ཞོགས་པར བྱ་རོག་གཅིག་འཕུར་འོངས་ནས
སྤྱིལ་བུའི་མདུན་གྱི་ལྗོན་ཤིང་རྩེར་བབས་བྱུང
གཡོ་འདར་ཕྲན་ཙམ་དང་བཅས ལྗོན་རྩེ་དུད་ཙམ་གྱིས
ཆུ་ཤེལ་གོང་བུ་དང་འདྲ་བའི་ཁ་བ་རེ་གཉིས
སབ་སིབ་ཏུ་མར་སྤྲུགས་སོང

ཉིན་གུང བྱ་རོག་དུ་མ་ཞིག་འཕུར་འོངས་ནས
སྤྱིལ་བུའི་མདུན་གྱི་ལྗོན་ཤིང་རྩེར་བབས་བྱུང
སྐྱོམ་འདར་ཆེ་ཙམ་དང་བཅས ལྗོན་རྩེ་དང་ཡལ་ག་དུད་སྟངས་ཀྱིས
རྡོ་རྗེ་ཕ་ལམ་ལྟར་འཚེར་བའི་ཁ་བ་ཕོན་པོ་དག
ཆག་ཆག་ཏུ་མར་བསྙིལ་སོང

ས་སྲོད་དུ བྱ་རོག་གྲངས་མེད་ཅིག་འཕུར་འོངས་ནས
སྤྱིལ་བུའི་མདུན་གྱི་ལྗོན་ཤིང་རྩེར་བབས་བྱུང
འགུལ་ཤུགས་དྲག་པོ་དང་བཅས ལྗོན་པའི་ཕྱོགས་ཡོངས་འདར་ནས
རྦབ་ཆུའི་ཟེགས་མ་ལྟར་འཕྱོ་བའི་ཁ་བ་ཡོད་ཚད
ཤིག་ཤིག་ཏུ་མར་དེད་སོང

ལྷིང་འཇགས་ཀྱི་ཉིན་གང་བོར
ངས་ལྗོན་ཤིང་དེ་དང་བྱ་རོག་དེ་གཉིས་ཀྱི་འབྲེལ་བར་བསམ་གཞིག་གཏོང་བ་ལས
ཁ་བ་དེ་ཆགས་ཤིང་ལྷུང་བའི་རྒྱུ་རྐྱེན་ལ
ཡེ་ནས་བསམ་བློ་འཁོར་མ་བྱུང

[མྱོང་རོལ། རོང་བོ་གངས་དཀར།] ཁ་བ་དེ་ཁངས་ཆག་ཅིག་གམ་དུས་མིན་གྱི་ཁ་བ་ཞིག་ཡིན་པ་འདྲ་སྟེ། སེམས་ཁུར་གང་ཞིག་གིས་ཁ་བ་དེ་ལ་ཞེད་སྣང་ཚ་ཙམ་གྱི་ངང་ནས་གཡོ་འདར། སྐྱོམས་འདར། འགུལ་ཤུགས་དྲག་པོས་ལྗོན་རྩེ་ནས་སར་ལྷུང་བ་ཡིན་ནམ། གོ་རིམ་དེ་དག་གིས་སྙན་ངག་པའི་སེམས་ཀྱི་རྨ་ཁ་དག་སྤྲུག་སྤྲུགས་མཛད་པ་ཡིན་ལས་ཆེ་མོད། དེས་ན་བྱ་རོག་གཅིག་དང་ཁོའི་རོགས་པ། ཁོའི་ཚོགས་པ་དག་ནི་སྙན་ངག་པའི་སེམས་ལ་རྨ་ཁ་བཟོ་མཁན་ཡིན་ནམ། སྙན་ངག་འདི་ཐེངས་གཅིག་བཀླགས་པས་ང་ལ་བག་ཡངས་ཁྲོད་ཀྱི་སེམས་ཁུར་དང་སེམས་ཁུར་ཁྲོད་ཀྱི་གཏོལ་མེད་དུ་གྱུར་བས། ངས་ཐེངས་འགའ་ལ་བཀླག་དགོས་པར་གྱུར་ལ། བཀླགས་ནས་ཀྱང་བདག་ལ་ཐེངས་དང་པོ་ལས་ལྷག་པའི་གོ་བ་ཞིག་དང་ཚོར་བ་ཞིག་བསྐྱེད་མ་སོང་།

