ལེ་པ་ནོན་ལ་བསྐྱོད་པ།

ཅིས་ཁྲིན་གྱིས་བརྩམས། (ཡའོ་རིགས།)

“སྐྱོ་སྣང་དང་སྐྱོ་སྣང་ལ་གཡོལ་བ་ནི་མིའི་རིགས་ཀྱི་རྒྱུན་རིང་བོའི་ལས་དབང་ངོ་།།་་་་་་འཇིག་རྟེན་འདི་ལ་གདོང་གཏད་ཅིང་། དེ་ཡི་སྡུག་བསྔལ་ལ་ཁ་གཏད་འཇལ་ཚེ་རྣམ་ཤེས་ཀྱི་བརྩེ་བ་དྲོན་མོ་དེ་མངོན་དུ་འགྱུར་ཐུབ།” _ _ _ _ལེས་ཁུ་ཞི་ན་མོའུ་ཐེ་ཡི་༼བརྩེ་བ་དང་ཁེར་སྡུག༽

མཚན་མོར་མཇལ་བ།
ཐེངས་འདིའི་འགྲུལ་བཞུད་ཀྱི་བར་ཆད་ཐོག་མ་དེ་ནི་མོ་སི་ཁོ་གནམ་ཐང་ནས་བྱུང་བ་ཡིན། རྡོག་ཁྲེས་མང་བོ་འཁྱེར་མཁན་གྱི་འགྲུལ་བ་ཞིག་ལ་མཚོན་ན། མོ་སི་ཁོ་ནས་པེ་རུ་ཐེ་བར་གྱི་ལམ་ཐིག་ནི་ཤིན་ཏུ་རྙོག་ཅིང་འཛིངས་ལ་ཀྱག་ཀྱོག་ཆེ་བ་ཞིག་ཡིན་ནའང་ང་ལ་ཐབས་ཤེས་ཁྱོན་ནས་མི་འདུག ཨུ་རུ་སུ་ཡི་ཕྱི་བསྐྱོད་དཔང་ཡིག་ཐོ་འགོད་ཀྱི་དུས་ཆད་བསླེབ་ལ་ཉེ་མོད། མཐའ་འཁོར་གྱི་རྒྱལ་ཁབ་ཧ་སག་སི་ཐན་དང་ཡུག་རེན་སོགས་སུའང་མཆན་རྟགས་འགོད་ཐབས་མི་འདུག འདི་ནི་ནམ་ཡང་ལམ་བར་དུ་འཆམ་བསྐྱོད་བྱེད་པར་དགའ་བ་ཞིག་ལ་མཚོན་ན་མནར་གཅོད་ཅིག་ལས་མ་འདས་པས། ད་ནི་ཅི་བྱ་ཨང་། འཕུར། འཕུར་ནས་ཀྲུང་གོའི་སྤྱི་དམངས་རྣམས་ས་རུ་དབབ་ཆོག་པའི་གནས་ཤིག་ལ་འགྲོ་དགོས། དྲ་ཐོག་ཏུ་འཚོལ་བཤེར་ཐེངས་ཤིག་བྱས་པར་ཐག་རིང་ལ་རྒྱུས་མེད་པའི་དབུས་ཤར་གྱི་རྒྱལ་ཁབ་ཅིག་སྟེ། ལེ་པ་ནོན་རྙེད་པར་གྱུར་ཅིང་། བལྟས་ཚོད་ལ་ཁོ་མོས་ཁེར་རྐྱང་གི་འགྲུལ་བ་འདི་དང་ལེན་བྱ་འདོད་ཡོད་པ་དང་འདྲ།
ང་རང་དུས་ཚོད་གཅིག་ལྷག་ལ་ས་འོག་མེ་འཁོར་དུ་བསྡད་ཅིང་། དེ་ནས་ཡང་དུས་ཚོད་གཅིག་ལྷག་གི་ལམ་ལ་བསྐྱོད་མཐར་མོ་སི་ཁོ་གནམ་ཐང་དུ་འབྱོར། དེ་ནས་བརྙན་ཡོལ་གྱི་མདུན་དུ་སོང་སྟེ་རང་གི་འཕུར་བསྐྱོད་ཀྱི་དུས་ཚོད་སོགས་ལ་བལྟས་པ་ཡིན་མོད་རྙེད་མ་སོང་། བརྙན་ཡོལ་མང་བོ་ཞིག་བརྗེས་ཏེ་བལྟས་ནའང་མ་རྙེད་ལ་མི་མང་བོར་དྲིས། མཐར་གསར་བུ་(ཁོའི་སྐེ་རུ་དཔྱངས་པའི་དཔང་ཡིག་ལས་ཁོ་རང་གནམ་ཐང་གི་ལས་བཟོ་བ་ཞིག་ཡིན་པ་ཤེས་ཐུབ།)ཞིག་གིས་དབྱིན་སྐད་ད་མ་དིག་གིས་ང་རང་སྟེགས་བུ་༡༠༥ བར་སོང་ནས་བསྒྲིག་ན་འོས་ཚུལ་བཤད་ཅིང་། ཁོ་རང་གིས་ཕྱོགས་བསྟན་པ་ལྟར་སོང་བར་དངོས་གནས་ནོར་མི་འདུག འགྲུལ་བ་དེ་དག་ཚང་མ་མོའུ་སི་ལན་(ང་རང་ཨ་ལན་ཆིག་གི་ཨ་བྷོའུ་ཀྲ་པི་རུ་སོང་ནས་གནམ་གྲུ་བརྗེ་དགོས།)ཤ་སྟག་རེད། དེ་ནས་ང་རང་ཡང་ཕར་སོང་ནས་གྲལ་བསྒྲིགས།
དུས་ཚོད་ཕྱེད་ཀ་ལྷག་ལ་བསྒྲིགས་རྗེས་ང་རང་སྟེགས་བུ་༡༠༧པར་སོང་ནས་བསྒྲིག་དགོས་པ་ཤེས་ཤིང་། སྐར་མ་ལྔའི་སྔོན་ཏག་ཏག་ལ་སྟེགས་བུ་དེའི་སྒོ་བརྒྱབ་སོང་། ང་རང་བྲེལ་ཞིང་འཚུབ་པར་གྱུར་ལ་བརྒྱབ་ཟིན་པའི་སྒོ་ཡི་ཕྱོགས་སུ་རྒྱུག སྐབས་དེར། གསར་བུ་གཞན་པ་ཞིག་ཡོང་ནས་ང་རང་བཀག་ཅིང་གུས་པ་དང་བཅས་ཐུགས་བརྒྱལ་མ་བཞེངས། དེ་རིང་གནམ་གྲུར་སྡོད་ཐབས་བྲལ་ཟེར། ང་ཡི་མིག་ཆུ་དེ་མ་ཐག་བཞུར་ཅིང་། དེ་ཡང་བྲེལ་ཞིང་འཚུབ་པས་ རེད་འདུག
གསར་བུ་དེས་ང་རང་སྟེགས་བུ་༡༠༥བར་བསྒྲིགས་པ་ཤེས་པས་ནོངས་འགྱོད་ཀྱི་རྣམ་འགྱུར་ཞིག་མངོན་འདུག་ལ། ཁོས་ནམ་རྒྱུན་ཡིན་ན་དེ་རུ་འགྲོ་མཁན་ཀུན་གྱིས་དེ་རུ་གནམ་གྲུར་སྡོད་པའི་འགྲོ་ལུགས་བསྒྲུབ་དགོས་རབས་ཟེར། ཡང་གཅིག་བཤད་ན་བདག་གི་ཚུགས་ཀ་དེ་སྙིང་རྗེ་སྐྱེ་བ་ཞིག་ཡིན་ནའང་ཐང་སྟེ། ཁུག་མ་ཆེན་པོ་ཞིག་ཁུར་ནས་གྲོགས་མེད་ཁེར་རྐྱང་ངང་མིག་ཆུ་ཁྲོམ་ཁྲོམ་བཞུར་བས་སོ།། གསར་བུ་དེ་ལས་གནས་ལས་ཐོན་ཏེ་ང་རང་གཞུང་ལས་ཁང་ཞིག་ཏུ་ཁྲིད། གནམ་གྲུའི་པཱ་སེ་ནི་དྲ་ཐོག་ནས་ཉོས་པའི་གོང་བཅག་པའི་པཱ་སེ་ཡིན་པས་བརྗེ་ཐབས་མ་བྱུང་ལ། ཐབས་ཟད་འུ་ཐུག་ཏུ་གྱུར་མཐར་པཱ་སེ་ཞིག་གསབ་བཟོ་བྱས་ཤིང་། དེ་ནས་ངལ་དུབ་ཀྱིས་ནོན་བཞིན་ཕྱིར་མགྲོན་ཁང་དུ་ལོག
མགྲོན་ཁང་དུ་མིང་ལ་མ་ཞུག་ཏུ་འབོད་པའི་ཧྥ་རན་སི་བ་ཞིག་བསླེབས་འདུག་ཅིང་། ང་རང་ཀྲུང་གོ་ནས་ཡོང་བ་ཤེས་འཕྲལ་ཤིན་ཏུ་དགའ་བར་གྱུར། ཁོས་ཁོ་རང་ཆེས་དགའ་བའི་ཀྲུང་གོའི་སྒྱུ་རྩལ་བ་ནི་ཀོང་ལེས་ཡིན་ལ། ཁོའི་ཨ་མས་ཀྲང་མན་ཡུས་ཀྱིས་འཁྲབ་པའི་《ལང་ཚོ》ལ་བལྟས་པས་ཀྲུང་གོའི་མ་ཕྱུ་ལ་ཤིན་ཏུ་དགའ་བར་གྱུར་ཟེར། མ་ཞུག་གིས་བདག་གིས་མ་ཕྱུ་བཟུང་ཡོད་མེད་དྲིས་ཤིང་། གལ་ཏེ་ཡོད་ན་རིན་གོང་མཐོན་པོ་བྱིན་ནས་རང་གི་ཨ་མར་ཉོས་ཆོག་ཟེར། ང་རང་དེ་འདྲའི་རྒྱས་སྤྲོས་ཤིག་གང་ནས་ཡིན་ཏེ། ངའི་ཁུག་མ་རུ་བཀྲུས་ནས་དཀར་བོར་གྱུར་བའི་འགག་ལོ་དང་གླང་རྫིའི་དོར་མ་འགའ་ལས་མེད།
ང་རང་ཕྱི་ཉིན་ལེ་པ་ནོན་ལ་འགྲོ་རྒྱུ་ཡིན་པ་ཤེས་འཕྲལ་མ་ཞུག་ཤིན་ཏུ་ཧ་ལས་པར་གྱུར་ཅིང་། ཚུལ་དེས་ང་ལ་སྔོན་ཆད་ཅིག་ལ་རྒྱ་གར་ནས་འཕྲད་པའི་དབྱིན་ཇི་བ་དེ་དྲན་དུ་བཅུག ཁོས་ཀྲུང་གོ་བས་དུས་ད་ལྟའང་སྤུ་སྨྱུག་གིས་ཡི་གེ་འབྲི་བཞིན་ཡོད་ངེས་སྙམ་གྱིན་འདུག ངས་ཀྱང་སྐབས་དེ་ཤད་ཅིག་ལ་ཕྱི་གླིང་བ་རེ་འགའི་མིག་ནང་དུ་རང་ཉིད་ནི་ཇི་འདྲའི་དུས་རབས་ཀྱི་རྗེས་ཆོད་མཁན་རེད་ཨང་སྙམ་སྟེ། དབྱིན་སྐད་འཆད་ཤེས་པ་མ་ཟད་གློག་ཀླད་ཀྱང་སྤྱོད་ཤེས་ལ། ད་དུང་རང་ཉིད་གཅིག་པུ་ཡུལ་སྐོར་ལ་བསྐྱོད་ཅིང་མི་འགྱངས་པར་དབུས་ཤར་གྱི་བྱེ་ཐང་ལ་འགྲོ་དགོས།
མ་ཞུག་ལ་ཀྲུང་གོར་ང་ལྟ་བུའི་གཅིག་པུར་ལྗོངས་རྒྱུར་འགྲོ་བའི་མི་ནི་བགྲང་ལས་འདས་པར་བཤད་ནའང་། ཁོས་སྔར་བཞིན་སོམ་ཉིའི་མིག་མདངས་ཀྱིས་ང་ལ་ཅེར་ནས། ངས་ནི་རང་གི་ལུས་སྟེང་གི་གླང་རྫིའི་དོར་མ་དེ་ཁོས་འདོད་པའི་མ་ཕྱུ་རུ་བསྒྱུར་ཏེ། སྒེག་པའི་ཉམས་ཤིག་བསྟན་ལོས་ཡོང་སྙམ་དུ་བལྟས་འདུག ཉམས་དེ་དང་བྱེ་ཐང་དེ་ཇི་ལྟར་བྱས་ཀྱང་མཉམ་གཅིག་ཏུ་སྦྱོར་ཐབས་མེད་ནའང་།
ང་ནི་འཆར་ཡན་གྱི་ཧྥ་རན་སི་བ་འདི་དང་བསྡུར་ན་དངོས་དོན་གཉེར་མཁན་ཞིག་ཡིན་པ་འདྲ། ཡང་གནམ་གྲུའི་རྗེས་མི་ལུས་པའི་ཆེད་དུ་སྔ་མོར་ཉལ་ཏེ་སྔ་མོར་ལང་དགོས། ཁ་བརྡ་མཚམས་བཞག་ནས་གྱེས་བརྡ་གཏོང་དུས་མ་ཞུག་གིས་ནམ་ཞིག་ཁོ་རང་དངོས་སུ་ཀྲུང་གོར་ཡོང་ནས་ཨ་མར་མ་ཕྱི་ཞིག་ཉོ་ངེས་ཟེར།
ཕྱི་ཉིན་ཡང་བསྐྱར་དུས་ཚོད་གཅིག་ལྷག་ལ་ས་འོག་མེ་འཁོར་དུ་བསྡད་ཅིང་། དེ་ནས་ཡང་དུས་ཚོད་གཅིག་ལྷག་གི་ལམ་ལ་བསྐྱོད་མཐར་གནམ་ཐང་དུ་འབྱོར། ད་ལྟ་ལ་ཐུག་པའི་བར་དུ་ངས་ཐེངས་དེའི་གོ་འཛོལ་དེ་ནི་ང་དང་གནམ་ཐང་གི་ལས་གཉེར་བ་གཉིས་ཀྱི་སུའི་སྐྱོན་ཡིན་མིན་ཤེས་མ་སོང་སྟེ། ངས་སྟེགས་བུ་༡༠༥་བའི་སྟེང་ནས་གནམ་གྲུར་སྡོད་པའི་བྱང་བུ་བླངས་པ་ནི་ནམ་ལངས་ཉི་ཤར་ལྟ་བུ་ལས་མ་འདས།
གང་ལྟར་ད་ནི་མི་འགྱངས་པར་ང་རང་ས་ཁྱོན་རྒྱ་ཆེ་ཞིང་། ཁུ་སིམ་ཁོ་ནས་བཀླག་དགོས་པའི་རྒྱལ་ཁབ་འདི་དང་གྱེས་འགྲོ། རྩི་ཤིང་དང་ནགས་ཚལ། ཞི་འཇམ་དང་གྲང་ལྷགས་སོགས་མཐོང་སྣང་ལས་ཡལ་མགོ་བརྩམས་ཤིང་། བར་སྣང་ནས་མཐོང་བའི་མོ་སི་ཁོ་ནི་རྒྱང་རིང་ཞིང་རབ་རིབ་ཀྱི་གནའ་བོའི་གྲོང་ཁྱེར་ཞིག་ཏུ་གྱུར་ལ། ཨུ་རུ་སུ་སླར་ཡང་རྒྱང་རིང་དུ་གྱུར་ཅིང་བསྐྱོད་མྱོང་བའི་ས་ཚུགས་མཐའ་དག་སླར་ཡང་རྒྱང་རིང་དུ་གྱུར།
མཚན་མོའི་ཆུ་ཚོད་དགུ་བར་ཨ་བྷོའུ་ཀྲ་པི་གནམ་ཐང་དུ་བསླེབས།
སྐྱ་མདོག་གིས་ཁེངས་པའི་ཨུ་རུ་སུ་དང་བསྡུར་ན། འདི་ནི་འོད་སྣ་ཚོགས་ཀྱིས་གྲུབ་པའི་རྟོག་བཟོའི་འཇིག་རྟེན་ཞིག་སྟེ། གང་སར་སྒྲོན་འོད་གསལ་ཞིང་། རིན་པོ་ཆེའི་རྡོ་བའི་རྒྱུ་ཆ་དག་ལས་ཟེར་མ་འཕྲོ། ས་སྟེང་དུ་དུས་ཚོད་ཀྱི་ཕར་ངོས་ནས་ཡོང་བ་ལྟ་བུའི་ལྭ་རིང་གྱོན་ཞིང་སྨ་ར་རིང་བོ་ཡོད་པ། ལག་པས་བག་ལེབ་སྤྱོད་པའི་ཨ་རབ་ཀྱི་མིས་གང་འདུག གནམ་ཐང་གི་མགོ་རྔ་མ་ལུས་པར་ཉུག་མཐར་བདག་གིས་གོང་ཆེས་སླ་བའི་བཏུང་བ་ཉོ་ཐུབ་སོང་ལ། ཁུ་ནག་དམ་བེ་ཆུང་ངུ་གཅིག་ལ་ཨ་སྒོར་གཉིས་བྱིན་པ་ཡིན། གནམ་ཐང་དུ་རིན་མེད་དུ་སྤྱོད་ཆོག་པའི་གློག་ཀླད་ཀྱི་བསྟར་ཕྲེང་རིང་བོ་ཞིག་འདུག་མོད་མིས་གང་འདུག བདག་གིས་ཕྱོགས་བཞིར་ལྟ་བའི་ཚུགས་ཀ་མཐོང་བས་ཨ་རབ་ཀྱི་སྐྱེས་པ་ཞིག་གིས་མྱུར་ཏུ་སྡོད་ས་བྱིན་སོང་། བདག་གིས་བཀའ་དྲིན་ཞུ་མཚོན་དུ་འཛུམ་ཙམ་བྱས་པར་ཁོའི་གདོང་ནག་པོ་དེ་དེ་མ་ཐག་དམར་བོར་གྱུར།
དུ་འཐེན་ཁང་དུ་ངས་རང་གི་མེ་ཆ་མོ་སི་ཁོ་གནམ་ཐང་དུ་ལུས་པ་ཚོར།(རྗེས་སུ་ཤེས་པ་ལྟར་ན་ཨུ་རུ་སུ་ནས་མེ་ཆ་བཟུང་ནས་གནམ་གྲུར་བསྡད་ཆོག)དེ་ནས་སྐྱེས་པ་ཞིག་ལ་མེ་སློང་བསམ་ནས་ཕར་སོང་བར། ལུས་ལ་ནུབ་ལྭ་གྲལ་དག་གྱོན་པའི་སྐྱེས་པ་དེ་འཚུབ་ཆ་དང་བཅས་ཀོ་ཁུག་ཁྱེར་ཏེ་བུད་སོང་། ཁོས་ང་ལ་ལྟ་བའི་མིག་མདངས་ལས་ང་ནི་གོ་ལ་གཞན་ཞིག་ནས་ཡོང་བ་ལོས་ཡིན་སྙམ་པར་བྱེད།
བདེ་བཤེར་གྱི་སྐབས་སུ། ཆུ་ཚོད་འཁོར་ལོ་འཕུད་རྒྱུ་བརྗེད་པས་འཕྲུལ་ཆས་ཏིས་ཏིས་ཞེས་གྲགས། ལས་གཉེར་བ་ནི་ན་གཞོན་གྱི་གསར་བུ་ཞིག་རེད། ཁོ་རང་ཁ་མལ་ནས་འགྲེང་སྟེ་སྡོད་ཅིང་ཅི་ཡང་མི་བཤད་པར་ང་ལ་བལྟས་ནས་འདུག ང་རང་དེ་ལྟར་གེགས་མེད་ཚེགས་མེད་ངང་ཕར་ལ་སོང་། ནང་དུ་སོང་རྗེས་གསང་སྤྱོད་ཁང་ཕྱི་རུ་ཡོད་པ་ཤེས་པས་ཕྱིར་ལོག་དགོས་བྱུང་། འཕྲུལ་ཆས་ཡང་བསྐྱར་གྲགས་སོང་མོད་གསར་བུ་དེ་སྔར་བཞིན་འགྲེང་བསྡད་ནས་ཅི་ཡང་མ་བཤད། དོགས་མི་བདེ་བའི་ངང་ང་རང་རྔམ་རྔམ་རྫིག་རྫིག་གིས་ཕར་འགྲོ་བར་བལྟས་འདུག
ཏུང་ཀྲིན་ཆོས་ཁང་གི་ཅོང་བརྡ་མི་འདུག དེའི་ཚབ་ནི་ཀུ་རན་གསུང་རབ་བོ།། སྨ་ར་རིང་བོ་ཅན་གྱི་སྐྱེས་པ་དང་། མིག་གཉིས་ལས་མི་མཐོང་བའི་བུད་མེད་དག་གིས་ལྷམ་བཟུང་ནས་གཅིག་རྗེས་གཉིས་མཐུད་ངང་རྒྱས་སྤྲོས་ཀྱི་གནམ་ཐང་གིས་ཆེད་དུ་བསྐྲུན་པའི་གསོལ་འདེབས་ཁང་དུ་འཛུལ་ཅིང་། སླར་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་ཐོན། ང་རང་དེ་ནས་ཧད་དེ་ལུས་ཤིང་། མ་གཞིར་ཡུལ་དུས་ཀྱི་བརྗེ་སྤོར་ཆེན་མོ་ནི་འདིའོ་སྙམ།
པེ་རུ་ཐེ་གནམ་ཐང་དུ་བསླེབས་དུས་ཞོགས་པའི་ཆུ་ཚོད་བཞི་བ་རེད། འདི་ལྟར་ཆ་མེད་པའི་འཇིག་རྟེན་ལ་སླར་ཡང་ནམ་གུང་མཇལ་བ་ནི་ཐེངས་འདིའི་འགྲུལ་བཞུད་ཀྱི་ལས་དབང་ཡིན་ལས་ཆེ། ནམ་གུང་གི་གནམ་ཐང་ནི་ཁོད་ཡངས་ནའང་ལྷིང་འཇགས་ཤིག་གཏན་ནས་མིན་ཏེ། ཧྥེ་གླིང་གི་མི་མང་ཞིག་གིས་ ཅི་ཞིག་བཤད་ཀྱིན་འདུག་སྟེ། ཆ་ཡོངས་སུ་མཚུངས་པའི་ན་གཞོན་གྱི་བུད་མེད་སྐོར་ཞིག་གོ།
ཕོ་ཉམས་དོད་པོ་ཡོད་པའི་དམག་མི་ཞིག་གིས་བདག་གི་ལམ་ཡིག་དང་རེ་ཞུའི་ཡི་གེ་ལ་བལྟས་རྗེས་ཁ་པར་གཏོང་མགོ་བརྩམས། ཁོས་བདག་གི་ཐོབ་ཐང་ལ་གསལ་བོར་ཐག་གཅད་དགོས་འདུག འོན་ཀྱང་བདག་གིས་རེའུ་མིག་བསྐངས་པ་ནོར་བའམ་གཞན་དེ་གཉིད་སོང་བ་ཅི་ཡིན་མི་ཤེས་མོད།(མགྲོན་ཁང་གི་ཨང་གྲངས་ནི་དྲ་ཐོག་ནས་རང་དགར་བཤུས་པ་ཡིན།) ཁོས་ཁ་པར་ཐེངས་འགར་བཏང་ནའང་ཕར་ཕྱོགས་སུ་ཉན་མཁན་མ་བྱུང་།
“ཁྱོད་ལ་གདན་འདྲེན་ཞུ་ཡིག་མེད་དམ།” གསར་བུས་དྲིས་པ།
“ང་ལ་གྲོགས་པོས་བྱིན་པའི་སྡོད་གནས་ལས་མེད།”
“ཁྱོད་ཀྱི་གྲོགས་པོ་ལེ་པ་ནོན་ན་ཡོད་དམ།”
“ཀྲུང་གོ་རུ་ཡོད།”
“མི་དུ་ཡོང་ཡོད།”
“གཅིག”
“བྱ་བ་ཅི་ཞིག་བསྒྲུབ་ཏུ་ཡོང་བ་ཡིན།”ཁོས་ང་ལ་ལྟ་ཙམ་བྱས་ཤིང་། ཡང་ངའི་རྗེས་ཀྱི་འུར་ཆིལ་ཆིལ་གྱི་ཧྥེ་གླིང་གི་བུད་མེད་ཚོགས་ལ་ལྟ་ཙམ་བྱས།
“ཡུལ་སྐོར།”
ཉིན་འགའི་རྗེས་སུ། པེ་རུ་ཐེ་ཡི་སྲང་ལམ་དུ་ང་རང་ཧྥེ་གླིང་གི་མི་ཚོགས་དེའི་ནང་གི་གཉིས་ལ་ཐུག་ཅིང་། གཅིག་གིས་མགྲོན་ཁང་ཞིག་གི་སྒོ་འགྲམ་དུ་ཤེལ་སྒོ་ཕྱི་བཞིན་འདུག་ལ། གཞན་དེ་སྨ་ར་ཅན་གྱི་སྐྱེས་པ་ཞིག་གི་པང་ལ་བསྙེས་ནས་འདུག ཏག་ཏག་སྐབས་དེར། ངས་དགོང་མོ་དེར་དམག་མི་དེས་དེ་ལྟའི་མིག་མདངས་ཀྱིས་ང་ལ་ལྟ་དོན་ཡང་ཅུང་ཟད་རྟོགས་ཡོང་བ་འདྲ།
“རང་ཉིད་གཅིག་པུར་ལེ་པ་ནོན་ལ་ལྗོངས་རྒྱུ་བྱེད་པའི་ཀྲུང་གོའི་བུད་མེད། གནམ་རྒན་མ་ཡ། འདི་ནི་ཅི་ལྟ་བུའི་ལྗོངས་རྒྱུ་བ་ཞིག་ཡིན་ནམ།”ཟེར་ཞོར་ཁོས་སྣ་སྦྲིད་ཆེན་པོ་ཞིག་བརྒྱབ་ཅིང་། དམར་བོར་གྱུར་བའི་མིག་ཟུང་གིས་ང་ལ་ཅེར། སྐབས་དེར་བདག་གི་མིག་ཟུང་ཡང་དམར་བོ་ཁྲག་ལྟར་གྱུར་ཡོད་པ་ཐག་ཆོད་ཡིན་ཏེ། ང་རང་ཉིན་མཚན་བཞི་ལ་ཡག་པོ་ཞིག་གཉིད་མེད། དེ་ལྟར་དམར་བོར་གྱུར་བའི་མིག་ཟུང་ཆ་གཉིས་ཀྱིས་ངལ་དུབ་དང་ཉོབ་པའི་ངང་ནས་ཕན་ཚུན་ལ་ཅེར།
“ཁྱོད་ཅི་ཙམ་ལ་འདུག་རྒྱུ་ཡིན་ནམ།”ཁོས་སླར་ཡང་དྲིས།
“གལ་ཏེ་ཆོག་ན། མ་མཐའ་ཡང་ཟླ་བ་གཅིག་ལ་འདུག་རྒྱུ་ཡིན།”
“ལེ་པ་ནོན་ལ་བསླེབས་པར་དགའ་བསུ་ཞུ།
“ཅི་ཞིག”
“ལེ་པ་ནོན་ལ་བསླེབས་པར་དགའ་བསུ་ཞུ།”
“ཨ། ”
“ལེ་པ་ནོན་ལ་་་་་་བསླེབས་པར་་་་་་དགའ་བསུ་ཞུ།”ཁོས་ཐེངས་གསུམ་ལ་བཤད་པར་ང་ཡིས་ད་བཟོད་གོ་བར་གྱུར། དཔང་ཡིག་འདི་ལྟར་ལག་ཏུ་འབྱོར་སོང་ངམ། རེད་དེ། དོགས་པ་གང་ཡང་མི་དགོས་སོ།། འདི་ལྟར། དགོང་མ་གཅིག་ལ་ང་རང་རྒྱང་རིང་བའི་ཧྥོར་ཇ་གཙང་བོ་ནས་ས་དབུས་རྒྱ་མཚོར་བསླེབས་ཏེ་པེ་རུ་ཐེ་དང་མཇལ་སོང་།

འདོད་པས་ཕྱུག་པའི་པེ་རུ་ཐེ།
ལེ་པ་ནོན་ལ་བསྐྱོད་པ་ནི་བློ་ཡིད་ལས་འགོངས་པའི་འགྲུལ་བཞུད་ཅིག་ཡིན།
ཐོག་མར་འབྱོར་དུས། ཁོ་མོས་ང་ལ་ཧ་ཅང་མི་བདེན་པའི་ཚོར་བ་ཞིག་བྱིན་སོང་། འཛམ་གླིང་འཁྲུག་ཆེན་དང་བོའི་རྗེས་སུ། ལེ་པ་ནོན་ཨོ་སི་མན་བཙན་རྒྱལ་གྱི་མངའ་འོག་ལས་ཐར་ནའང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སྟོབས་ལྡན་དག་གིས་བཙན་འཛུལ་དང་མི་སེར་སྤེལ་ཡུལ་དུ་གྱུར། 1943ལོར་རང་བཙན་བྱས་རྗེས་ཀྱང་རྒྱུན་རིང་བོའི་འཐབ་འཁྲུག་བརྒྱབ་པ་ཡིན་ཏེ། ལོ་ངོ་བཅུ་དྲུག་གི་ནང་འཁྲུག་དང་དབྱི་སི་རལ་གྱི་བཙན་འཛུལ་ལ་རྒོལ་བ་ལྟ་བུའོ།།
