སྙན་རྩོམ་གྱིས་མཚོན་པའི་རིག་གནས་ཀྱི་བརྩམས་ཆོས་ཀྱི་སྟེང་ལ་འགོད་པ་མང་། དེང་སང་གི་སྨྱུག་མིང་ཟེར་བ་འདི་རྩོམ་རིག་གི་བརྩམས་ཆོས་ལ་མ་གཏོགས་མི་འགོད་པ་དང་འདྲ་མཚུངས་ཡིན། དེ་མ་གཏོགས་མིང་རིགས་པ་གཞན་པ་བཞི་བོ་དེ་དག་བརྩམས་ཆོས་གཅིག་པོ་ལ་མི་དབང་སྟབས་དེང་སང་གི་སྨྱུག་མིང་དང་འདྲ་བའི་ཆ་ཧ་ཅང་ཉུང་། སྒྲ་རིག་པ་སྦྱངས་པའི་ཀུན་བཤད་ཀྱི་མིང་ཡོད་མཁན་ནི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་ལ་རྩོམ་པ་པོ་སྐོར་ཞིག་ཡོད་འོས་ཆེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ནི་སྒྲ་དང་སྙན་ངག་གིས་མཚོན་པའི་སྲོལ་རྒྱུན་གྱི་རིག་གནས་བཅུ་སླར་གསོའི་ཆེད་དུ་གཞུང་སྒེར་གཉིས་ཀ་ནས་སློབ་སྦྱོང་བྱེད་མཁན་ཧ་ཅང་མང་བའི་དུས་སྐབས་ཤིག་ཡིན། སྒྲ་རིག་པ་སྦྱོང་མཁན་མང་ན་ཀུན་བཤད་ཀྱི་མིང་ཐོབ་མཁན་མང་བ་ཡང་རང་བཞིན་ཡིན། དཔེར་ན་ ༡༩༨༥ ལོ་ནས་ ༡༩༨༨ ལོའི་ནུབ་བྱང་མི་རིགས་སློབ་གྲྭའི་ང་ཚོ་བོད་ཀྱི་གནའ་ཡིག་ཞིབ་འཇུག་འཛིན་གྲྭ་ལ་མཚོན་ན་ང་ཚོ་སློབ་མ་བཅོ་ལྔ་ཡོད་ཅིང་། ང་ཚོ་ཚང་མས་སྒྲ་རིག་པ་སྦྱངས་ཏེ་ཀུན་བཤད་ཀྱི་མིང་ཡང་ཐོབ་ཡོད། ང་ཚོ་ལས་མང་ཆེ་བས་ད་བར་དུ་དཔྱད་རྩོམ་གྱིས་མཚོན་པའི་རྩོམ་ཡིག་སྣ་ཚོགས་བྲིས་དང་འབྲི་བཞིན་པ་ཡིན། ཡིན་ན་ཡང་ང་ཚོའི་ནང་ནས་རེབ་གོང་རྡོ་རྗེ་མཁར་ནས་རྡོ་རྗེ་སྒྲ་དབྱངས་རྒྱ་མཚོ་ཞེས་ཀུན་བཤད་ཀྱི་མིང་དེ་བེད་སྤྱོད་ཐེངས་རེ་ཟུང་བྱས་ཡོད་པ་མ་གཏོགས་གཞན་པ་བེད་སྤྱོད་བྱེད་མཁན་ཧ་ཅང་ཉུང་། དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་མ་གསུངས་པའི་སྲོལ་རྒྱུན་གྱི་རྩོམ་པ་པོའི་མིང་འདོགས་སྟངས་གཞན་པ་ཞིག་དེང་སང་ཡང་དར་ཁྱབ་ཤིན་ཏུ་ཆེ། དེ་ནི་