གྱེར་ཚིག གཏེར་སྣང་བྱེད།

སྙིང་ཉེ་བའི་མི།
མགོ་བོ་དགྱེས་ནས་ཕར་ལ་བལྟས་ན།
སྤྲིན་པ་ཐོལ་གྱིས་འཁྲུགས་པའི་རི་བོ་མཐོན་པོ་ཞིག་རིག་གི
རི་དེ་ཡི་ཉག་ཁ་ན་ཁྱོད་ཀྱི་ལང་ཚོ་དང་གྲིབ་མ་ཨེ་ཡོད་བསམ་ནས།
ངས་རང་ཉིད་ཀྱི་ལག་པ་ཐོད་ལ་བཞག་ནས་ཡང་ཡང་བལྟས་མྱོང་།
ཡིན་ཡང་འཁོས་ཆུང་བདག་གི་མཐོང་ལམ་ནས་འཚེར་ཡོང་བ་ནི་
ཁྱོད་ཀྱི་ཞལ་རས་སྙིང་ལ་རྗེ་བོ་དེ་མ་ཡིན་པར།
བྱང་རླུང་གིས་བསེད་པའི་སྤྲིན་གྱི་ཚོམས་རེད།
མཚམས་སྤྲིན་གྱིས་སྒྲིབ་པའི་ཉི་མའི་འོད་རེད།
དེའི་ཕྱིར།
ངས་རང་ཉིད་ཀྱི་རེ་སྒུག་ཡོད་ཚད་མུ་མཐའ་མེད་པའི་རི་ཚོགས་
གན་ཚོའི་མཐའ་ལ་བསྲིངས་ཀྱང་།
ལོ་ཟླ་ཡི་འཁོར་སྐྱོད་དང་། མི་ཚེ་ཡི་དཀྱོགས་མཚམས།
ལས་དབང་གི་བཀོད་སྒྲིག སུན་སྣང་གི་འཚོ་བ།
ཡོད་ཚད་ལ་ཁ་དོག་མེད་པའི་བྱང་ཐང་།
འདི་དག་མ་གཏོགས་སྔོ་ལྗང་གི་རྩྭ་ཐང་མཐོང་མ་བྱུང་།
བདེ་སྐྱིད་ཀྱི་རྨི་ལམ་རྨིས་མ་མྱོང་།
འཇའ་འོད་ཀྱི་གུར་ཁང་མཐོང་མ་བྱུང་།
ད་ནི་ཁྱོད་ཀྱི་རྒྱབ་གཟུགས་ལ་ལྟ་འདོད་ཀྱང་།
ངའི་མིང་ཟུང་འདི་མུན་པ་ཡིས་སྒྲིབ་པ་བཞིན་གང་ཡང་མཐོང་མ་བྱུང་།
ད་ནི་ཁྱོད་ཀྱི་སྐད་སྒྲ་ལ་ཉན་འདོད་ཀྱང་།
རྣ་བ་འདིའི་དབང་བོ་ཉམས་པ་བཞིན་གང་ཡང་གོ་མ་བྱུང་།
རེད་ཡ།
ཁྱོད་རང་བཞུད་ཤུལ་ན་མུན་པའི་ནང་དུ་ངུ་འབོད་བྱེད་མཁན་ཞིག་ཡོད།
ཁྱོད་རང་སོང་ཤུལ་ན་དམྱལ་བའི་མེ་ལ་སྤོབས་པས་ལྕེབ་མཁན་ཞིག་ཡོད།
དེ་ནི་སུ་རེད། གང་རེད།ང་རེད།
མཁའ་རུ་ལྷོད་ཀྱིས་ལྡང་བའི་རླུང་པོ་ཡ།
ང་ལ་ཁོ་མོའི་སྐད་སྒྲ་མཁོ་བས། ཁྱོད་རང་ངའི་ཕོ་ཉ་བྱེད་རོགས།
ས་རུ་ལྷུང་ལྷུང་རྒྱུ་བའི་གཙང་བོ་ཡ།
ང་ལ་ཁོ་མོའི་བརྩེ་བ་མཁོ་བས། ཁྱོད་རང་ངའི་སྐུད་ལམ་བྱོས་ཤིག
གནམ་ན་འོད་དུ་འཚེར་བའི་ཉི་ཟླ་ཡ།
ང་ལ་ཁོ་མོའི་འཛུམ་མདངས་མཁོ་བས།