ལྷིང་འཇགས་ཀྱི་ཁྲོད་ནས་སྙན་ངག་པའི་ལྗོན་པ་ཞིག་ལ་ལྟ་བཞིན་མཆིས་སྟེ། ལྗོན་པའི་ཡང་ལྗོན་རྩེར་བལྟས་ནས་གློག་བརྙན་ལྟ་བུའི་ལྟད་མོ་འགའ་རུམ་ཁུང་ལ་བཅུ་བཞིན་འདུག ལྟད་མོ་འདི་དག་ནི་སྙན་ངག་པ་ཁོ་ནར་དབང་བའི་སེམས་ཀྱི་ལོངས་སྤྱོད་ལས། འུར་ཟིང་གིས་ཀླད་པ་གཡོས་པའི“སྙིགས་མའི་མིས”མཐོང་ཐབས་བྲལ་བ་ཡིན་དེ། “སྙིགས་མའི་མིས”ཆུ་བུར་གྱི་མིག་གིས་མཐོང་བ་ནི་ལྗོན་ཤིང་འདི་བཅད་དེ། གཏུབ་དེ། བཙོང་སྟེ་སོགས་ཀྱི་བཅད་ཁྲ་ལྟ་བུའི་ཚོང་ཟོང་གི་འཇིག་རྟེན་རྫུན་མ་ཡིན།

ཡང་ན་ལྗོན་པ་དེ་ནི་སྙན་ངག་པའི་ཚེ་སྲོག་གི་ལྗོན་པ་ཡིན་པ་འདྲ་སྟེ། ཚེ་སྲོག་གི་ལྗོན་པའི་སྟེང་ལ་བོད་ཀྱི་ཐོན་དངོས་ཁ་བ་མཐུག་པོ་ཞིག་བབས་ཤིང་། ཁ་བ་མཐུག་པོ་དེ་ཕྱི་ཡོང་གི་བྱ་རོག་གཅིག་གིས་སྣང་ཆུང་གིས་སབ་སིབ་ཀྱིས་མར་སྤྲུགས། བྱ་རོག་དུ་མ་ཞིག་འོངས་ནས་སྣང་མེད་ཀྱིས་ཆག་ཆག་མར་བསྙིལ། བྱ་རོག་གྲངས་མེད་འོངས་ནས་ཅི་མི་སྙམ་པར་ཤིག་ཤིག་གིས་མར་དེད་པས། སྙན་ངག་པར་ལྗོན་པ་དང་བྱ་རོག་གཉིས་ཀྱི་འབྲེལ་བ་ལས། ཁ་བ་དང་ལྗོན་པ། ཁ་བ་དེ་ཅིའི་ཕྱིར་ལྗོན་པའི་སྟེང་ཆགས་ནས་སར་ལྷུང་བའི་སྐོར་ལ་བསམ་བློ་ཡེ་ནས་མ་འཁོར་བའམ་ཡང་ན་བསམ་བློ་གཏོང་ཁོམ་མེད་པར་གྱུར། དེས་ན་ང་ཚོས་ཁ་བ་དེའི་འབབ་དོན་ལ་ཇི་ལྟར་བསམ་བློ་གཏོང་ངམ། ང་ཚོས་ཇི་ལྟར་བྱས་ན་ཁ་བ་དེའི་མཚོན་དོན་ཧ་གོ་ཡོང་གི་རེད། དངོས་གནས་བྱས་ན། ཁ་བ་དེའི་མཚོན་དོན་དེ་འདྲའི་གལ་ཆེན་པོ་ཞིག་ཡིན་ནམ།

༢༠༡༢  ༢  ༢༥ཉིན་རོང་བོ་ནས།