སྐྱེས་མིང་ངམ། རབ་བྱུང་གི་མིང་ངམ། དགེ་སློང་གི་མིང་ལྟ་བུའི་སྔོན་ལ་མི་དེ་སྐྱེས་སའི་ས་ཆའི་མིང་སྦྱོར་བ་དེ་ཡིན། དཔེར་ན་ས་སྐྱ་ཀུན་དགའ་རྒྱལ་མཚན་དང་ཙོང་ཁ་བློ་བཟང་གྲགས་པ་ཟེར་བའི་མཚན་ལྟ་བུ་རྣམས་ཡིན། སྐྱེས་མིང་ལྟ་བུའི་སྔོན་ལ་ཡུལ་མིང་སྦྱོར་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་བོད་པ་ལ་སྐྱེས་མིང་འདྲ་མཚུངས་མང་བའི་སྟབས་ཀྱིས་ཡིན། དཔེར་ན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་ལ། རྒྱ་ནག་ལན་ཀྲོའུ་ གྲོང་ཁྱེར་ན་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་གཅིག་པོའི་ནང་ན་རྡོ་རྗེ་ཚེ་རིང་ཟེར་བའི་རྩོམ་འབྲི་མཁན་གཉིས་དང་། དཀོན་མཆོག་ཚེ་བརྟན་ཟེར་བའི་རྩོམ་འབྲི་མཁན་གཉིས་ཡོད། ཕྱིས་སུ་རྩོམ་བདག་གསལ་པོ་ཡོང་ཆེད་རྡོ་རྗེ་ཚེ་རིང་གཅིག་གི་ སྔོན་ལ་”ཆབ་འགག་”ཅེས་པའི་ཡུལ་མིང་དང་། དཀོན་མཆོག་ཚེ་བརྟན་གཅིག་གི་ སྔོན་ལ་”གཉའ་གོང་”ཞེས་པའི་ཡུལ་མིང་སྣོན་དགོས་བྱུང་ཡོད།དེང་སང་སྐྱེས་མིང་གི་སྔོན་ལ་ཡུལ་མིང་འགོད་སྟངས་ལ་འགྱུར་བ་གཉིས་འགྲོ་བཞིན་ཡོད། གཅིག་ནི་ཡུལ་མིང་དང་སྐྱེས་མིང་གཉིས་ཀྱི་བར་ལ་སྲོལ་རྒྱུན་གྱི་ཡིག་ཚེག་མ་འབྲི་བར། ཚེག་ཐིག་ཆེན་པོ་འདི་འདྲ་ཞིག་ཡུལ་མིང་དང་སྐྱེས་མིང་གཉིས་བར་གྱི་ཡིག་སྐེད་དུ་རྒྱག་པ་དེ་ཡིན། དཔེར་ན་ཞོ་འོང་སྐལ་བཟང་རྒྱ་མཚོ་ནི་ཞོ་འོང་སྐལ་བཟང་རྒྱ་མཚོར་འབྲི། འདི་ནི་དང་པོ་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གཙོས་པའི་ཕྱི་རྒྱ ལ་གྱི་རྩོམ་པ་པོའི་མིང་རྒྱ་སྐད་དུ་སྒྲ་འབེབས་བྱེད་ལུགས་དེ་ལ་ལད་ཟློས་བྱས་ནས་བྱུང་བ་ཡིན། ཕྱི་རྒྱལ་གྱི་མི་མིང་གི་སྐྱེས་མིང་དང་རུས་མིང་ངམ་ཁྱིམ་མིང་གཉིས་ཀྱི་བར་མཚམས་འབྱེད་ཆེད་ཚེག་ཐིག་ཆེན་པོ་འདི་བཀོད། ཡང་དབྱིན་ཡིག་གི་སྒྲ་ཁྱིམ་གཅིག་ཡིན་པའི་མིང་ཞིག་རྒྱ་སྐད་དུ་འབེབ་སྐབས་སྒྲ་ཁྱིམ་གཉིས་སུ་འབབ། དཔེར་ན་དབྱིན་ཡིག་གི་Johnཟེར་བ་འདི་སྒྲ་ཁྱིམ་གཅིག་ཡིན་པ་ལ། རྒྱ་ཡིག་ཏུ་ཕབ་སྐབས་ཡོ་ཧན་ཟེར་བ་ལྟ་བུའི་སྒྲ ་ཁྱིམ་གཉིས་སུ་འབབ་པ་དེ་གཉིས་མཉམ་ཀློག་གམ་མགྱོགས་ཀློག་བྱེད་དགོས་པ་སྟོན་ཆེད་ཚེག་ཐིག་འདི་རྒྱག རྒྱ་ཡིག་གི་ཕྱི་རྒྱལ་མི་མིང་གི་བར་དུ་འགོད་པའི་ཚེག་ཐིག་ཆེན་པོ་བོད་མིང་གི་ནང་དུ་བླངས་ཡོད་ན་ཡང་། དེའི་རྒྱུ་མཚན་ནི་ལེན་ཐབས་མེད་པ་ཞིག་ཡིན། རྒྱ་ཡིག་གིས་དེ་ལྟར་བྱེད་དོན་ནི་མི་རིགས་གཞན་གྱི་མིང་སྲོལ་དང་སྒྲ་ཇི་བཞིན་དུ་རང་སྐད་དུ་འདྲེན་མ་ཐུབ་པའི་འུ་ཐུག་ཐབས་ཟད་ཀྱི་བྱེད་སྟངས་ཤིག་རེད། ང་ཚོའི་རྩོམ་པ་པོ་རྣམས་ཀྱིས་ཚེག་ཐིག་བོད་མིང་བོད་ཡིག་ཏུ་འབྲི་བ་ཡིན་ལ། དེ་ཀློག་མཁན་ཡང་བོད་པ་རྣམས་ཡིན་སྟབས། སྤྱིར་བཏང་ཡུལ་མིང་དང་རང་མིང་གཉིས་ཀློག་ནོར་དང་གོ་ནོར་འབྱུང་བ་ནི་མི་སྲིད་པ་ཞིག་ཡིན། འགྱུར་བ་གཞན་པ་ཞིག་ནི་ཡུལ་མིང་གི་ཆ་དེ་སྒྲ་ཁྱིམ་གཅིག་ཅན་དུ་འགྱུར་བཞིན་པ་དེ་ཡིན། དཔེར་ན། གཅན་ཚ་ཟེར་བའི་ཡུལ་གྱི་སྙན་ངག་མཁན་སྨྱུག་མིང་ལ་མེ་སྟ ག་དང་རང་སད་དུ་འབོད་པ་གཉིས་ནས གཅན་མེ་སྟག་དང་གཅན་རང་སད་ཅེས་འབོད་པ་ལྟ་བུ་ཡིན། སྔོན་མ་རུས་མིང་མང་པོ་སྒྲ་ཁྱིམ་གཅིག་ཅན་ཡིན་སྟབས་རང་མིང་གི་ སྔོན་དུ་རུས་མིང་འགོད་སྐབས་སྒྲ་ཁྱིམ་གཅིག་ཅན་མང་པོ་འབྱུང་། ལྷག་པར་དུ་བོད་བཙན་པོའི་སྐབས་དང་བསྟན་པ་ཕྱི་དར་གྱི་འགོ་ཙམ་ལ་མཚན་དེ་འདྲ་མང་། དཔེར་ན་རྔོག་ བློ་ལྡན་ལེགས་པའི་ཤེས་རབ་ཀྱི་རྔོག་ལྟ་བུ་ཡིན། དེ་བཞིན་སྔ་མོའི་དུས་སུ་རང་མིང་གི་སྔོན་ལ་ཡུལ་མིང་སྒྲ་ཁྱིམ་གཅིག་ཅན་ཡང་འགའ་རེ་མཐོང་རྒྱུ་ཡོད་ཀྱང་། དེ་དག་ལས་མང་ཆེ་བ་ཡུལ་མིང་སྒྲ་ཁྱིམ་གཅིག་ཡིན་ནས་ད་ལྟར་བྱུང་ཡོད། དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་རྩོམ་པ་པོས་”ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་སྐོར་གྱི་གསུང་རྩོམ་གནང་སྐབས་གྲུབ་མཐའ་དེའི་ཆོས་སྐད་དང་མཐུན་པའི་མཚན་རང་ཉིད་ཀྱིས་འདོགས་པར་མཛད།”ཅེས་”གྲུབ་མཐའི་ཆོས་སྐད་དང་མཐུན་པའི་མིང་”རིགས་འདི་གཅིག་པོ་རྩོམ་པ་པོ་རང་གིས་བཏགས་པ་དང་མིང་རིགས་གཞན་པ་རྣམས་རང་གིས་བཏགས་པ་མིན་ཚུལ་ཤུགས་བསྟན་གནང་ཡོད། དེས་ན་མིང་རིགས་གཞན་པ་དེ་དག་གི་ནང་དུ་རྩོམ་པ་པོ་རང་གི་སེམས་ཁམས་ཀྱི་ཆ་ཤས་ཞུགས་ཐབས་མེད་པ་ནི་སྨོས་མེད་ཡིན། དེང་སང་གི་སྨྱུག་མིང་ཚང་མ་རྩོམ་པ་པོས་རང་གིས་རང་ལ་བཏགས་པ་ཡིན་སྟབས། སྨྱུག་མིང་གི་ནང་དུ་རྩོམ་པ་པོའི་སེམས་ཁམས་ཀྱི་ཆ་ཤས་རེ་གང་ཐུབ་ཀྱིས་མཚོན་ཐབས་བྱས་ཡོད། སྨྱུག་མིང་གི་ཐོག་ནས་སྙན་ངག་པ་རྣམས་ཀྱི་སེམས་ཁམས་ཀྱི་ཆ་ཤས་སམ་ཁོང་ཚོའི་བློ་ཁ་ཁྱེར་ཕྱོགས་རེ་མངོན་ཡོད སྟབས། སྨྱུག་མིང་མིང་ལ་དབྱེ་ཞིག་བྱེད་རིན་ཡོད་པ་ཞིག་ཡིན།

གྲོལ་མཐའ་སྨྱོན་མཐའ་ཅན་གྱི་སྨྱུག་མིང་།

“རང་གྲོལ་”ཞེས་པའི་མིང་འདི་ཐོས་མ་ཐག་བོད་ཀྱི་དེང་རབས་རྩོམ་རིག་ལ་རྒྱུས་ཡོད་མཁན་ཞིག་གི་སེམས་ལ་དོན་གྲུབ་རྒྱལ་འཁོར་ཡོང། དོན་གྲུབ་རྒྱལ་གྱིས་”རྩོམ་གྱི་མཚོ་མོར་རླབས་ཀྱི་མེ་ཏོག་དགོད།”ཅེས་པའི་སྙན་རྩོམ་ཞིག་””རང་གྲོལ་”ཞེས་པའི་མིང་ཐོག་ནས་༡༩༨༡ལོའི་སྦྲང་ཆར་འདོན་ཐེངས་གཉིས་པའི་སྟེང་བཏོན་ཡོད། དེ་ནས་བཟུང་ཁོང་གི་རྩོམ་གང་མང་ཞིག་རང་གྲོལ་ཞེས་པའི་མིང་ཐོག་ནས་ཐོན། ཁོང་གི་རང་མོས་སྙན་ངག་གི་རྩོམ་ལམ་གསར་འབྱེད་ཀྱི་སྙན་རྩོམ་”ལང་ཚོའི་རྦབ་ཆུ་”ཡང་རྩོམ་པ་པོའི་མིང་འདིའི་ཐོག་ནས་བཏོན་ཡོད། རྒྱལ་དབང་ལྔ་བ་མཆོག་ནས་རང་མཚན་ལ་”གང་ཤར་རང་གྲོལ་”གསོལ་བ་དང་ཞབས་དཀར་བ་ལ་ཚོགས་དྲུག་རང་གྲོལ་དུ་འབོད་པའི་”རང་གྲོལ་”ལྟ་བུ་ལ་ཆོས་ཕྱོགས་ན་འགྲེལ་བཤད་གཏིང་ཟབ་པ་ཞིག་རྒྱག་རྒྱུ་ཡོད་ལས་ཆེ་ཡང་། དེ་རྣམས་ལོགས་སུ་བཞག་ནས་བོད་སྐད་རང་གི་ཐོག་ནས་”གྲོལ་”ནི་བཅིངས་པ་ལས་གྲོལ་བ་སྟེ་ལུས་སེམས་གཉིས་གཞན་དབང་ལས་ཐར་བའི་རང་དབང་ཐོབ་པའི་དོན་ཡིན། དོན་གྲུབ་རྒྱལ་ལགས་ནས་གོ་དོན་དེ་འདྲ་ཞིག་གི་སྟེང་ནས་རང་མཚན་ལ་”རང་གྲོལ་”བཞེས་ཡོད་ལས་ཆེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་འགོ་ལ་རིག་གནས་གསར་བརྗེའི་སྐབས་དང་བསྡུར་ན་གུང་ཁྲན་ཏང་གི་སྲིད་ཇུས་གུ་ཡངས་ཡིན་ན་ཡང་། དོན་གྲུབ་རྒྱལ་ལྟ་བུའི་བློ་སྟོབས་ཅན་གྱི་རྩོམ་པ་པོའི་འདོད་པ་ཁེངས་པའི་རང་དབང་ལ་ད་དུང་ཧ་ཅང་ཐག་རིང་པོ་ཡིན། དེ་ཙམ་དུ་མ་ཟད་བོད་རང་ཕྱོགས་ནས་ཀྱང་རྙིང་ཞེན་གྱི་དབང་གིས་དོན་གྲུབ་རྒྱལ་ལྟ་བུའི་བློ་སྟོབས་ཅན་བོད་པ་མང་པོའི་བློ་ངོར་ཤོང་ཐུབ་ཀྱི་མེད། དཔེར་ན། དོན་གྲུབ་རྒྱལ་གྱིས་”སྤྲུལ་སྐུ་”ཞེས་པའི་སྒྲུང་རྩོམ་དེ་བརྩམས་ནས་སྦྲང་ཆར་དུས་དེབ་ཏུ་དཔར་སྐྲུན་བྱས་རྗེས། བོད་པ་མང་པོ་ཞིག་གིས་སྒྲུང་རྩོམ་དེས་བོད་ཀྱི་བླ་མ་ལ་ཟུར་ཟ་དང་མཚང་འབྱིན་བྱེད་ཀྱི་ཡོད་པར་ངོས་འཛིན་གྱིས་དོན་གྲུབ་རྒྱལ་མཆོག་ལ་ངན་བརྗོད་མང་པོ་བྱས་ཤིང་། ཡིག་སྐོགས་ནང་ལ་ཁ་སྤུ་བཞར་གྲི་བསྐུར་ནས་རྩོམ་པ་པོ་གང་གི་ཚེ་སྲོག་ལ་འཇིགས་སྣང་གཏམ་ཡང་སྐབས་དེར་གྲགས་མྱོང་། སྐབས་དེར་དོན་གྲུབ་རྒྱལ་ལགས་ནས་གཞན་གྱིས་རང་ལ་རང་དབང་མི་སྟེར་ཡང་རང་གིས་རང་ལ་རང་དབང་སྟེར་འདོད་དེ་རང་མིང་ལ་”རང་གྲོལ་”བཏགས་ཡོད་ལས་ཆེ། སྐབས་དེར་གཞན་དབང་གི་རྒྱ་ལས་གྲོལ་འདོད་པ་དོན་གྲུབ་རྒྱལ་གཅིག་པོ་མིན་པ་འདྲ། དོན་གྲུབ་རྒྱལ་གྱི་སྨྱུག་མིང་ལ་”རང་གྲོལ་”ཞེས་གྲགས་རྗེས་མིང་མཐའ་”གྲོལ་”ཡིག་ཅན། “རྨོངས་གྲོལ་”དང་། “སངས་གྲོལ།” “རྒྱ་གྲོལ།” “སྨིན་གྲོལ།”ཟེར་བ་ལྟ་བུའི་སྨྱུག་མིང་ཅན་མང་པོ་བྱུང་།

རྩོམ་པ་པོ་ཁག་ཅིག་གིས་ཆབ་སྲིད་དང་སྲོལ་རྒྱུན་གྱི་གཞན་དབང་གི་རྒྱ་ལས་གྲོལ་བ་ཙམ་གྱིས་ཡིད་ཚིམ་གྱི་མེད། ཁོང་ཚོས་འཇིག་རྟེན་གྱི་རྒྱུན་ལུགས་ལས་རིང་དུ་འདས་ཤིང་། མི་མང་ཆེ་བའི་བློ་ངོར་འཇུག་དཀའ་ སྟེ་སྨྱོན་པར་ངོས་འཛིན་པར་འགྱུར་བའི་བསམ་སྤྱོད་ཀྱི་རང་དབང་གི་དགོས་འདུན་ཞིག་མངོན་ཐབས་བྱས་ཡོད། དེའི་འབྲས་བུར་”སྨྱོན་”ཡིག་གི་མིང་མཐའ་ཅན་སྨྱུག་མིང་སྣ་ཚོགས་ཏེ། དཔེར་ན་”སྨྱུག་སྨྱོན”དང་། “ཀླུ་སྨྱོན། “གངས་སྨྱོན།”ལྟ་བུ་བྱུང་ཡོད། སྔོན་མ་ཡང་ཆོས་ཕྱོགས་ཀྱི་རྟོགས་པ་ཚད་མཐོན་པོར་སླེབས་པའི་རྣལ་འབྱོར་བ་རྣམས་ཀྱིས་ཁོང་ཚོའི་བསམ་སྤྱོད་རྣམས་མི་དཀྱུས་མའི་ཡིད་ལ་འཇུག་དཀའ་བ་་”འབྲུག་སྨྱོན།”དང་། “གཙང་སྨྱོན། ” “ཁམས་སྨྱོན།”ཞེས་མཚན་གྱི་ཆ་ཤས་སུ་”སྨྱོན་”སྒྲ་བཞེས་མཁན་སྐོར་ཞིག་བྱུང་ཡོད། དེང་སང་སྙན་ངག་མཁན་གྱི་ཁྲོད་ན་སྨྱུག་མིང་གི་ཆ་ཤས་སུ་ “སྨྱོན་”སྒྲ་འགོད་མཁན་སྔོན་མ་ལས་མང་པོ་ཡིན་ཏེ། སྙན་ངག་མཁན་འཇུ་སྐལ་བཟང་གིས་ “སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་འཚོལ།”ཞེས་པའི་སྙན་རྩོམ་དུ།
དུས་རབས་གསར་རྙིང་དབྱེ་བའི་མཚམས་ཐིག་ཏུ་འགྲེང་ནས།།
ཤ་མེད་རུས་པའི་དཔུང་བ་ནམ་མཁའ་ལ་བ སྒྲེངས་ཏེ།།
སྐྲ་ལོ་རླུང་གིས་སྐྱོད་བཞིན་དུམ་ཆོད་ཀྱི་ཚིག་གིས།།
