སྤྱང་གུ་རུ་འཇིགས་མེད།

ན་ནིང་ལ་རྒྱ་ཟེར་བའི་ཅོང་ཟིག་བརྡུངས་།།
དེ་རྗེས་མཐུན་སྒྲིལ་ཟེར་བའི་ཀི་ཞིག་བཏབ།།
ཤ་དང་རིགས་རྒྱུད་གཅིག་པའི་གཏམ་ཞིག་སྨྲས།།
མི་རིགས་མཐུན་སྒྲིལ་ཟེར་བཞིན་ཞི་བདེ་གླེང་།།

ལ་རྒྱའི་ཕྱིར་དུ་ཡོད་ཚད་སྟེར་ནི་བྱུང་།།
མཐུན་སྒྲིལ་ཕྱིར་དུ་ཅི་ལའང་བཟོད་ནི་བྱུང་།།
ཐམས་ཅད་གཅིག་ཏུ་སྒྲིལ་བས་ཤུགས་ཅིག་མཐོང་།།
འཕེལ་རྒྱས་ལོས་ཡོད་སྙམ་པའི་མདངས་ཅིག་ཤར།།

ད་ལོ་དབྱར་རྩྭ་ཟེར་བའི་རྩྭ་དེ་སྐྱེས།།
རྩྭ་དེའི་རིན་གོང་མཐོན་པོ་གནམ་ལ་བསྙེགས།།
རྩྭ་དེས་ཕན་བདེ་བསྐྲུན་པ་ཤུགས་ཆེ་བས།།
མཐུན་སྒྲིལ་ཞི་བདེའི་ངེས་ཤེས་ཤུགས་ཆུང་བས།།

ཕ་བུ་ཡིན་ཡང་གཡུལ་སར་ཐུག་དགོས་བྱུང་།།
བུ་སྤུན་ནང་ལ་མཚོན་ཁ་བཀྱེད་དགོས་བྱུང་།།
ཞང་ཚན་གཉིས་ཀྱིས་རྡོ་ཁ་འགྲན་དགོས་བྱུང་།།
ཕ་ནུ་གཉིས་པོ་དགྲ་རུ་གྱུར་དགོས་བྱུང་།།

དེ་སྔོན་དམ་པ་ཟིག་གི་མཁྱེན་དཔྱོད་ལས།།
ཐག་རིང་རྒྱང་ལ་གཟིགས་པའི་འདུན་མའི་གཏམ།།
འདི་ཕྱི་རླུང་ལ་བསྐུར་བའི་འཚོ་ཐབས་འདི།།
བཀག་ནས་སྣ་མང་ལས་ལ་གཉེར་དགོས་གདམས།།

རྩ་དང་ཕྱུག་གི་ཕན་བདེ་མི་དམན་པས།།
ལོ་གཅིག་འཚོ་བ་ཁ་ལོ་བསྐོར་འཇོག་པས།།
དེ་ཙམ་གཉེར་ནས་རང་ཡིད་ཚིམ་འཇོག་པས།།
བསམ་གཞིགས་བྱེད་ས་སྣ་གཅིག་ཁོ་ན་ཟེར།།

དེ་ལ་མི་འཐད་སྟོན་པའི་རྟོགས་སད་དེས།།
དེ་ལ་མི་བརྟེན་དེ་ཡིས་ཅི་བྱེད་ཟེར།།
ཁོ་ཚོ་སྔར་བཞིན་དེ་ལ་ཁེན་ནས་བསྡད།།
སེམས་ཀྱི་ཁེན་ས་སྔར་བཞིན་གཅིག་པོ་བྱས།།

ད་ནི་བར་ཆད་བཟོས་ན་ལོས་ཀྱང་ཁྲོ།།
བྱིས་པའི་སློབ་ཡོན་ཚང་མའི་ཟས་གོས་རེད།།
སྣ་མང་འཚོ་ཐབས་འདྲ་བའི་ལམ་ཡོད་ཚེ།།
སྣ་གཅིག་མེད་ཀྱང་སྲོག་ནི་གཏོང་དོན་མེད།།

ད་ནི་ཕུང་འདྲེ་ཟེར་ཡང་ཅི་ལ་ཕན།།
ཞབས་འདྲེན་ཟེར་ནས་སྡིག་ཀྱང་གོ་ཅི་ཆོད།།
བོད་པའི་གྲལ་ནས་ཕུད་པའི་གཏམ་དེ་ཡང་།།
བྱིས་པ་ཁྲོས་པའི་གཏམ་ལས་ཅང་མ་འདས།།

བློ་མིག་ཤེས་རབ་ལྡན་པ་འགའ་ཡོད་ན།།
རྩྭ་རྩོད་འབུ་རྩོད་ལོ་རེ་ཇེ་མང་རེད།།
རྩོད་པའི་གདུག་རྩུབ་ལོ་རེ་ཇེ་རྒོད་རེད།།
གྱོད་ཁ་འདུམ་པའི་བཟི་བ་ཇེ་ཉུང་རེད།།

ཡང་དག་འདུན་མ་གླེང་བའི་དུས་ཟིག་རེད།།
བྱུང་བའི་གྱོད་ཁ་འདུམ་པའི་དུས་ཟིག་རེད།།
མ་བྱུང་མི་འབྱུང་ཐབས་ཅིག་འཐེན་ཚོད་རེད།།
སྣ་མང་ལས་རིགས་འཚོལ་བའི་ལམ་ཞིག་སྟོན།།