ཉི་མ་རེ་རེར།  ཉི་འོད་ཀྱི་ཕྱི་ནང་ལ་ཅེར་ནས།
རྒྱ་ཆེ་བའི་རྒྱ་མཚོ་ནི་ཕྱེ་མས་བཀག་འདུག་པར་བལྟས།

མཚོ་རླབས་དལ་གྱིས་འཕྱོ་དུས།
རླབས་ཤུགས་ཀྱིས་དེད་ཡོང་བའི་བསིལ་རླུང་གིས།
ངའི་ཀླད་པར་སྐྱེས་པའི་སྐྲ་ལོ་ལ་བྱིལ་བྱིལ་གནངས།
ངའི་སེམས་སུ་རང་གི་མ་ལགས་ཤར་ཡོང་བ་ལས་རྒྱ་མཚོ་ལ་སེམས་པ་མ་ཤོར།

རྒྱ་མཚོ་དྲག་ཏུ་འཕྱོ་དུས།
བརྟོལ་མི་ཐུབ་པའི་གསང་བ་མཐའ་དག་དང་ངས་
བཏང་བའི་སྐྱག་པ་ཐམས་ཅད་ལྕགས་ཟྭ་བརྒྱབ་ནས་
སྒམ་ནང་དུ་སྦས།

ཞོར་དུ་ངའི་དཔུང་བའི་ཆེ་ཆུང་ལ་པར་ཞིག་བརྒྱབ་ནས་བུད་སོང་།
ངས་སེམས་སུ་སྔར་བཞིན་མ་ལགས་དྲན།

དུ་བ་རྐང་གཅིག་ལ་མེ་བསྒྲོན་རྗེས། ཡང་བསྐྱར།
ཉི་འོད་ཀྱི་ཕྱི་ནང་ལ་ཅེར་ནས་བལྟས།
གློག་འོད་འོག་གི་རྒྱ་ལམ་འཇམ་མེར་རེར་འདུག
འགྱིག་ཁུག་དང་ཆང་དམ་སྐོར་ཞིག་རླུང་གིས་དེད་དེ་སྲང་ལམ་དག་ཏུ་ཁྲོག་ཁྲོག་འདུར་གྱིན་འདུག
ངས་ཡང་བསྐྱར་མ་ལགས་ཡིད་ལ་ཤར།

ཆར་ཞོད་ཆེ་དུས།  ང་གཉིད་མ་ཁུག
སེམས་པ་འདི་ཆུ་ཁོལ་ཇི་བཞིན་ལྷོག་ལྷོག་གདུས།
སྙིང་རྗེ་ལྟ་བུའི། བརྩེ་བ་ལྟ་བུའི་མ་ལགས་སླར་ཡང་དྲན་བྱུང་།
ཏག་ཏག་སྐབས་དེར་མུན་པ་ཧ་ཅང་ཆེ་བས།
ངས་ཉི་འོད་ཀྱི་ཕྱི་ནང་ལ་ཅེར་ཐབས་མ་བྱུང་།

མུན་པ་ཧ་ཅང་ཆེ་དུས།
ང་།  རི་མཐོ་སའི་ཉག་གར་འགྲོ་འདོད།