ཁྱོད་རང་ཁོ་མོའི་ཚབ་ཏུ་ལྷུག་ལྷུག་དགོད་རོགས།
འདི་ལྟར་ས་སྲོད་དུ་མཉམ་དུ་རྒས་བཞིན་པའི་བདག་གི་ལང་ཚོ།
མིག་ཆུ་དང་མཉམ་དུ་སྐམ་བཞིན་པའི་ང་ཡི་འཚོ་བ།
སྨྲེང་སྐྱོ་དང་ལྷན་དུ་ཚར་བཞིན་པའི་བདག་གི་ཚེ་སྲོག
ཀྱེ་མ་བརྩེ་བའི་ལྷ་ཚོགས་ཡ།
འཇིག་རྟེན་ན་མུན་པ་མ་གཏོགས་མེད་པ་ཨེ་རེད།
འཁོར་བ་ན་སྡུག་བསྔལ་མ་གཏོགས་དཀོན་པ་ཨེ་རེད།
ད་དུང་བརྩེ་དུང་ལ་མིག་ཆུ་མ་གཏོགས་དབེན་པ་ཨེ་རེད།
ང་ལ་གསུངས་རོགས་གནོང་།
གལ་ཏེ། རུས་གསེང་གི་ན་ཟུག་ཡོད་ཚད་གཟུགས་སུ་གྲུབ་ཐུབ་ན།
གལ་ཏེ། སྙིང་མཐིལ་གྱི་བརྩེ་དུང་ཡོད་ཚད་ཕྱི་རུ་བཤམས་ཐུབ་ན།
སྟོང་གསུམ་གྱི་འཇིག་རྟེན་ཟེར་བ་ལ་ཤོང་མི་སྲིད།
བསྐལ་བ་ཡི་ཁུག་པ་ཟེར་བའི་ཀྱང་བརྩི་མི་ཐོན།
ས་གནམ་གྱི་རྒྱ་ཁྱོན་ཟེར་བ་ལ་ཡང་བཙུད་མི་ཐུབ།
དེའི་ཕྱིར་བྲང་གཞུང་ན་སྨིན་པའི་རླབས་ཆེ་བའི་བརྩེ་བ་འདི།
སུས་རྟོགས་ཐུབ་བམ། ཁོས་ཐུབ་བམ། ཡང་ན་ཁོ་མོས་རྟོགས་སམ།
གང་ལྟར་རི་ཆུ་ནགས་གསུམ་དང་རྫ་བྲག་ཁུང་གསུམ།
ད་དུང་གངས་རི་དང་རྫ་རི། སྤང་ཐང་དང་མེ་ཏོག་ཁུ་སིམ་སིམ་གྱིས་འདུག་ལུགས་ལ་བལྟས་ན།
ཁོ་ཚོས་ཚོར་གྱིན་མི་འདུག
ངའི་གནམ་སའི་བར་མཚམས་ལས་བརྒལ་བའི་བརྩེ་དུང་གི་རླབས་སྒྲ་
ཚོར་གྱིན་མི་འདུག
ངའི་སྟོང་གསུམ་གྱི་འཇིག་རྟེན་ལ་སྣོད་དུ་སྦྲིམ་པའི་ན་ཟུག་གི་དབྱངས་རྟ་ཚོར་གྱིན་མི་འདུག
དེ་བས། ངས་ཡང་དང་བསྐྱར་དུ་དུད་སྨྲིག་གིས་གཡོག་པའི་ཕ་ཡུལ་དང་། ཁངས་སྐྱ་ཡིས་བཏུམ་པའི་རི་བྲག་
ད་དུང་མུན་པ་ཡིས་གཙེས་པའི་རང་ཉིད་ཀྱི་འཚོ་བ།
ས་སྲོད་ཀྱི་མིག་ཆུ། སྙན་ངག་གི་རུམ་དུ་བཅུག་ནས་མུ་མཐུད་དུ་སྒུག་དགོས་བྱུང་།
འདི་ནི་རྨི་ལམ་ཚད་མེད། ཕུགས་བསམ་ཚད་མེད། སྐྱོ་སྡུག་ཚད་མེད། རེ་སྒུག་
ཚད་མེད། མདོར་ན་ཡོད་ཚད་ལ་གྲིབ་མ་གོན་པའི་རྨི་ལམ་ཚད་མེད་ཅིག་རེད།