ལེ་པ་ནོན་དུ་མདའ་མཚོན་ཐོགས་པའི་དམག་མི་ནི་ག་ས་གང་དུའང་མཐོང་ཐུབ་ཅིང་། ད་དུང་ལྕགས་དྲ་དང་མཁར་རྫོང་། ཐན་ཁེ་སོགས་ཀྱང་ངོ་།། སྔོན་ཆད་གློག་བརྙན་ལས་མ་གཏོགས་མཐོང་མ་མྱོང་བའི་དངོས་པོ་འདི་དག་པེ་རུ་ཐེ་རུ་ཉིན་རྒྱུན་མཐོང་ཐུབ།
ཡོད་ཚད་ཀྱིས་ང་ལ་འདི་ནི་དམག་འཁྲུག་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་གསལ་འདེབས་བྱེད་བཞིན་ཡོད་ནའང་། ཁོ་མོ་དབུགས་ཧལ་ཧལ་གྱིས་མིག་མདུན་དུ་མངོན་ཡོང་དུས། སྔར་བཞིན་རྨི་ལམ་དུ་མྱུལ་བ་ལྟ་བུའི་ཚོར་བ་སྐྱེས་འོངས། སྡོད་ཡུན་ཅི་ཙམ་རིང་བ་དེ་ཙམ་དུ་ང་ཡིས་ལེ་པ་ནོན་ནི་ཁྲག་རྒྱུན་མང་བོ་ལྡན་ཞིང་རྒྱུད་འདྲེས་པའི་ཕྲུ་གུ་ཞིག་དང་འདྲ་ཞིང་། ཕྱོགས་དང་ཚུལ་གང་ནས་བལྟས་ཀྱང་ཁོ་མོར་འོས་ཤིང་འབབ་པའི་གཏན་ཁེལ་གྱི་གོ་ཐོབ་ཅིག་སྟེར་དཀའ་བར་སྙམ།
མཚན་ཚོགས་ཁང་དང་ཆང་ཁང་། རྒྱན་འགྱེད་ཁང་དང་རྟ་རྒྱུག་ར་བ་སོགས་འཛོམས་པའི་གྲོང་ཁྱེར་འདི་རུ། གྱོན་པས་ཡོངས་སུ་གཅུད་པའི་མོའུ་སི་ལན་པ་རྣམས་མཐོང་ཐུབ་ལ། མཛེས་ཆས་ཀྱིས་སྤྲས་ཤིང་དེང་རབས་ལ་ཕྱོགས་པའི་ལང་ཚོ་དར་བབས་ཀྱི་བུད་མེད་ཀྱང་རིག་ཐུབ། ཆེ་མ་ཆུང་གསུམ་གྱི་ཡེ་ཤུའི་ཆོས་ཁང་དང་ཁ་ཆེའི་ལྷ་ཁང་ནི་གྲོང་ཁྱེར་གྱི་གང་སར་ཁྱབ་འདུག་ལ། ང་རང་སྡོད་པའི་མགྲོན་ཁང་གི་ཁ་གཏད་དུའང་ཁ་ཆེའི་ལྷ་ཁང་ཞིག་དང་ཡེ་ཤུའི་ཆོས་ཁང་ཞིག རྩལ་རྩེད་ཚོགས་པ་ཞིག་བཅས་མཉམ་དུ་ཡོད་པ་དེ་ཡང་དུས་ཚོད་ལ་བསླེབས་མ་ཐག ཁ་ཆེའི་ལྷ་ཁང་གི་ཆོས་སྐད་དང་ཡེ་ཤུ་ཆོས་ཁང་གི་ཅོང་བརྡ། རྩལ་རྩེད་ཚོགས་པའི་དགའ་འབོད་བཅས་དུས་གཅིག་ལ་གྲག་པར་འགྱུར་རོ།།
བཀྲག་མདངས་ཚད་ལས་བརྒལ་བ་ལྟ་བུའི་ཉི་མ་ནི་ཟེར་མ་འབུམ་གྱི་ཚོགས་དང་བཅས་མཁའ་རུ་བཀལ་འདུག་ཅིང་། ཨ་རབ་ཀྱི་ལུགས་ལྟར་མ་ཡིན་ལ་ཡོ་རབ་ཀྱི་ལུགས་བཞིན་ཡང་མ་ཡིན་པའི་བཟོ་བསྐྲུན་དག་ནི་སྔོ་བསངས་ཀྱི་ས་དབུས་རྒྱ་མཚོའི་མཐའ་རུ་འགྱིངས་ཚུལ་དེས། མི་རྣམས་ཅི་བྱེད་མི་ཤེས་པ་ཞིག་ཏུ་བཏང་འགྲོ་ལ། གནས་འདིའི་མི་རྣམས་(ང་རང་ཐེ་བའི)ནི་ཧ་ལས་ཤིང་ཁྱད་མཚར་བའི་རྒྱུ་ཆ་སྣ་ཚོགས་ཀྱིས་བཟོས་པའི་ཁོར་ཡུག་ཅིག་ཏུ་འཚོ་བ་ཇི་བཞིན། ཡོད་ཚད་ལ་དེ་ལྟར་ཆ་འཇོག་མེད་པ་ཞིག་ཏུ་སྣང་ངོ་།། འོན་ཀྱང་བསྟོད་བསྔགས་མི་འབུལ་ཐབས་མེད་ཀྱི་རང་རྟོན་ཞིག་ཡོད་པ་ནི། སྲང་ལམ་དུ་སོས་དལ་བག་ཕེབས་ཀྱིས་འགྲོ་བའི་ལམ་འགྲོ་བ་དག་ལས། ཁྱོད་ཀྱིས་ནམ་རྒྱུན་དམག་འཁྲུག་ཁྲོད་ཡོད་པའི་རྒྱལ་ཁབ་ཅིག་གི་སྐྱོ་སྡུག་གི་ཆ་ཕྲ་མོ་ཙམ་ཡང་རྙེད་ཐབས་མེད་པ་དེ་ཡིན།
འདི་ལྟ་བུའི་སྣེ་མང་རྙོག་འཛིང་དང་ལྷོད་བག་སོས་དལ་གྱི་རྣམ་པ་དེའི་དབང་གིས། ང་ཡིས་“ཐིག་ལྗང་”ཞེས་པའི་ཐ་སྙད་དེ་གོ་དཀའ་བར་གྱུར། དེ་ནི་1975ལོར་ལེ་པ་ནོན་དུ་ནང་འཁྲུག་བྱུང་རྗེས། པེ་རུ་ཐེ་ཕྱོགས་གཉིས་སུ་གྱུར་ཅིང་། བྱང་ཕྱོགས་ཀྱི་པེ་རུ་ཐེའི་དཀྱིལ་སྙིང་ཚོང་ལས་ཁུལ་ནས་ཤར་ལྷོའི་མཁར་ཕྱིའི་བར་དུ་རིང་ཚད་ལ་སྤྱི་ལེ་དྲུག་ལྷག་དང་ཞེང་ལ་སྨི་ཉིས་བརྒྱ་ལྷག་ཡོད་ལ། མིང་ལ་“ཐིག་ལྗང་”དུ་འབོད་པའི་མི་མེད་ས་ཁུལ་ཞིག་གོ། “ཐིག་ལྗང་”ནི་ཤར་ནུབ་ཀྱི་ཕྱོགས་གཉིས་དགར་བྱེད་དུ་མ་ཟད། ཆོས་ལུགས་ཆེན་པོ་གཉིས་ཀྱི་དམངས་དམག་གིས་(དབྱི་སི་ལན་དང་ཡེ་ཤུའི་ཆོས་ལུགས།)ཛ་དྲག་གི་གཡུལ་འགྱེད་སའང་ཡིན་ནོ།། དམག་འཁྲུག་དང་ཞི་བདེ། དོན་ངོ་མར་ཕྱོགས་གང་ཞིག་ནི་བདེན་པ་ཡིན་ནམ། ཡང་གཅིག་བཤད་ན་གཉིས་ཀ་བདེན་ཀྱང་སྲིད་དོ།། འདི་ལྟ་བུའི་དམག་འཁྲུག་རྒྱུན་མི་འཆད་པའི་རྒྱལ་ཁབ་ཅིག་ནས་གསོན་ཐུབ་པ་ནི་ཆེས་ཆེ་བའི་རྒྱལ་ཁ་ཡིན་པས། འཐོབ་དཀའ་བའི་ཞི་བདེའི་དུས་ཚོད་ཐུང་ངུའི་ནང་དུ་དགའ་བདེའི་ཉི་མར་མི་ལྡེ་བའི་གནས་ལུགས་ཤིག་གང་ན་ཡོད།
འདི་ལྟ་བུའི་གནས་ཚུལ་གྱིས་ང་ལ་ལོ་འགའི་སྔོན་འཁོར་བགེགས་བྱུང་མྱོང་བའི་གྲོགས་པོ་ཞིག་དྲན་དུ་བཅུག་སོང་ལ། རྐང་ལག་གཅོད་འབྲེག་གི་ཆག་སྒོ་དེའི་རྗེས་སུ། ཁོའི་སྔོན་གྱི་སྡང་སེམས་འཁོན་འཛིན་དང་རང་རློམ་ཁེངས་དྲེགས་ཀྱི་གཤིས་ཀ་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། དོན་དག་གང་གིས་ཀྱང་ཁོ་ལ་སྡང་སེམས་དང་འུར་འདྲོགས། གནོད་པ་སྐྱེལ་མི་ཐུབ་པ་འདྲ་ལ། ཁོ་རང་ཞི་དུལ་བག་ཕེབས་དང་གཟབ་ནན་བཟོད་སྒོམ་གྱི་མི་ཞིག་ཏུ་གྱུར་བ་མ་ཟད། ལག་གཟེབ་ཐོགས་ཏེ་དལ་བ་དལ་བུར་སྔོན་ཆད་ལྟ་ཙམ་ཡང་མི་བྱེད་པའི་སྔོ་ཚལ་གྱི་ཁྲོམ་རར་འགྲོ་བའི་མི་ཕལ་བ་ཞིག་ཏུ་གྱུར།
སྐབས་དེ་དུས་ང་རང་རྒྱུན་དུ་རྒྱ་མཚོའི་འགྲམ་དུ་སོང་བ་ཡིན། མགྲོན་ཁང་ནས་རྐང་ཐང་ལ་སྐར་མ་བཅུ་ཡས་མས་ཙམ་སོང་ན་མུ་མེད་པའི་མཚོ་ངོགས་སུ་བསླེབས་འགྲོ། གལ་ཏེ་མོས་པ་ཡོད་ན། ཁྱོད་རང་དེ་ལྟར་ཉི་མ་ནུབ་རིར་ཡོལ་བའི་བར་དུ་སོང་ཆོག ཉིན་དཀར་དང་ས་སྲོད་གང་ཡིན་ཡང་རྒྱ་མཚོའི་འགྲམ་དུ་ནམ་ཡང་མི་ཚོགས་ཀྱིས་ཁེངས་ཡོད་དེ། དེ་དག་གིས་ཀྱང་རྒྱ་མཚོར་ཕྱོགས་ཏེ་འབུར་ཚུགས་སུ་བལྟ་བའམ། ཉ་འཛིན་པ། ཕ་བོང་གི་སྟེང་དུ་གན་རྐྱལ་ལོག་ནས་ལྷོད་ལྷོད་ངང་ཨ་རབ་ཀྱི་ཐ་མག་ཧྲུའེ་ཡན་འཐེན་པ་སོགས་བྱེད་དོ།། བདག་གི་མི་ཚེའི་འདིའི་ཐོག་མའི་ཐ་མག་ཧྲུའེ་ཡན་ཁམ་གང་བོ་དེ་ཡང་པེ་རུ་ཐེའི་མཚོ་འགྲམ་ནས་བརྔུབས་པ་ཡིན། གང་བྱུང་དུ་གཏམ་ལབ་རྒྱུར་མི་དགའ་བའི་ཨུ་རུ་སུ་བ་རྣམས་དང་བསྡུར་ན། ལེ་པ་ནོན་གྱི་མི་རྣམས་ནི་འདྲིས་སླ་ཞིང་མགྲོན་ལ་དགའ་བས་ང་རང་ཅི་བྱ་གཏོལ་བྲལ་དུ་བཏང་། གང་ན་ཡོད་ནའང་སུ་ཞིག་གིས་འཛུལ་དམུལ་དམུལ་གྱིས་ཁྱོད་ལ་ཁ་ཡ་བྱེད་ཅིང་། “ལེ་པ་ནོན་ལ་བསླེབས་པར་དགའ་བསུ་ཞུ། རོགས་རམ་བྱེད་དགོས་སམ། ཕར་ལ་སྐྱེལ་དགོས་སམ།”སོགས་ཟེར་བ་ཡིན།
ཐེངས་ཤིག་ལ་དེ་གའི་མི་ཞིག་གིས་ང་ལ་ཧྥ་རན་སིའི་སྐད་ཀྱིས་འཚམས་འདྲི་ཞིག་བྱས་སོང་། ངས་དབྱིན་སྐད་ཚིག་གཅིག་བཤད་པར་ཁོས་མྱུར་ཏུ་ཁ་བསྒྱུར་ནས་དབྱིན་སྐད་ལབ་སོང་།
“ཁྱོད་ཀྱིས་ཁྱོན་བསྡོམས་སྐད་རིགས་ག་ཚོད་ཤེས་སམ།”མཐར་བདག་གིས་མ་བཟོད་པར་དེ་སྐད་དྲིས།
“ཨོ། ངས་ནི་ཧྥ་རན་སིའི་སྐད། དབྱིན་སྐད། འཇར་མན་གྱི་སྐད། སི་ཕེན་གྱི་སྐད། དབྱི་ཏ་ལིའི་སྐད། ཨུ་རུ་སུའི་སྐད་ཙམ་ཤེས་ཤིང་། ད་དུང་འཇར་པན་གྱི་སྐད་ཀྱང་ཨེན་ཙམ་ཤེས།”ཕ་རོལ་བོས་འཛུམ་བཞིན་ལན་བཏབ།
“ཡ་མཚན། ཁྱེད་ཀྱི་ཇི་ལྟར་སྦྱངས་པ་ཡིན།”
“ངས་སྐད་རིགས་གསར་བ་རེ་སྦྱང་བསམ་དུས་མཛའ་མོ་གསར་བ་རེ་བཙལ་བ་ཡིན། དེ་ལྟར་བྱས་ཚེ་མྱུར་ཏུ་ཤེས་འགྲོ།”
“འོ་ན་རྗེས་མར་སྐད་རིགས་ཅི་ཞིག་སྦྱང་རྩིས་ཡིན།”
“ཀྲུང་གོའི་སྐད།”ཕ་རོལ་བོས་སྔར་བཞིན་འཛུམ་དམུལ་ལེར་ང་ལ་བལྟས་འདུག
ང་ཡང་བགད་པ་ཡིན། འདི་ལྟ་བུའི་སྡུག་གསར་རྙིང་གཉིས་ཀྱིས་གང་བའི་རྒྱལ་ཁབ་ཅིག་ཏུ། ཁ་མཚར་ནི་བློ་གྲོས་ཀྱི་འཚོ་བའི་རྣམ་འགྱུར་ཞིག་ཡིན་པ་ལྟ་མི་སྨོས། དམག་འཁྲུག་གིས་དབུལ་ཕོངས་བསྐྲུན། འོན་ཀྱང་ལེ་པ་ནོན་དུ་བདེན་པའི་དཔྱད་འཇོག་ལ་མི་འཐད་པ་སྟོན་པ་ནང་བཞིན། ལེ་པ་ནོན་ནི་འཛམ་གླིང་དུ་རླངས་འཁོར་གྱི་བསྡུར་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཅིག་སྟེ། ཆ་སྙོམས་བྱས་ན་མི་གསུམ་རེར་སྒེར་འཁོར་རེ་ཡོད་པ་ཡིན།
ཡང་ནས་ཡང་དུ་ཉམས་ཉེས་དང་བསྐྱར་བསྐྲུན་བྱས་ཤིང་། ཕྱི་བུན་མང་བའི་རྒྱལ་ཁབ་འདི་ལ་མི་སེར་རྣམས་ཕྱུག་པོར་གཏོང་བའི་ནང་འདྲེན་དངོས་པོ་དེ་འདྲའི་མང་བ་ནི་བལྟས་ཚོད་ལ་ང་རྒྱལ་སྐྱེ་འོས་པ་ཞིག་ཅི་ལ་མིན། འོན་ཀྱང་ཅང་མ་འགོར་བའི་རྗེས་ནས་བདག་གིས་སྣ་མང་བའི་རིག་གནས་དང་གང་སར་ཁྱབ་པའི་རླངས་འཁོར་ནི། རྒྱལ་ཁབ་འདིའི་སྙིང་སྟོབས་ཀྱི་མ་རྩའི་ཐོན་རྫས་མིན་པར། མི་རྣམས་ཀྱིས་ལོངས་སྤྱོད་ལ་བཅངས་པའི་དགོས་ངེས་ཀྱི་འདུ་ཤེས་དང་དར་རྒྱས། གཞོམ་གཞིག་བྲལ་བའི་རང་གི་རིག་གནས་རྒྱུ་ནོར་གྱི་མི་འདང་ས་དེ་རེད་སྙམ། རྒྱལ་ཁབ་འདིའི་མཐོ་རིམ་དཔོན་པོ་མང་བོ་ཞིག་པེ་རུ་ཐེའི་“ཨ་རི་སློབ་ཆེན་”ནས་སློབ་མཐར་ཕྱིན་པ་ཡིན་ནའང་། འདི་ལྟའི་ལྟ་ཚུལ་ལ་མི་འགྱངས་པར་བདག་གི་སྟེང་ནས་བདེན་དཔང་རྙེད་ངེས།
ཕྱི་ཉིན་ཉིན་གུང་། ང་རང་དབྱི་རག་གི་གཞུང་ཚབ་ཁང་དུ་དཔང་ཡིག་ལ་མཆན་འགོད་རེ་ཞུ་རྒྱག་པར་སོང་བ་ཡིན། དེར་འབྱོར་རྗེས་ཀྱི་ཐོག་མའི་དོན་ཆེན་ནི། གཤིས་འཇམ་སྙིང་ཉེ་ཡི་ལས་གཉེར་བ་དེས་བྱིན་པའི་མགོ་དཀྲིས་བླངས་ཏེ་སྐྲ་ལོ་དཀྲི་རྒྱུ་དེ་རེད། དགོ་དཀྲིས་ནི་སི་ཡིས་བཟོས་པ་ཡིན་པས་ལྷུང་སླ། དེའི་ཕྱིར་སེམས་ཆུང་མ་བྱས་པར་སྐྲ་ལོ་ཕྲན་ཙམ་ཕྱིར་མངོན་པར་ཁ་གྲག་རྒྱུར་མི་དགའ་བའི་མཆན་སྤྲོད་མཁན་གྱིས་ཧ་ཅང་གཟབ་ནན་ངང་། མྱུར་ཏུ་སྐྲ་སྒྲིབས་ཤིག་ཅེས་གསལ་འདེབས་བྱས།
མཆན་སྤྲོད་མཁན་གྱིས་ཐེངས་གཉིས་ལ་དེ་ལྟར་ང་ལ་གསལ་འདེབས་བྱས་ཤིང་། མཐར་མ་མཐའ་ཡང་ཉིན་བཅུ་གཉིས་ལ་ལྷག་ལ་སྒུག་དགོས་ཟེར།
ངས་རང་ཉིད་དེ་དུས་ཨེ་ཇིབ་ལ་མི་འགྲོ་བར་ཅིས་ཀྱང་དབྱི་རག་ལ་འགྲོ་དོན་ཆ་མ་འཚལ་མོད། གནའ་བོའི་པར་སིག་རྒྱལ་ཁབ་ལ་བཅངས་པའི་འདུན་པ་ཤིན་ཏུ་དྲགས་པའང་། དེ་ཡི་རྒྱུན་རིང་ཞིང་གཏིང་ཟབ་པའི་རིག་གནས་ལོ་རྒྱུས་ལས་གཞན། མ་ཆིས་ཏིག:མ་ཆིས་ཏིས་དང་ཨ་པ་ཟི་གཉིས་ལའང་འབྲེལ་བ་ཡོད་པ་འདྲ་སྟེ། དབྱི་རག་གི་རྩེར་སོན་གྱི་འཁྲབ་ཁྲིད་པ་ཁོང་རྣམ་གཉིས་ཀྱི་གློག་བརྙན་ནི་བཙལ་ནས་རྙེད་ཐུབ་པ་ཞིག་ཡིན་ཚེ་བདག་གིས་བལྟས་མ་མྱོང་བ་ཞིག་ཡོད་མི་སྲིད།
དབྱི་རག་གཞུང་ཚབ་ཁང་ནས་སྒོར་བུད་པ་ན། ཡུད་ཙམ་ལ་ཇི་ལྟར་སྤྱི་སྤྱོད་རླངས་འཁོར་དུ་སྡོད་དགོས་པའང་ཤེས་མ་སོང་། ལམ་དུ་གཡས་ལྟ་གཡོན་ལྟ་ཙམ་བྱས་ནས་བསྡད་པར། “ཙི་གུ་”ལྟ་བུའི་འཕྲུལ་རྟ་ཞིག་ཙིར་སྒྲ་དང་བཅས་མདུན་ཐད་དུ་བསྡད་སོང་། པེ་རུ་ཐེ་རུ་སྐྱེས་པ་སྟོབས་ཆེན་སྨ་ར་ཅན་དག་གིས་འཕྲུལ་རྟ་ཤིན་ཏུ་ཆུང་བ་རེ་ཞོན་ནས་འགྲོ་བ་གང་སར་མཐོང་ཐུབ་ལ། ཚུལ་དེས་རྟག་ཏུ་མི་རྣམས་དགོད་ཁ་འཆོར་བར་བྱེད།
“རོགས་རམ་འདྲ་བྱེད་དགོས་སམ།”གནམ་ནས་བབས་པ་ལྟ་བུའི་“ལེ་ཧྥུན་”གྱིས་མིག་ཟུང་ཆེ་གཉིས་བགྲད་ནས་དེ་ལྟར་ལབ།
ངས་ནི་དགོས་པའི་བརྡ་རུ་བསྟུད་མ་བསྟུད་ཐོག་ལ་མགོ་བོ་ལྡེམ། དེ་ནས་གོམ་པ་བརྒྱ་ལའང་སོམ་མ་སོང་གི་མཚམས་ནས་ཕ་རོལ་བས་ཁ་གྲགས་སོང་།
“ཁྱོད་ལ་འགྲོག་ཆོག་གམ། May I sex with you tonight?”
སྙིང་ལ་རྗེ་བའི་ང་ཨང་། ངས་ནི་ཁོས་དེ་ལྟ་བུའི་ལྗིད་ཏིག་ཏིག་གི་དྲི་བ་ཞིག་དྲིས་འགྲོ་བ་སེམས་པའི་དགུ་ལའང་འཆར་ག་ལ་སྲིད། དེ་ནས་ཁོའི་སྨྲ་མ་དག་པས་SEXYཞེས་པ་SEXཞེས་པར་ནོར་སོང་བར་གོ་བ་བླངས། ཡིན་ཡང་དེ་ལྟ་ན་དེ་ནི་ཇི་འདྲའི་སྔ་གཞུག་མི་འབྲེལ་བའི་སྐད་ཆ་ཞིག་རེད་ཨང་། གང་ལྟར་སྐབས་དེ་ཙམ་དུ་བདག་གི་མགོ་བོ་ཉོག་སོང་བས་དགོད་ཙམ་བྱས་པ་ཡིན།
བགད་ཙམ་བྱས་པ་དེས་ཕ་རོལ་བོ་དགའ་དྲགས་ནས།“ཁྱོད་ཀྱི་ཁ་པར་ཨང་གྲངས་ག་རེ་ཡིན། ཆུ་ཚོད་བརྒྱད་པའི་སྟེང་ངས་ཁྱོད་ལ་ཁ་པར་གཏང་ཆོག”ཟེར།
“ཁ་པར་བཏང་བས་ཅི་བྱ།”
“ཁྱོད་ཀྱིས་ང་དང་མཉམ་དུ་SEXབྱ་འདོད་པ་མིན་ནམ།”
བདག་གིས་ཅི་དགོས་པའང་མ་ཤེས་ཤིང་། མཐར་“སྟོང་བསམ།”ཞེས་བཤད་ནས་འཕྲུལ་རྟ་ལས་བབས་ཏེ་ཚ་བའི་ཁྲོད་གཅིག་པུར་རྐང་ཐང་ལ་སོང་།
སོང་སོང་མཐར་ང་ལ་ལྟོགས་སྣང་སྐྱེས། དེ་ནས་བག་ལེབ་སྲེག་ས་ཞིག་ལ་འཛུལ་ཞིང་། ཟ་ཁང་དེ་རུ་རྫོབ་ཆེ་ནའང་སྲོལ་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན་འདུག་ལ། མེ་དྲག་ཏུ་འབར་བཞིན་པའི་ཐབ་ཀའི་སྟེང་ལ་ད་སོ་མར་བཟོས་པའི་བག་ལེབ་ཀྱིས་གང་འདུག བག་ལེབ་ལ་ཤ་ཡོད་མེད་སྣ་གཉིས་ཡོད་ལ། ངས་ནི་ཤ་མེད་པ་གཅིག་ཉོས་པ་ཡིན། སྐབས་དེར་བདག་གི་ཉེ་འགྲམ་ན་སྐྱེས་པ་ཞིག་འདུག་པ་དེས་ཤ་ཅན་འགའ་ཉོས་སོང་། ཟ་མ་ཟ་ཞོར། བདག་གིས་ས་རྡུལ་འཁོར་བའི་སྲང་ཤུར་ཆུང་ངུ་དེ་ལ་བལྟས་ཤིང་། སྔོ་ཡུག་ཡུག་གི་རྒྱ་མཚོ་དང་རིང་དུ་གྱེས་ཚེ། པེ་རུ་ཐེ་ཡི་དུས་གསར་གྱི་རྣམ་པ་དང་འཚོ་གནས་ཀྱི་གོ་སྐབས་དེ་ཡང་རང་ཤུགས་ཀྱིས་ཡལ་འགྲོ་བ་འདྲ། རྡུལ་གྱིས་གོས་པའི་ཁང་ཁྱིམ་དག་གི་མདུན་ཕྱོགས་སུ། བག་མེད་སྒྱུད་ལུག་གི་མི་ཚོགས་ནི་བསྟར་ཕྲེང་བསྒྲིགས་ནས་ཡོད་དེ། ཁྱིམ་ཆས་རྙིང་བ་འཚོང་མཁན་དང་། ས་ལ་བསྡད་ནས་ཐ་མག་ཧྲུའེ་ཡན་འཐེན་མཁན། སྔོ་ཚལ་རེ་བཟུང་ནས་དལ་བུར་འགྲོ་མཁན་སོགས་སོ།།
“ཧེ། ཁྱོད་རང་གང་དུ་འགྲོའམ། ང་ལ་རླངས་འཁོར་ཡོད། ནང་དུ་སྡོད་དམ།”
ངས་ཕྱིར་བལྟས་པ་ན་བག་ལེབ་ཤ་ཅན་ཉོ་མཁན་གྱི་སྐྱེས་པ་དེས་རླངས་པ་ཐུལ་ཐུལ་གྱི་ཟ་རིགས་ཤིག་བཟུང་ནས་མགྱོགས་པོར་ཡོང་གི་འདུག
ཁོ་ཚུར་ཡོང་ནས་རང་ཉིད་མཚམས་སྦྱོར་བྱས་པར། མིང་ལ་ཡ་པོ་ལ་ཧན་འབོད་ཅིང་། “ཨ་རིའི་སྐུ་དྲག་སློབ་གྲྭ་”ཞིག་ཏུ་རང་གི་ཚ་བོ་ལེན་དུ་འགྲོ་བ་ཡིན་ཟེར།
ཁོའི་རླངས་འཁོར་ནི་འོད་འཕྲོ་ཞིང་གསར་དུ་ཉོས་པའི་“པོ་མ་”རླངས་འཁོར་ཞིག་རེད་འདུག
ངའི་བསམ་པར་སློབ་གྲྭར་བྱིས་པ་ལེན་དུ་འགྲོ་ཞིང་རླངས་འཁོར་ཡང་གྲགས་ཆེན་བསྐོར་མཁན་ཞིག་ཡིན་དུས། ཅི་ཙམ་ངན་ནའང་ཁ་གྲགས་མ་ཐག་ཁྱོད་དང་མཉམ་དུ་SEXབྱས་ཆོག་མིན་འདྲི་མཁན་གྱི་མི་གཏུམ་པོ་ཞིག་དང་བསྡུར་ཐབས་མེད་སྙམ།
ཡ་པོ་ལ་ཧན་བདེན་པར་འདུག ཁོ་རང་དངོས་གནས་“ཨ་རིའི་སྐུ་དྲག་སློབ་གྲྭ་”ཞིག་ཏུ་སོང་ཞིང་། སློབ་གྲྭའི་སྒོ་འགྲམ་དུ་རླངས་འཁོར་གྲགས་ཆེན་སྣ་ཚོགས་ཤིག་བསྟར་འདུག ང་ཚོ་བསླེབས་པ་ཅུང་སྔ་བས་བྱིས་པ་རྣམས་གྲོལ་བར་སྐར་མ་བཞི་བཅུ་ལྷག་ལ་སྒུག་དགོས་འདུག དེ་ནས་ཡ་པོ་ལ་ཧན་གྱིས་ང་ཚོ་ཉེ་འགྲམ་ཞིག་ཏུ་སོང་ནས་ཁོ་ཧྥེ་རེ་འཐུང་ན་ཇི་འདྲ་ཟེར།
ཁོ་ཧྥེ་ཁང་ནི་མཚོ་འགྲམ་དུ་ཡོད་ཅིང་ནང་གི་བཀོད་པ་ཡང་ཤིན་ཏུ་ཡག་ལ་རྒྱན་གོས་དང་རྣམ་པ་མཛེས་པའི་ན་གཞོན་མང་བོས་གང་འདུག ལ་ལས་སྤུས་ལེགས་པའི་ཕོར་བ་སྒུལ་ཞོར་རྒྱ་མཚོར་བལྟས་འདུག་ཅིང་། རེ་འགའ་བག་ཕེབས་ངང་བསྡད་ནས་ཆུ་ཡི་ཝུ་བ་འཁོར་བའི་ཐ་མག་ཧྲུའེ་ཡན་རྔུབ་ཀྱིན་འདུག ནུབ་ཕྱོགས་པའི་བྱ་སྤྱོད་འདྲ་བ་རེའང་མངོན་ཡོང་སྟེ། སྣང་དོགས་གང་ཡང་མེད་པར་ཁ་བརྡ་གློད་ཅིང་། མཚོ་རླབས་རེ་འཕྱུར་དུས། པེ་རུ་ཐེ་ཡི་ངོ་མཚར་བའི་བློ་ཁེངས་ཡིད་ཚིམས་དང་སྐར་བཟང་འཕྲོད་སྦྱོར་གྱི་རྣམ་པ་དེའང་ཕྱིར་སྤྲོས་འོངས་པ་དང་མཚུངས།
ཁྲིའུ་འཁོར་ལ་སྡོད་པའི་རྒན་པོ་ཞིག་ཐོན་ཞིང་། འཁོར་ལོ་འདེད་མཁན་གྱི་ཡ་གླིང་བུ་མོ་དེ་ནི་གཟུགས་གཞི་ཞན་པས་ཁོ་མོས་ཁྲིའུ་འཁོར་དེ་སྐས་ཐོག་ནས་འཁྱེར་མི་ཐུབ་པ་ཐག་གིས་ཆོད། སྟོབས་རྒྱས་པའི་ཡ་པོ་ལ་ཧན་གྱིས་ཚུལ་དེ་མཐོང་བས་གང་ཡང་མི་བཤད་པར་ཕར་སོང་ནས་ཁྲིའུ་འཁོར་བཀྱགས་ནས་ཐང་ལ་བརྟན་པོར་བཞག་སོང་། བྱ་སྤྱོད་དེས་ངས་ཁོ་ལ་བཟུང་བའི་ཡིད་ཆེས་དེ་ཡང་སྔར་བས་ཆེ་བར་གྱུར། ཁོ་ཧྥེ་འཐུང་ཚར་དུས། བྱིས་པ་རྣམས་གྲོལ་བའི་དུས་ལའང་བསླེབས་འདུག་པས་ངེད་གཉིས་སློབ་གྲྭའི་ཕྱོགས་སུ་སོང་།
དེ་ནི་འཚོ་གནས་གཞན་དང་མི་འདྲ་བའི་བྱིས་པའི་ཚོགས་ཤིག་སྟེ། ཁོ་ཚོའི་གྱོན་པ་དང་རྣམ་འགྱུར་ལས་ཀྱང་རྒྱལ་ཁབ་དེ་དང་ཚོགས་སྡེ་གང་དེའི་རིན་ཐང་ལྟ་ཚུལ་ཤེས་ཐུབ་པར་འདུག རླངས་འཁོར་རྣམས་གཅིག་རྗེས་གཅིག་གིས་བུད་སོང་། ངེད་གཉིས་ཀྱིས་ཡུན་རིང་སྒུག་པའི་“ཚ་བོ”འང་བསླེབས་སོང་། སྐྲ་ལོ་སྒྲིལ་ཞིང་ངོ་གདོང་དཀར་བའི་བུ་ཆུང་དེ་གཉིས་ཀྱིས་ང་ལ་གཡང་ཊི་མུར་བཞིན་བཙས་པའི་“ཡུས་པོ་”དྲན་དུ་བཅུག
རླངས་འཁོར་ནང་ཕྱི་རྒྱལ་གྱི་བུད་མེད་ཅིག་བསྡད་ཡོད་པ་མཐོང་འཕྲལ། བུ་ཆུང་གཉིས་དང་ཐོག་ཅུང་ཡ་མཚར་བ་འདྲ་ནའང་ཅང་མ་འགོར་བར་རྒྱུན་ལྡན་ལྟ་བུར་གྱུར། ཁོ་ཚོས་ནི་ཕ་ཀི་སི་ཐན་དང་རྒྱ་གར་གྱི་བྱིས་པ་རྣམས་ལྟར་ང་ལ་ཅེར་ནས་མི་འདུག་ལ། དྲི་བ་གཅིག་ཀྱང་བཏོན་མ་སོང་། དྲང་མོར་བཤད་ན་ཁོ་ཚོས་ང་རང་ཡོད་པར་སྣང་བ་གང་ཡང་འཇོག་གི་མི་འདུག རླངས་འཁོར་སོང་ནས་ཅང་མ་འགོར་བར་བྱིས་པ་ཅུང་ཆེ་བ་དེས་ཨ་པོ་ལ་ཧན་ལ་ཁར་ཐོན་གློག་བརྙན་བཀར་དུ་བཅུག སྐར་མ་འགར་བལྟས་རྗེས་སླར་ཡང་བརྗེ་རུ་བཅུག དེ་ལྟར་ཡང་དང་བསྐྱར་དུ་བརྗེས་ནས་སྐར་མ་བཅུ་ལྷག་གི་རིང་ལ་འོད་སྡེར་བདུན་བརྒྱད་ཅིག་བརྗེས་སོང་། ཡ་པོ་ལ་ཧན་གྱིས་དེ་ལྟར་གུས་ཞབས་ལྡན་པའི་ངང་བུ་ཆུང་གིས་གང་བཤད་བསྒྲུབས་མོད། གུས་ཞབས་དེ་ནི་ལྷག་བསམ་རྣམ་དག་ཅིག་མིན་པར་མི་འཐད་བཞིན་དུའམ་གཡོག་པོས་བདག་པོ་ལ་ཞུ་བའི་གུས་ཞབས་དང་འདྲ་བོ་འདུག
ཡ་པོ་ལ་ཧན་སྒོར་ཆུ་ཉོ་རུ་སོང་བའི་གླགས་དང་བསྟུན་ནས། ངས་བུ་ཆུང་ལ་“ཨ་ཁུ་ཉིན་རྒྱུན་ཁྱོད་གཉིས་ལེན་དུ་ཡོང་བ་ཡིན་ནམ།”ཞེས་དྲིས།
“ཨ་ཁུ་གང་། ཡ་པོ་ལ་ཧན་ནི་ངའི་ཁ་ལོ་བ་ཡིན། ངེད་ཚང་ལ་རླངས་འཁོར་བཅུ་བཞི་ཡོད་ཅིང་། སྐབས་རེར་ཡ་པོ་ལ་ཧན་ལེན་དུ་ཡོང་ལ་ལན་རེར་ཁ་ལོ་བ་གཞན་པ་ཡོང་བ་ཡིན། ངས་རང་གིས་རླངས་འཁོར་བསྐོར་འདོད་ནའང་ཨ་ཕས་བསྐོར་དུ་མི་འཇུག ད་དུང་ནར་སོན་དགོས་ཟེར།”བུ་ཆུང་གིས་དེ་ལྟར་བཤད་རྗེས་སྣང་མེད་ངང་མུ་མཐུད་མགོ་བསྒུར་ནས་རྩེད་འཇོར་རོལ།
མ་གཞིར་དེ་འདྲ་ཞིག་རེད་ཨང་། ཡ་པོ་ལ་ཧན་ཕྱིར་བསླེབས་སོང་། ཁོའི་རླངས་འཁོར་གྱི་མྱུར་ཚད་དང་སྨིན་མཚམས་ཀྱི་བྲེལ་འཚུབ་དེས་མྱུར་བར་“ཚ་བོ་”ཕར་བསྐྱལ་ནས། རང་ཉིད་ཀྱི་དུས་ཚོད་ལོངས་སུ་སྤྱོད་པའི་རེ་བ་དེ་ཚོར་ཐུབ་པ་འདྲ་ལ། དེ་ཡང་ཕལ་ཆེར་རྒྱལ་ཁབ་གཞན་གྱི་བུད་མེད་དང་མཉམ་དུ་མཚན་མོར་རོལ་རྒྱུ་དེ་ཡིན་ལས་ཆེ།
ངས་ཁོ་བོའི་རྫུན་མ་བརྟོལ་ལ། གནས་གང་རུང་ཞིག་ཏུ་གྲོགས་པོར་ཁ་ཆད་བྱས་ཡོད་རབས་ལབ་ནས་རླངས་འཁོར་ལས་བབས་པ་ཡིན། གྱེས་བརྡ་ཞུ་དུས། “ཨ་ཁུ་”ཁོང་གིས་ཡང་དང་བསྐྱར་དུ་དགོང་མོར་ཁོ་ལ་ཁ་པར་གཏང་རོགས་ཟེར་ཞིང་། རླངས་འཁོར་མི་འདོད་བཞིན་དུ་ཕ་རོལ་དུ་ཆས་ཤུལ་དུ། འབྲི་སྟངས་རེ་རེ་བཞིན་གཟབ་ནན་གྱིས་བྲིས་པའི་ཁ་པར་ཨང་གྲངས་དེ་ཡང་། སྲང་ལམ་གྱི་སྙིགས་སྣོད་ནང་ལ་ལྷབ་ལྷབ་ངང་བསྐྱོད་སོང་།
ང་རང་མུ་མཐུད་དུ་ལམ་ལ་ཆས།
གཞུང་ཚབ་ཁང་ནས་བདག་གི་མགྲོན་ཁང་བར་གྱི་ལམ་ཐག་ཤིན་ཏུ་རིང་། འགྲོ་རེས་ཀྱི་འཕྲུལ་རྟ་དང་རླངས་འཁོར་གཉིས་ལ་བསྡད་ནའང་། མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཏེ། ཁ་ཆེའི་ལྷ་ཁང་ཆེན་མོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ཅང་མ་འགོར་བར་རླངས་འཁོར་ཞིག་བདག་གི་མདུན་དུ་དལ་བུར་བསྡད་སོང་ལ། ཕལ་ཆེར་མི་ཞིག་ལ་སྒུག་པ་དང་མཚུངས། རླངས་འཁོར་ཤིན་ཏུ་མང་བའི་གྲོང་ཁྱེར་འདིའི་རྒྱ་ཆེ་བའི་སྲང་ལམ་ཡོངས་སུའང་རྐང་ཐང་དུ་འགྲོ་མཁན་ནི་རེ་ཟུང་ལས་མི་འདུག རླངས་འཁོར་དེ་ག་ནས་བསྡད་དེ་འགུལ་ཙམ་ཡང་མི་བྱེད་ལ། ང་རང་དེའི་ཉེ་འགྲམ་བརྒྱུད་དུས་དྲ་མ་མར་ཕབས་ནས་ཨ་རབ་སྐད་ཀྱིས་མང་བོ་ཞིག་ལབ་སོང་། ཁ་ལོ་བ་ནི་ཇི་འདྲའི་ན་གཞོན་ཞིག་སྟེ། གཞོན་དྲགས་ནས་ངས་རང་ཉིད་བུད་མེད་ཅིག་ཡིན་པའང་རྩ་བ་ནས་བརྗེད་སོང་ན་ཆོག་ཨང་སྙམ་པར་བྱེད།
ངས་སོམ་ཉིའི་ངང་མགྲོན་ཁང་གི་མིང་བྱང་བླངས་ནས་བསྟན་པ་ཡིན། སྟེང་དུ་ཨ་རབ་ཀྱི་ཡི་གེ་ཡོད་ལ་ཁོས་བལྟས་ཙམ་བྱས་ནས་མགོ་ལྡེམ་ནས་ནང་དུ་བུད་ཆོག་པའི་བརྡ་བསྟན། ལམ་བར་དུ་ཁོས་རྒྱུན་ཆད་མེད་པར་ཅི་ཞིག་བཤད་ཀྱིན་འདུག་ནའང་། ང་ཡིས་འཛུམ་ཙམ་བྱེད་པ་ལས་ཐབས་ཤེས་གང་ཡང་མི་འདུག ཁོ་ནི་ང་རང་འཕྲད་པའི་ལེ་པ་ནོན་གྱི་མིའི་ནང་གི་ཕྱི་སྐད་ཚིག་གཅིག་ཀྱང་མི་གོ་བའི་མི་དེ་རེད་འདུག
དམིགས་ཡུལ་ལ་བསླེབ་ལ་ཉེ་དུས། ངས་གང་ཡང་ཤེས་ཀྱིན་མེད་པ་ཚོར་བས་ཁོ་རང་འཚབ་པར་གྱུར། ཁུག་མ་ལས་སྒོར་མོ་བརྩེགས་མ་ཞིག་བླངས་ཤིང་། ངས་ག་ཚོད་ཡོད་མི་ཤེས་ནའང་གང་ལྟར་ཤོག་སྒོར་ལྟེབ་མ་ཞིག་རེད་འདུག ང་རང་ཧ་ལས་སོང་། འདི་ནི་ངེད་དང་འགྲོ་ཕྱོགས་གཅིག་པའི་རླངས་འཁོར་ཞིག་མིན་ནམ།
“དགོངས་པ་མ་ཚོམས། ངས་རླངས་འཁོར་འདིར་དེ་འདྲའི་སྒོར་མོ་མང་བོ་དགོས་པ་མ་ཤེས།”དེ་ལྟར་ཟེར་ཞོར་རླངས་འཁོར་ལས་འབབ་པར་བརྩམ།
ཁོ་རང་སྔར་བས་བྲེལ་བར་གྱུར་ ཅིང་། དེ་ལས་ཀྱང་མཐུག་པའི་ཤོག་སྒོར་བརྩེགས་མ་ཞིག་བཏོན་ཏེ། གོང་མཛུབ་གཉིས་བཤིབ་ནས་ཅི་ཞིག་གི་བརྡ་སྟོན་པར་བྱེད་ལ། དེ་ཡང་རང་རེས་ཆའམ་ཟུང་གི་དཔེ་རུ་མཛུབ་མོ་ཉིས་གཤིབ་བྱེད་པ་དང་འདྲ། ཁོས་ད་དུང་རང་གི་ལག་པའི་རྒྱབ་ཏུ་འོ་འགའ་བྱས་ཤིང་དེ་ནས་ང་རང་ལ་མཛུབ་བརྡ་བཏང་།