རོང་སྨྱོན་འབྲོག་སྨྱོན་འདི་ཚོས་ཅི་ཞིག་རང་འཚོལ་ལམ།
ཞེས་སྨྱོན་མིང་ཅན་གྱི་སྙན་ངག་མཁན་རྣམས་ཤོ་ལོ་ཀ་དང་པོར་བཀོད་ཡོད།
ཡང་སྙན་ངག་པ་ཁག་ཅིག་གིས་རང་ཉིད་བོད་པ་ངོ་མ་ཞིག་ཡིན་པའི་སྙེམས་བློ་མངོན་ཐབས་དང་། བོད་པ་དང་བོད་ཡུལ་ལ་དུང་ཞེན་མཚོན་སླད་སྨྱུག་མིང་གི་ཆ་ཤས་སུ་ “གངས་”ཡིག་སྦྱར་ཡོད། གངས་རི་ལ་གཟི་བརྗིད་དང་དཀར་གཙང་གཉིས་ཀྱི་རྟོག་སྣང་དང་ལྡན་སྟབས། སྔ་མོའི་དུས་ནས་བོད་ཀྱི་སྙན་ངག་མཁན་རྣམས་ཀྱིས་བོད་ཡུལ་ལ་ “གངས་ཅན་གྱི་ལྗོངས་”དང་”བོད་པ་ལ་ “གངས་ཅན་པ”ཞེས་འབོད། ཡིན་ན་ཡང་རྩོམ་པ་པོའི་མིང་གི་ཆ་ཤས་ལ་”གངས་”སྦྱོར་བ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་སྔོན་ལ་བྱུང་མེད། དེང་སང་”གངས་སྲས”དང་། “གངས་ཕྲུག” “གངས་དགའ” “གངས་ཞུན་”ཟེར་བ་ལྟ་བུའི་སྨྱུག་མིང་ཁག་ཅིག་བྱུང་ཡོད།ཡང་སྙན་ངག་མཁན་ཞིག་གིས་ “སྲོང་བྷོད་”ཟེར་བའི་སྨྱུག་མིང་ལ་བརྟེན་ནས་གོང་གསལ་གྱི་བློ་ཁ་དེ་སྟོན་ཐབས་བྱས་ཡོད། “སྲོང་”ཡིག་གིས་ “སྲོང་བཙན་སྒམ་པོ་” དང་”ཁྲི་སྲོང་ལྡེ་བཙན་”ཟེར་བ་བོད་བཙན་པོའི་དུས་སྐབས་ཀྱི་བཙན་པོ་རྣམས་སེམས་ལ་འཁོར་ཞིང་། “བྷོད་”ཡིག་གིས་ “ཐུ་བྷོད་”ཅེས་བོད་ཀྱི་འབོད་མིང་རྙིང་པ་ཞིག་བློ་ཡུལ་ལ་འདྲེན་ཐབས་བྱས་ཡོད། འབོད་མིང་དེ་ནི་དགེ་འདུན་ཆོས་འཕེལ་ གྱིས་བོད་བཙན་པོའི་སྐབས་སུ་མི་རིགས་གཞན་པས་བོད་པ་ལ་ “ཐུ་བྷོད་”ཅེས་འབོད་ཚུལ་དེབ་དཀར་དུ་གསུངས་ཡོད། རྩོམ་པ་པོ་འདིས་རང་གི་སྨྱུག་མིང་ལ་ “སྲོང་བྷོད་”བཏགས་ནས་ལོ་རྒྱུས་ཀྱི་ཐོག་གི་བོད་པ་ནི་ཇི་ལྟ་བུ་ཞིག་ཡིན་པ་མངོན་ཐབས་བྱས་ཡོད། ཁོང་གིས་”ཐོལ་བྱུང་གི་འཆར་སྒོ་ལེའུ་གཉིས་མ།”འདི་ལྟར་བྲིས་ཡོད།
