གླིང་བུ།

མིག་ལམ་དུ་ལུང་ཤན་ལ་རྒྱུད་འཁོར་བྱུང་
ལ་རྒྱབ་ཏུ་འཁོར་བའི་སྨུག་སྤྲིན་དག་གི་གསེབ་ནས་
རྔམ་མཐུག་པའི་བཟོ་གྲྭའི་ཁང་བརྩེགས་དང་
བཟོ་གྲྭའི་མཁའ་དབྱིངས་གཏིབས་པའི་དུད་སྤྲིན་ལས
གཡའ་དག་པའི་ནམ་མཁའ་གང་ན་ཡོད
མེས་པོའི་ནམ་མཁའ་གང་ན་ཡོད

དམག་རྟའི་རྨིག་སྒྲ་ཡིས་སྙིང་ཁམས་རླབས་རིས་བཞིན་སྒུལ་མྱོང་བའི་
ལུང་ཤན་གྱི་རི་ཆུ་ནགས་གསུམ
ད་དུང་སྐྱོ་ངལ་གྱི་སྨུག་པས་ཟིན་འདུག
སྨུག་པའི་ཁོངས་སུ་བཙན་པོའི་དམག་རྟ་མི་འདུག
དམག་རྟའི་འཚེར་སྐད་མི་འདུག
མགོ་བོ་དགྱེ་ཕྱོགས་ཤིག་གིས་རི་ཆུ་ནགས་གསུམ་གྱི་ཉམ་ང་བའི་ངོ་གདོང་ལས་
བདག་ཀྱང་མེ་འཁོར་གྱི་གོག་འགྲོས་ལ་ཁེན་པའི་
ཆེས་ཐག་རིང་གི་རྒྱུས་མེད་ཀྱི་མགྲོན་པོ་ཞིག་ཡིན་འདུག

ལུང་ཤན་ལ་རྒྱུད
ལོ་རྒྱུས་ཀྱི་གླེགས་བམ་གསེང་དུ་སྲ་མཁྲེགས་ཀྱིས་བརྐོས་ཀྱང་
ནམ་ཟླ་དྲོ་འཁྱག་གི་བརྡབ་གསིག་ཀློང་ནས
ལུང་ཤན་ལ་རྒྱུད་
ད་དུང་བདག་གི་ལུང་ཤན་ལ་རྒྱུད་ཡིན་ནམ

སྐར་མ་བཅུའི་ངལ་གསོའི་མཚམས་སུ་བསྐྱུར་བའི་ལུང་ཤན་ལ་རྒྱུད
མི་རབས་བཅུའི་ཨམ་ཕྲག་ཏུ་མ་ཤོང་པའི་ལུང་ཤན་ལ་རྒྱུད
ཨ་ཕས་མི་འགྱུར་བརྗེད་ཐོ་རུ་བརྐོས་པའི་ལུང་ཤན་ལ་རྒྱུད
ཚ་བོའི་བརྗེད་ངེས་ཀྱི་རྐུན་པོས་འཁྱེར་བའི་ལུང་ཤན་ལ་རྒྱུད
ལུང་་་་་་་་ཤན་་་་་་་་ལ་་་་་་་་་་་རྒྱུད་་་་་་་་་་་་་

༢༠༡༣   ༥    ༤ ཕྱི་དྲོར་ལུང་ཤན་ནས།