རེད་དེ། གསལ་བོར་ཤེས་སོང་། ཁོས་ང་ལ་ཚོང་ཞིག་རྒྱག་བསམ་གྱིན་འདུག
ངས་ཁོ་ལ་བལྟས་ནས་མི་འཐད་པའི་བརྡ་བསྟན་ཞིང་། བློ་ཐག་ཆོད་པོའི་ངང་རླངས་འཁོར་ལས་བབས་པ་ཡིན། བདག་གིས་ཕྱིར་འཁོར་ནས་བལྟས་པ་ན་རླངས་འཁོར་སྔར་མལ་ན་འདུག་ལ། སྐྱེས་པ་དེ་(ད་ནི་སྐྱེས་པ་ཞེས་བོས་ན་དེ་བས་འཚམས་པ་འདྲ།)འདུག་སྟེགས་སུ་བསྡད་ནས་ལག་ནང་གི་ཤོག་སྒོར་ལ་བལྟས་འདུག ཁོས་ཅི་ཞིག་ལ་བསལ་བློ་གཏོང་བཞིན་པ་འདྲ་ལ། ཁོས་གཏན་དུ་གང་ལའང་བསམ་བློ་མི་གཏོང་བའང་སྲིད་དོ།།
འདི་ལྟ་བུའི་ཡང་དང་བསྐྱར་དུ་བྱུང་བའི་དོན་ངན་དག་གིས་ངས་རང་ཉིད་ལ་ཞིབ་བཤེར་ཞིག་བྱ་དགོས་བྱུང་། ཇི་ལྟར་བསམ་ནའང་བདག་གི་གྱོན་པ་དག་འདོད་པ་སློང་བྱེད་ཅིག་ཏུ་སྨྲ་ཐབས་གང་ན་ཡོད། རྗེས་སུ། འདི་ལྟ་བུའི་དོན་དག་ནི་རྒྱུན་ལྡན་ཞིག་ཏུ་གྱུར་བས་ངས་ཧ་གོ་སོང་། དོན་དག་གི་འབྱུང་རྩ་ནི་གྱོན་པ་དང་མོ་སྒོ་མ་ཡིན་པར། ང་རང་གྲོགས་མེད་ཁེར་རྐྱང་གི་ཕྱི་རྒྱལ་གྱི་བུད་མེད་ཅིག་ཡིན་པས་རེད། འདི་ཙམ་གྱིས་ཆོག་པ་མིན་ནམ།
ལེ་པ་ནོན་ནི་གསར་བ་གསར་རྐྱང་སྟེ། རྒྱུ་མཚན་ནི་ཡང་རྡུལ་དུ་བཏང་མ་ཐག་སླར་ཡང་བསྐྲུན་ནོ།། སྔར་གྱི་ཞིག་རོ་གཙང་དག་བྱས་མ་ཚར་གོང་འཇིག་རྟེན་གསར་བ་གློ་རྡེག་ལ་བསྐྲུན་ཞིང་། འཇིག་རྟེན་གསར་བ་དེ་གྱང་ཆག་ཏུ་གྱུར་དུས་འཇིག་རྟེན་གཞན་པ་ཞིག་ཡང་བསྐྱར་བཞེངས་འགྲུབ་པར་བྱེད། དེ་ལྟར་ཡང་ནས་ཡང་དུ་འཇིག་རྟེན་གསར་བ་ཞིག་གི་ཁུད་ལ་གཅུད་ནས་འགྲོ་བའི་ལེ་པ་ནོན་གྱི་མིས། འཚོ་བ་ལ་སྐབས་བསྟུན་བདེ་འཚོལ་གྱི་རྣམ་འགྱུར་འཛིན་པར་ཡང་ཁག་ཅི་ཡོད།
ལེ་པ་ནོན་དུ། མི་རྣམས་ཀྱིས་རྒྱུན་དུ་དགོད་གཏམ་རེ་བཤད་པ་ལས་ཆོས་ལུགས་དང་ཆབ་སྲིད་སྐོར་གྱི་གླེང་མོལ་མི་བྱེད། རྒྱུན་ཆད་མེད་པའི་ཆག་འཇིག་དང་མི་སེར་སྤེལ་བའི་ལོ་རྒྱུས་ཀྱི་དབང་གིས། “ཨ་རབ་ཀྱི་དེང་རབས་རིག་གནས་ཀྱི་སྡིངས་ཆ་ ”རུ་འབོད་པའི་ལེ་པ་ནོན་དུ་འཚོ་བའི་མི་རྣམས་ཀྱིས། གཡོལ་ཐབས་མེད་པའི་ཕྱི་ཡོང་གི་ཤན་ཤུགས་སྣ་མང་ལ་གདོང་གཏད་དགོས་ཤིང་། རང་གི་རབ་རིབ་ཏུ་གྱུར་བའི་གནའ་བོའི་མི་རིགས་ཀྱི་འདུ་ཤེས་ཀྱི་རྒྱུན་ཀྱང་སྐྱོང་དགོས་པ་ཡིན། ཕར་འདས་ཚུར་ཡོང་གི་དངོས་པོ་དག་སྟེ། ནུབ་ཕྱོགས་པའི་འཇིག་རྟེན་ལྟ་ཚུལ་དང་ཨ་རབ་པའི་མི་ཚེའི་ལྟ་ཚུལ་གཉིས་ཀྱང་ཕན་ཚུན་ལ་གཅིག་ཤན་གཅིག་གིས་ཐེབས་པས་མཐར་རྙོག་ཆུ་ཞིག་ཏུ་གྱུར་བ་ཡིན། འདི་ལྟའི་གནས་ཚུལ་གྱིས་མི་རྣམས་ཅི་བྱ་གཏོལ་བྲལ་དུ་བཏང་ངོ་།། འཇིག་རྟེན་གསར་རྙིང་གང་དུའང་ཁོ་ཚོས་ཕྱོགས་གཅིག་གི་རྣམ་པ་ལས་དེའི་སྙིང་བོ་འཛིན་མ་ཐུབ་ཅིང་། མཐར་གཟབ་ནན་མི་བྱེད་པར་རང་དགར་གདམས་གསེས་ཙམ་བྱས་པའོ།། དུས་ཚོད་དང་འདོད་བློ་དེ་ཡང་ཕྱི་རྒྱལ་གྱི་མིའི་སྟེང་དུ་གཏོང་ངོ་།། ཕ་ཀི་སི་ཐན་གྱི་སྐྱེས་པ་དག་གི་གཟབ་ནན་དང་མངོན་ཆུང་གི་མིག་མདངས་དང་མི་འདྲ་བར། ལེ་པ་ནོན་གྱི་སྐྱེས་པ་དག་གི་མིག་མདངས་ནི་ཐེ་ཚོམ་མེད་པ་ཞིག་སྟེ། སྲོག་ཆགས་ཀྱི་རིགས་ཀྱི་ཐད་ཀར་རམ་འཛེམ་མེད་ཀྱི་ཆ་དེ་འདྲེས་ནའང་། མི་རྣམས་ལ་འཇིགས་ཡེར་བའི་སྣང་བ་སྦྱིན་པར་མི་བྱེད། ཁོ་ཚོས་གོ་སྐབས་ཤིག་ལ་སྒུག་ཅིང་སྟབས་ལེགས་སྟེས་དབང་ཞིག་ལ་རེ་བར་བྱེད། གལ་ཏེ་ཁྱོད་ཀྱིས་བློ་ཐག་རྦད་ཆོད་ཀྱིས་ཁས་མ་བླངས་ཚེ། ཁོ་ཚོས་བཙན་ཤུགས་བཀོལ་མི་སྲིད་ལ་སྣང་དོགས་མེད་པར་ཁྱོད་རང་བདེ་བླག་གིས་རླངས་འཁོར་ལས་འབབ་ཏུ་འཇུག་ངེས། དེ་ནས་སྲང་མདོའམ་ལམ་སྣེ་གང་རུང་ཞིག་ཏུ་ལེ་པ་ནོན་གྱི་སྐྱེས་པ་དག་གི་རླངས་འཁོར་ལ་ཞིབ་བཤེར་ཞིག་བྱེད་པའི་དབང་དུ་བཏང་ན། དེ་ནི་རྐང་ཚེགས་ལེན་བྱེད་ཅིག་ཡིན་པ་མ་ཟད་“བརྔོན་དངོས་བསྡུ་ས་”ཞིག་ཀྱང་ཡིན་ངེས།
ཉིན་འགའི་རྗེས་སུ་ངས་རྩ་བའི་ཆ་ནས་དེ་གའི་སྐྱེས་པ་རྣམས་ལ་ཇི་ལྟར་འབྲེལ་འདྲིས་བྱེད་དགོས་ཚུལ་ཤེས་སོང་། ཟླ་བ་ཕྱེད་ཀའི་རིང་ལ་ངས་དབྱི་རག་གཞུང་ཚབ་ཁང་དུ་འགྲོ་དུས་དེ་མ་གཏོགས་གླ་གཏོང་རླངས་འཁོར་གླས་མ་མྱོང་ལ། རྗེས་སུ་རྒྱུན་དུ་འགྲོ་ཞོར་གྱི་རླངས་འཁོར་ལ་བསྡད་པ་ཡིན། ཐ་ན་ཁྱོད་ཀྱིས་རླངས་འཁོར་འགོག་ཀྱང་མི་དགོས་ཏེ། ཁྱོད་རང་གཅིག་པུ་ཡིན་པ་མ་ཟད་བུད་མེད་ཅིག་ཀྱང་ཡིན་ཚེ། ནམ་ཡང་རླངས་འཁོར་ཞིག་ཁྱོད་ཀྱི་རྗེས་ནས་རང་འགུལ་སྡོད་པར་བྱེད་ཅིང་། དེ་ནས་འདྲི་ཐེངས་སྟོང་ལ་དྲི་ཚུལ་འགའ་ལས་མེད་དེ།
1.ཁྱོད་རང་གཅིག་པུ་ཡོང་བ་ཡིན་ནམ། ལན། གྲོགས་པོ་མགྲོན་ཁང་དུ་ཡོད།
2.གཉེན་བསྒྲིགས་ཡོད་དམ། ལན། མཛུབ་དཀྲིས་སྲིན་མཛུབ་ཏུ་བསྐོན་ལ་སྟོན་ཙམ་བྱས་པས་འཐུས།
3.ཁྱོད་རང་གང་དུ་བསྡད་ཡོད། དགོང་མོར་མཉམ་དུ་རྩེད་ན་ཆོག་གམ། ལན། མི་གཞན་ལ་དུས་ཆད་བྱས་ཡོད།
ལན་འདི་དག་གིས་སྐབས་རེར་གོ་ཆོད་པར་འདུག ཡིན་ཡང་ཕངས་པ་ཞིག་ལ་བརྒྱ་ཆའི་བརྒྱད་ཅུ་ལྷག་གིས་“ཁྱོད་ཀྱི་མཛའ་གྲོགས་(ཡང་ན་ཁྱོ་ག)ད་ལྟ་གམ་དུ་མེད་པས་སྐྱོན་མི་འདུག”ཟེར་རོ།། དེ་ལྟ་ནའང་། དེར་མ་ཟད་ལ་ལས་ཁྱོད་རང་རླངས་འཁོར་དུ་མ་བུད་གོང་ནས་ཡར་མར་མང་བོ་ཞིག་འདྲི་ནའང་ང་རང་རླངས་འཁོར་དུ་བསྡད་པ་ཡིན་ཏེ། དེ་ནི་ལམ་གླ་ཙམ་ལ་སེར་སྣ་བྱས་པ་མིན་པར་ང་རང་འདི་ལྟ་བུའི་རྣམ་པར་ཤིན་ཏུ་དགའ། དེ་ཡང་རླངས་འཁོར་འདྲ་མིན་ལ་བསྡད་ཚེ་མི་འདྲ་མིན་ལ་ཐུག་ཅིང་། དེ་དག་ལས་བསམ་ཚུལ་འདྲ་མིན་ལ་མཉན་ཐུབ་པས་ཡིན། ད་དུང་ང་རང་ཡུལ་ལྗོངས་ཙམ་ལ་ལྟ་རུ་ཡོང་བ་མིན་ལ། ཡང་གཅིག་བཤད་ན། རླངས་འཁོར་ལ་མ་བསྡད་ནའང་དེ་ལྟའི་གནས་ཚུལ་ལ་འཕྲད་པས་སོ།།
དཔེར་ན་ས་སྲོད་དེར། ངས་རང་འདེམ་ཚོང་ཁང་ཆུང་བ་ཞིག་ཏུ་ཟས་རིགས་འགའ་ཉོས་ནས་དལ་བུར་མཁར་རྙིང་གི་ཕྱོགས་སུ་སོང་བ་ཡིན། རྒྱས་སྤྲོས་ཆེ་བའི་གསོལ་ཁང་དག་གིས་གང་བའི་གནས་དེར། དེང་རབས་ཀྱི་གློག་སྒྲོན་ནི་ཁ་ཆེའི་ལྷ་ཁང་དང་ཡེ་ཤུའི་ཆོས་ཁང་གི་སྟེང་དུ་བཀར་འདུག་ཅིང་། བྱིས་པ་དག་གིས་དགའ་འབོད་རྒྱག་ཞོར་ཕུག་རོན་བདའ་བཞིན་འདུག ལུས་ཡོངས་བཏུམས་པའི་མོའུ་སི་ལན་པ་རྣམས་དང་རྒྱབ་སྟོད་རྗེན་པར་མངོན་ཞིང་འདོད་པ་སློང་བའི་བུད་མེད་དག་ནི་དལ་དལ་ལྷོད་ལྷོད་ངང་འགྲོ་བཞིན་འདུག ལུས་ལ་དྲག་ཆས་སྤྲས་པའི་དམག་མིས་ལམ་འགྲོ་བ་རེ་རེ་བཞིན་མིག་བཤེར་བྱེད་ཅིང་། རྒྱབ་ཀྱི་མེ་མདའི་མཆུ་ནི་བར་སྣང་ལ་ཕྱོགས་འདུག