རང་རེའི་རིགས་རྒྱུད་འདི།
འོད་གསལ་ལྷ་ལས་མཆེད་ཀྱང་རུང་།
དེ་ལས་དཔག་ཚད་གྲངས་མེད་དམའ་རུ་སོང་།
རང་རེའི་རིགས་རྒྱུད་འདི།
གངས་ཁྲོད་སྤྲེལ་ལས་མཆེད་ཀྱང་རུང་།
དེ་ལས་དཔག་ཚད་གྲངས་མེད་མཐོ་རུ་སོང་།
གོང་དུ་གླེང་བའི་ “གངས་ཞུན་” གྱི་སྐབས་སུ་”ཞུན་”ཡིག་གི་མཐའ་ཅན་གྱི་སྨྱུག་མིང་རེ་ཟུང་ཡང་དྲན་ངོགས་སུ་འདྲེན། དཔེར་ན་གཡུ་ཞུན་དང་། ཟླ་ཞུན་ལྟ་བུའོ། “ཞུན་”ནི་གསེར་དངུལ་ལྟ་བུ་མེ་ཤུགས་ ཀྱིས་བཞུས་ཏེ་བཤེར་བག་ཅན་གྱུར་རྗེས། དེའི་ནང་ནས་སྙིགས་མ་བཏོན་ཏེ་གསེར་དངུལ་གྱི་དྭངས་མའི་དྭངས་མར་གྱུར་བ་དེ་ལ་ཞུན་མ་ཟེར་ཞིང་། དེས་ན་ “གངས་ཞུན”དང་ “ཟླ་ཞུན་ “གཉིས་ཀྱིས་དཀར་མདོག་གི་དྭངས་མ་སྟོན་ཞིང་། “གཡུ་ཞུན”གྱིས་སྔོ་མདོག་གི་དྭངས་མ་ཞིག་སྟོན་ལ། སྙན་ངག་མཁན་འདི་དག་གིས་དྭངས་གཙང་གི་ལྷག་བསམ་མམ་གཤིས་ཀ་ཞིག་ལ་ཡིད་སྨོན་བྱེད་པ་ཡིན་ནམ།(མི་རབས་གསར་པའི་སྙིང་ཁམས་ཀྱི་ཁ་སྐོང་འདི་ནི་ ༢༠༠8 ལོར་དབྱིན་ཡིག་ཏུ་དཔེ་སྐྲུན་བྱས་པའི་ “དེང་རབས་ཀྱི་རྩོམ་རིག་དང་སྤྱི་ཚོགས་ཀྱི་འགྱུར་བ།” (Modern Tibetan Literature and Social Change)་ཞེས་པའི་ཐོག་ལ་དབྱིན་ཡིག་ཏུ་སྤེལ་ཡོད། དེ་དུས་རྩོམ་ཡིག་འདིའི་་ཆ་ཤས་འགའ་ཞིག་ཡིག་ཐོག་ཏུ་བྲིས་ཡོད་པ་བསྒྱུར་བ་ཡིན་ལ། ཆ་ཆས་འགའ་ཞིག་ངས་རྩོམ་སྒྲིག་པ་ལ་ངག་ཐོག་ནས་བཤད་དེ་དབྱིན་ཡིག་གི་ནག་འགྲོས་སུ་བཀོད་པ་ཡིན། ད་རེས་སྐར་ཁུང་གི་རྩོམ་སྒྲིག་པས་དབྱིན་ཡིག་གི་རྩོམ་དེ་བོད་ཡིག་བསྒྱུར་གནང་ནས་ང་ལ་བཏང་ཡོང་བ་ཡང་སྐྱར་ཞུས་དག་རེ་བཏང་ནས་རྩོམ་ཐུང་འདི་གྲུབ་པ་ཡིན་ལ། བསྒྱུར་བྱའི་དབྱིན་ཡིག་གི་ཚིག་དོན་དང་ཡོངས་ཆ་མཚུངས་ཡིན་པའི་ངེས་པ་མེད་པ་དགོངས་འཇགས་འཚལ།)
རྫོགས།