ནུབ་ཕྱོགས་ཀྱི་བུད་མེད་ཅིག་གཅིག་པུར་བདག་གི་འགྲམ་ནས་བུད་སོང་། སྐར་མ་འགའི་རྗེས་སུ། ལེ་པ་ནོན་གྱི་སྐྱེས་པ་ཞིག་གིས་རྗེས་བསྙེགས་སོང་། དེ་ནས་མཚན་རླུང་གིས་ཤིན་ཏུ་རྒྱུས་ཡོད་པའི་ཁ་བརྡ་ཞིག་བསྐྱལ་ནས་བསླེབས་ཤིང་། དེ་ནི་“ཁྱོད་རང་གཅིག་པུ་ཡིན་ནམ།” “ཨོ་མིན་མིན། གྲོགས་པོས་མགྲོན་ཁང་དུ་ངལ་གསོས་ཡོད།”ཅེས་པའོ།།
ང་ཡིས་འཛུམ་བཞིན་གློག་འོད་ཀྱི་ཁྲོད་ན་མཛེས་སྡུག་གིས་རྒྱུ་བའི་པེ་རུ་ཐེ་ལ་བལྟས་ཤིང་། སྲང་ལམ་གྱི་མགོ་མཇུག་བར་གསུམ་ན་གྲགས་ཤིང་ཨ་རབ་ཀྱི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་གླུ་མ། ཧྥོས་ལོའུ་སི་ཡི་གླུ་སྐད་ལ་ཉན་པ་ཡིན། རང་དབང་མེད་པར་དཔེ་དེབ་གང་རུང་ཞིག་ནས་མཐོང་བའི་སྐད་ཆ་ཞིག་དྲན་སོང་། “ཁྲག་ནི་བཞུར་བའི་ཆེད་དང་། ལང་ཚོ་ནི་བག་མེད་ཀྱི་ཆེད་དུའོ།།”

ལྷ་ནི་བརྩེ་བའོ།།

ཉིན་དེར་ང་རང་སོང་སའི་གནས་དེའི་མིང་ལ་ཀྲ་ཧི་ལེ་ཟེར་ཞིང་། ལ་ལས་དེ་ནི་གྲོང་ཁྱེར་ཞིག་གོ་ཟེར་ལ་ཁ་ཅིག་གིས་སྡེ་བ་ཞིག་གོ་ཟེར། ཡང་ལ་ལས་དེ་ནི་དམག་དོན་གྱི་རྟེན་གཞི་ཞིག་ཡིན་ཚུལ་བརྗོད། ངས་དེ་དག་ལས་གང་ཞིག་བདེན་མིན་མི་ཤེས་ནའང་། དེ་ནི་ཤིན་ཏུ་ལྷིང་འཇགས་ཀྱི་གནས་ཤིག་ཡིན་ཟེར་བ་དང་། ད་དུང་རྒུན་ཆང་ཐོན་བསྐྱེད་བྱེད་ས་གྲགས་ཆེན་ཞིག་ཀྱང་ཡིན་ཟེར་བས། ང་རང་ཆང་ཐིགས་པ་ཙམ་ཡང་མི་འཐུང་མཁན་ཞིག་ཡིན་ཡང་འགྲོ་འདོད་སྐྱེས། ང་རང་བསྡད་པའི་རླངས་འཁོར་ནི་སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་རེད་ལ། ནང་དུ་ང་དང་སྐྱེས་པ་གཉིས་འདུག་ཅིང་། གཅིག་ནི་ཁ་ལོ་བ་དང་གཞན་དེ་ནི་འགྲུལ་བའོ།། ཁ་ལོ་བ་ནི་ན་གཞོན་ཞིག་རེད་ལ་ལོ་ཉེར་ལྔ་ལས་བརྒལ་མི་འདུག་སྙམ། ལུས་པོ་ཚོ་ཞིང་དབང་ལྔ་སྐྱོན་མེད་དུ་གནས། ང་རང་རླངས་འཁོར་དུ་བུད་པ་ནས་བཟུང་ཁོས་ཡང་དང་བསྐྱར་དུ་ཕྱིར་ལྟ་བར་བྱེད། ང་རང་དེ་འདྲའི་བཙོག་པ་ཞིག་ག་ལ་ཡིན། ལེ་པ་ནོན་གྱི་མཛེས་མ་རྣམས་དང་བསྡུར་ནའང་ང་རང་བར་མ་ཞིག་ཡིན་ངེས། ཁོས་ང་ལ་ལྟ་ཞིང་མིག་འབྲས་ཀྱང་ལྷུང་ལ་ཁད་ཅིག་ལྟ་བར་བྱེད་པས་ངས་ཐེངས་དུ་མར་འཁོར་བགེགས་མི་འབྱུང་ངམ་སྙམ་པ་བྱུང་།
ཁོས་ང་ལ་ལྟ་ཐེངས་རེར་མཁའ་དབུགས་ཀྱི་ནང་དུ་འོ་རེ་སྤུར་བར་བྱེད་ལ། ཨ་རབ་སྐད་ཀྱིས་ཅི་ཞིག་བཤད་ཀྱིན་འདུག གང་ལྟར་ངས་ཧ་མ་གོ འོན་ཀྱང་འགྲུལ་བ་དེ་ཡང་དགོད་བཞིན་པར་བལྟས་ན། ངོ་ཚ་མེད་པའི་འཆལ་གཏམ་གྱི་རིགས་ཡིན་པ་འདྲ། དང་ཐོག་ངས་སྣང་འཇོག་གང་ཡང་མ་བྱས་ལ་ཡང་འདོད་ཆགས་ཀྱིས་གཟིར་བའི་ལེ་པ་ནོན་གྱི་སྐྱེས་པ་ཞིག་རེད་ཨང་སྙམ། འོན་ཀྱང་རྗེས་སུ། འགྲུལ་བ་དེ་རླངས་འཁོར་ལས་བབས་ཤུལ་དུ། ཁོས་མྱུར་ཏུ་བསྐོར་མཚམས་བཞག་ནས་ཕྱིར་འཁོར་ཏེ། ང་དང་ཁོའི་རྐང་སྣམ་ལ་མཛུབ་མོས་ཀེར་བཞིན་ངོ་ཚ་མེད་པའི་ཕྱག་རྒྱ་སྣ་ཚོགས་བསྟན། འདི་ནི་རིན་མེད་དུ་འགྲོ་ཞོར་གྱི་རླངས་འཁོར་ལ་བསྡད་པ་མིན་པས། ཁོས་མ་མཐའ་ཡང་ངས་བྱིན་པའི་སྒོར་མོ་ལ་བརྩི་འཇོག་ཅིག་བྱེད་འོས། འོན་ཀྱང་ཁོས་ཁ་ཡ་མ་བྱས། ཐ་ན་ལག་པ་བསྲིངས་ནས་ང་ལ་རེག་ཨེ་ཐུབ་ལྟ། ངས་འུར་བརྒྱབ་པ་ཡིན། ཞེ་སྤོ་ལངས་ཞོར་རླངས་འཁོར་གྱི་སྒོ་ཕྱེས་ཤིང་། ཤུགས་ཀྱིས་དཀྱིལ་མཛུབ་བསྒྲེངས་ནས་ཁོ་ལ་བསྟན་ཏེ། “དམྱལ་བར་ལྷུང་རྒྱུ་བོ།Goto hell!”ཞེས་སྡིགས་ཤིང་། འདི་ནི་ངས་ཐོག་དང་བོར་ཕྱི་ཡུལ་དུ་རྩུབ་སྤྱོད་བཀོལ་བ་ཡིན་ངེས།
རླངས་འཁོར་ལས་འབབ་ལ་ཉེ་དུས། བུ་མོ་ལོ་གཞོན་གཉིས་རླངས་འཁོར་ནང་བུད་ཅིང་། ཁོ་མོ་གཉིས་ནི་ས་གནས་དེའི་རེད་ལ། མགོ་དཀྲིས་ཀྱིས་ཡོངས་སུ་བཏུམས་ཚུལ་དང་འཚེར་སྣང་གི་རྣམ་འགྱུར་ལས་ཁོ་མོ་གཉིས་ཀྱི་མོའུ་སི་ལན་པའི་ཐོབ་ཐང་དེ་གསལ་བོར་བསྟན་འདུག བུ་མོ་དེ་གཉིས་ཀྱི་མདུན་དུ་ཁ་ལོ་བ་ནི་མི་གཞན་པ་ཞིག་ལྟ་བུར་གྱུར་ཅིང་། ཚིག་ཅིག་ཀྱང་མི་བཤད་པར་གདོང་ལའང་ཡ་རབས་ཀྱི་ཚུགས་ཀ་ཞིག་མངོན་འདུག འདི་ལྟ་བུའི་འགྱུར་ལྡོག་ཆེན་པོ་དེས་ང་རང་འདང་རྒྱག་མི་ཤེས་པ་ཞིག་ཏུ་བཏང་སོང་སྟེ། ང་རང་ལྟ་བུའི་འགྲུལ་བཞུད་པ་ཞིག་ལ་མཚོན་ན། རྒྱལ་ཁབ་འདིའི་“ཕོ་མོས་ལག་འདྲིས་མི་བྱེད་པ་”འི་གནའ་བོའི་སྲོལ་རྒྱུན་དེ་ནི་མདོག་ཤོར་བའི་སྤྱི་བསྒྲགས་ཡི་གེ་ཞིག་ལས་མ་འདས་ལ། ཁ་གཏད་ས་བརྗེས་ནས་འདི་ལྟ་བུའི་བུ་མོ་གཉིས་སུ་གྱུར་དུས། སྦྱར་བྱང་དེ་ལམ་སང་གསར་བ་གསར་རྐྱང་ཞིག་ཏུ་གྱུར་འགྲོ་སྙམ། དེ་ནས་བདག་གིས་གསལ་བོར་རྟོགས་སོང་སྟེ། འགྲུལ་བཞུད་པ་ཞིག་ཡིན་ཚེ། ཁྱོད་ཀྱིས་ས་གནས་དེ་གའི་མི་ཅི་ཙམ་ཞིག་ལ་འབྲེལ་འདྲིས་བྱས་ཀྱང་། གྲོགས་ཅི་ཙམ་མང་བོ་བསྒྲིགས་ཀྱང་བར་ཐག་ཅིག་ལ་གདོང་གཏད་དགོས་ཤིང་། བར་ཐག་དེ་ནི་ས་ངོས་ཀྱི་མིན་པར་སེམས་སྟེང་གིའོ།། དེ་ལྟར་འབྲེལ་འདྲིས་དང་དང་ལེན་དཀའ་ཞིང་། ཆ་ཤས་ཤིག་ཏུ་འགྱུར་ཐབས་མེད་པ་ནི་འགྲུལ་བཞུད་པ་མང་བོ་ཞིག་གི་ལས་དབང་ལས་མ་འདས། འདི་ལྟ་བུའི་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བདག་གིས་སྒེར་གྱི་ཚོར་བ་ཙམ་ལ་སེམས་གློན་པ་ལས་གདམ་ག་ཞིག་གང་ན་ཡོད།
དངོས་སྐྱེལ་རླངས་འཁོར་ཞིག་མདུན་ཕྱོགས་སུ་བསྡད་སོང་། དེ་ནས་མགོ་དཀྲིས་གློ་ཁ་དཀྲིས་པའི་གཞོན་ནུ་མ་ཞིག་མར་བབས་ཏེ་བདག་གི་གམ་དུ་ཡོང་ནས།“ངས་ཁྱོད་རང་ཁོང་ཁྲོ་ལངས་བཞིན་མར་བབས་པ་མཐོང་སོང་། དོན་དག་ཅི་བྱུང་བ་རེད།”
ངས་ཁོ་མོར་གནས་ཚུལ་སྟབས་བདེ་ཞིག་བཤད་པ་ཡིན།
“ངའི་མིང་ལ་ལེ་ན་ཟེར། རླངས་འཁོར་དུ་བུད་དང་། ངས་ཁྱོད་བསྐྱལ་ཆོག ”
ལེ་ན་ཡི་སྨིན་མཚམས་སུ་སྨེ་བ་ཞིག་འདུག་ཅིང་། དྭངས་གསལ་གྱི་མིག་ཟུང་ལས་མི་དགོས་ཟེར་ཐབས་བྲལ་བའི་ལྷག་བསམ་དང་གཤིས་བཟང་གི་ཆ་ཞིག་མངོན་འདུག ཁ་ལོ་བ་ནི་ཤ་མདོག་སྨུག་ཅིང་ལོ་ན་ལྔ་བཅུ་ཡས་མས་ཀྱི་སྐྱེས་པ་ཞིག་སྟེ། གདོང་ལ་འཛུམ་ལངས་ནས་འགྲོ་མཁན་རེད། ཁོས་དབྱིན་སྐད་མི་ཤེས་ཤིང་། ལེ་ན་ཡིས་མཚམས་སྦྱོར་བྱས་ལྟར་ན་ཁོ་ནི་སི་རི་ཡ་ནས་ཡོང་ཞིང་ཁོ་མོ་དང་མཉམ་དུ་ལས་ཀ་ལས་ཀྱིན་ཡོད་ཟེར། དེ་ནས་བཟུང་ངས་ཁོ་ལ་སི་རི་ཡའི་ཨ་ཁུ་ཞེས་བོས་པ་ཡིན།
གྲོང་བརྡལ་ཆུང་བ་ཞིག་ཏུ་བསླེབས་པས་རླངས་འཁོར་ཚོང་ཁང་ཞིག་གི་སྒོ་འགྲམ་ནས་བསྡད་སོང་། བལྟས་ཚོད་ལ་ཚོང་བདག་དང་ལེ་ན་གཉིས་ཕན་ཚུན་ལ་རྒྱུས་ཡོད་པ་ཤེས་ཐུབ། སི་རི་ཡའི་ཨ་ཁུས་བསྡུ་གསོག་བརྒྱབ་ཟིན་པའི་ཤོག་སྒམ་རྣམས་རླངས་འཁོར་དུ་བརྩིགས་ཤིང་། ལེ་ན་ཡིས་“ཚོང་རྫས་གསར་བ་”འགའ་གདམ་གྱིན་འདུག ཡིན་རྒྱུ་ནི་ཚོང་བདག་གིས་གཞན་ནས་བསྡུས་པའི་ལྷམ་རྙིང་བ་དག་དག་རེད། ཚོང་ཁང་དེ་ཡང་ཚོང་རྫས་རྙིང་བ་འཚོང་ས་ཞིག་རེད་ལ། ལེ་ན་ཡི་ལས་ཀ་ནི་གཞན་གྱིས་གྱོན་ཟིན་པའི་ལྭ་བ་རྙིང་བ་དག་དྲངས་ནས། གཞི་རིམ་གྱི་གྱོན་པ་རྩ་ཆེན་ཉོ་མི་ཐུབ་པའི་དབུལ་བོ་དག་ལ་འཚོང་རྒྱུ་དེ་རེད། ཁོ་མོས་བཤད་ན། གཞི་རིམ་གྱི་མི་སེར་ནི་སྔར་བཞིན་དབུལ་ཞིང་ཕོངས་པས་ཡག་པ་དག་ལས་སྤྱོད་སྒོ་ཆེ་བ་དེ་གལ་ཆེན་ཡིན་ཟེར།
ལེ་ན་ཡི་དབྱིན་སྐད་དེ་ཙམ་ལེགས་པོ་མི་འདུག སྐབས་མང་བོར་ཆད་མ་མཐུད་ཀྱི་མིང་ཚིག་འགའ་བཤད་ནས་ཡན་ལག་གིས་བརྡ་གཏོང་རོགས་བྱེད། ཚུལ་དེས་ང་ལ་ཨུ་རུ་སུ་ན་སྡོད་སྐབས་ཀྱི་རང་ཉིད་དྲན་དུ་བཅུག བརྡ་ཡག་པོ་ཞིག་མ་འཕྲོད་པས་ལེ་ན་ཡིས་ཡང་དང་བསྐྱར་དུ་བདག་གིས་དབྱིན་སྐད་ཡག་པོ་མི་ཤེས་ཞེས་དགོངས་དག་ཞུས་ཡོང་། དོན་དངོས་སུ་དགོངས་དག་ཞུ་འོས་པ་ནི་ང་རང་ཡིན་ན་འགྲིག་སྟེ། ང་རང་ཁོ་མོའི་རྒྱལ་ཁབ་ལ་ལྗོངས་རྒྱུར་སོང་བ་ཡིན་པས། བདག་གིས་ཨ་རབ་ཀྱི་སྐད་སྦྱོང་འོས་པ་མིན་ནམ།
ཞིག་རལ་དུ་སོང་བའི་ལམ་བུ་ཞིག་གི་སྟེང་དུ་གཟུགས་གཞི་སྐམ་པའི་ཨ་མ་ལོ་ལོན་ཞིག་ཤུགས་ཀྱིས་འགྲོ་བཞིན་འདུག་ལ། ཁོ་མོའི་ལག་ཏུ་ལྗིད་ཏིག་ཏིག་གི་དངོས་པོ་ཞིག་ཁྱེར་འདུག རླངས་འཁོར་ཡུན་གྱིས་ཇེ་དལ་དུ་སོང་ཞིང་། ལེ་ན་ཡིས་སྒོ་ཕྱེས་སོང་། “ང་ཚོས་སྔོན་ལ་ཁོ་མོ་ཡུལ་ལ་བསྐྱལ་ནས་སོང་ན་ཆོག་གམ།” ལེ་ན་ཡིས་ང་ལ་དྲིས། འདི་ནི་ཁོ་མོའི་རླངས་འཁོར་ཡིན་ལ་དབང་ཆའང་མོ་ལ་ཡོད། འོན་ཀྱང་ཁོ་མོས་ངག་འཇམ་པོའི་ངང་ནས་མི་ཆ་མེད་ཅིག་གི་བསམ་ཚུལ་ལ་ཉན། “ཁྱོད་ཀྱིས་བསམ་པ་བཞིན་བདག་གིས་ཀྱང་འདོད། ལེ་ན།”ངས་དེ་ལྟར་ལན་བཏབ།
ཨ་མ་ལོ་ལོན་དེས་ལམ་བསྟན་པ་ལྟར་སོང་བར་ཅང་མ་འགོར་སྡེ་བ་ཞིག་ལ་བསླེབས།
འདི་ནི་ང་རང་བསླེབས་པའི་ལེ་པ་ནོན་གྱི་ཆེས་ལྷིང་འཇགས་དང་ཆེས་མཛེས་སྡུག་ལྡན་པའི་ས་ཆ་དེ་རེད། ལམ་བར་དུ་མི་གཅིག་ཀྱང་མི་མཐོང་ལ། ཁང་བ་རེ་རེར་མེ་ཏོག་ར་བ་རེ་ཡོད་ཅིང་། དྭངས་གསལ་གྱི་མཁའ་དབུགས་ཁྲོད་དུ་མེ་ཏོག་གི་འདབ་མ་གྲོལ། སྡེ་འདབས་ཡོད་ཚད་རིགས་འདྲ་བའི་བྱེ་གསེག་རེད་ལ། ལོ་མང་འགོར་བའི་རྒུན་འབྲུམ་གྱི་སྡོང་བོའང་ཧ་ཅང་མང་། སྐྱེ་དངོས་འདི་དག་གིས་མིའི་རིགས་ལ་རོ་བྲོ་རྫོགས་པའི་བདུད་རྩི་ཕངས་མེད་དུ་བསྩལ་དང་སྩོལ་གྱིན་ཡོད་ཨང་།
ཨ་མ་ལོ་ལོན་གྱི་དབྱིན་སྐད་ཤིན་ཏུ་ལེགས་པ་མ་ཟད་ངོ་མདངས་ཀྱང་བཟང་། གྲལ་དག་ཅིང་ལུས་ལ་རན་པའི་ཁོ་ཧྥེ་མདོག་གི་སྨད་གཡོགས་ཤིག་གྱོན་ཡོད་ལ། མགོ་དཀྲིས་སྐྱ་བོ་དེ་རྒྱབ་ཕྱོགས་སུ་ཤམ་ཤམ་དུ་བསྐྱོད་པར་བྱེད། རྒས་མདོག་ཤར་བའི་ཞལ་རས་ལ་ཞི་བའི་ཉམས་མངོན་ཞིང་། སྔོ་སྐྱ་ཡི་མིག་ཟུང་ལ་བྱམས་བརྩེའི་མདངས་གསལ། ང་ཚོ་རྒུན་འབྲུམ་བཀལ་བའི་ར་སྐོར་དུ་འཛུལ་ནས་འགྲོ་མཚམས་བཞག་པ་ཡིན། དེ་ཡང་ནང་དུ་འགྲོ་མ་འདོད་པས་མིན་པར། ཞི་ལའི་རྐྱེན་གྱིས་ཡིན། ཞི་ལ་དེ་དག་འབོལ་ཁྲི་དང་སྒེའུ་ཁུང་། སྡོང་བོ་དང་ར་སྐོར་སོགས་ཀྱི་གང་སར་ཡོད་ལ། དཀར་ནག་ཁྲ་གསུམ་དང་ཆེ་མ་ཆུང་གསུམ་མ་ལུས་པར་ཚང་འདུག ཨ་མ་ལོ་ལོན་གྱིས་ཁོ་ཚོར་ལྟ་དུས་ཀྱི་མིག་མདངས་ནི་དེ་འདྲའི་བྱམས་བརྩེ་དང་ཞི་དུལ་གྱིས་ཁེངས་པ་ཞིག་རེད། མ་གཞིར་ཨ་མ་ལོ་ལོན་ནི་སྔོན་ཆད་ཕྱི་ཕྱོགས་ཉོ་འཚོང་ཀུང་ཟི་ཞིག་ཏུ་ལོ་མང་བོར་ལས་ཀ་བསྒྲུབས་ཤིང་། ལས་འཁྱུར་ངལ་གསོ་བྱས་རྗེས་ཞི་ལ་དག་དང་མཉམ་དུ་སྡེ་བའི་ནང་དུ་གཞིས་ཆགས་པ་ཞིག་རེད་འདུག ཞི་ལ་དེ་དག་ནི་ཐོག་མ་ནས་གསོས་པ་ཞིག་མིན་པར་ལྡོམ་པོ་དག་དག་ཡིན་ཞིང་། མཚམས་རེར་གནས་འདིར་ཡོང་བར་ཨ་མ་ལོ་ལོན་གྱིས་ལྟོ་རེ་བླུད་པས་ཡུན་གྱིས་གཏན་སྡོད་བྱས་པར་བཤད། ཨ་མ་ལོ་ལོན་གྱིས་གཅིག་ཀྱང་མ་བདས་པས་རིམ་གྱིས་འཕེལ་ཏེ་ཧ་ཅང་མང་བར་གྱུར། བདག་གིས་ཤེལ་སྒོ་ལས་ཞི་ལ་གཉིས་འབོལ་ཁྲི་རྙིང་བ་ཞིག་གི་སྟེང་གཉིད་འདུག་པ་མཐོང་། ཨ་མ་ལོ་ལོན་དེ་ཞི་ལ་རྣམས་དང་ལོ་བཅུ་ལྷག་ལ་འཚོ་བ་རོལ་ཞིང་། ཁོ་མོས་རྒྱུན་པར་ཁ་བརྡ་བྱ་སའང་དེ་དག་ཡིན་ལ། མཚན་མོ་རིང་བོ་རེ་རེར་ཁོ་མོར་འདུག་རོགས་བྱེད་མཁན་ཡང་ཞི་ལ་དག་གོ།
ཁོ་མོའི་ལག་གི་ལྗིད་ཏིག་ཏིག་གི་ཟ་མའི་ཕྱེད་ཀ་ནི་ཁོ་མོའི་ཡིན་ལ། ཕྱེད་ཀ་ནི་ཞི་ལ་དག་གི་ཡིན་པ་སྨོས་ཅི་དགོས།
ཁོ་མོའི་སྐམ་རིད་ཀྱི་ལུས་པོའི་གྲིབ་མ་ནི་གསལ་ལེར་འཚེར་བའི་ཉི་འོད་ཁྲོད་རྒྱུ་ཞིང་ཤིན་ཏུ་གྲོགས་མེད་ཁེར་རྐྱང་གི་རྣམ་པ་ཞིག་མངོན་འདུག འདི་ནི་ཇི་ལྟ་བུའི་མི་ཚེ་ཞིག་ཡིན་ནམ། མི་ཟེར་བ་འདིས་དོན་ངོ་མར་ཁེར་རྐྱང་གི་ཚད་ག་འདྲ་ཞིག་ཐེག་ཅིང་བཟོད་པ་ཡིན་ནམ། འཇིག་རྟེན་འདིར་ཁེར་ཧྲེང་གི་མི་ཤིན་ཏུ་མང་ལ། ཁོ་ཚོ་འཇིག་རྟེན་གྱི་གྲུ་ག་སོ་སོར་གྱེས་ནས་གྲིབ་མ་ཇི་བཞིན་ཁ་ཁུ་སིམ་པའི་འཚོ་བ་རོལ་བཞིན་ཡོད། 《དམ་པའི་གསུང་རབ་》ལས་བཤད་རྒྱུར། འཚོ་བ་ནི་མ་གཞི་ནས་སྡུག་བསྔལ་ལོ།། འོན་ཀྱང་མི་རྣམས་གསོན་པའི་ཚེ་ན། རང་རང་གི་ཐབས་ཤེས་སྤྱད་ནས་རང་ཉིད་ཀྱི་ལས་དབང་ལ་འཇུག་གོ།
རླངས་འཁོར་ཞི་ལའི་ཁང་ཁྱིམ་དེ་དང་གྱེས་ནས། མཁར་ཕྱིའི་རོ་མའི་གནའ་ཤུལ་ཞིག་ལ་སྙེག
དམིགས་ཡུལ་དུ་བསླེབས་པ་ན། ལེ་ན་ཡིས་“ཁྱོད་རང་ནང་དུ་ག་ཚོད་ཅིག་ལ་འདུག་རྩིས་ཡིན་ནམ།”ཟེར།
“མི་ཤེས། མྱུར་ཏུ་ཡོང་ན་ཐང་ལ་ཡང་ཕྱི་དྲོའི་ཡུན་ལ་འདུག་ཀྱང་སྲིད།”
“རབ་ཡིན་ན་རགས་རྩིས་ཀྱི་དུས་ཚོད་ཅིག་བཤད་རོགས། དེ་ལྟར་བྱས་ཚེ་ངས་དོན་དག་བསྒྲུབས་ཚར་དུས་ཁྱོད་རང་ལེན་དུ་ཡོང་ཆོག”
“ཁྱོད་རང་རང་གི་དོན་དག་བསྒྲུབ་ཏུ་སོངས། ང་ལ་སེམས་ཁུར་བྱ་མི་དགོས། ངས་ཕྱིར་འགྲོ་བའི་ཐབས་བཀོད་རྙེད་ངེས།”
“ངས་ཁྱོད་རང་ཡང་བསྐྱར་དེ་ལྟ་བུའི་ཁ་ལོ་བར་འཕྲད་དུ་འཇུག་མི་འདོད། གཞན། ངས་ཁྱོད་རང་ང་ཡི་ཁྱིམ་དུ་འཁྲིད་འདོད། འོན་ཀྱང་སྔོན་ལ་ཨ་ཕྱིར་འདྲི་དགོས། ངས་མོ་རང་འཐད་མིན་མི་ཤེས་ལ་ཁོ་མོ་ནི་རྒན་མོ་གཤིས་གྱོང་ཞིག་ཡིན།”
མ་གཞིར་དེ་འདྲ་ཞིག་ཡིན་ནམ། ངས་མོ་ལ་ལྟ་ཙམ་བྱས་ཤིང་དེ་ནས་ཡང་འགྲམ་དུ་ཅི་ཞིག་བཤད་བཞིན་པའི་སི་རི་ཡའི་ཨ་ཁུ་ལ་ལྟ་ཙམ་བྱས། ཁོ་མོའི་ལོ་ཙཱ་ ལྟར་ན་ཁོས་“ང་ཚོ་ངེས་པར་ཁོ་མོ་ལེན་དུ་འགྲོ་དགོས་ཟེར།”ཟེར།
“དུས་ཚོད་གཅིག”
“ཡ་ཡ། ཚིག་ཐོག”
གནའ་ཤུལ་དུ་འབྱོར་ནས་ནང་དུ་འཛུལ་བ་ན། ངས་ནི་དེ་ཉིད་མཐོང་མ་ཐག་ཤིན་ཏུ་དགའ་བར་གྱུར། དེ་ནི་པར་པེ་ཁི་ཡི་ལྷ་ཁང་ཇི་བཞིན་བརྗིད་ཆགས་པ་ཞིག་མིན་ནའང་འུར་ཟིང་ལས་འདས་པའི་ཁུ་སིམ་ལ་གཞན་དང་མི་མཚུངས་པའི་བག་ཕེབས་དང་དཀྱེལ་ཡངས་ལྡན་པ་འདྲ་སྟེ། ཚ་ཟེར་འགོག་པའི་ཤིང་སྡོང་དང་སྐྱེ་རྒྱ་མཐོ་བའི་རྩི་ཤིང་ཡོད་ལ། གང་འདོད་དུ་ནང་ལ་འཛུལ་ཞིང་སྒོ་རུ་འབུད་ཆོག་པའི་གནའ་བོའི་སྒོ་དང་སྲང་ཤུར། ད་དུང་སྒྱུ་མ་སྨིག་རྒྱུ་ལྟ་བུའི་སྤྲིན་པ་དང་རི་ཚོགས་ཀྱང་ཡོད་དོ།། ང་ཡིས་འགྲོ་ཞོར་འདུག་ཞོར་མང་བོ་ཞིག་བྱས་མཐར། ཤིང་སྡོང་གིས་གཡོགས་པའི་ཁང་རྙིང་ཞིག་གི་མདུན་དུ་བསླེབས་ཤིང་། གཞོན་ནུ་ཞིག་གློ་བུར་དུ་བདག་གི་མཐོང་ལམ་དུ་མངོན།
ཁོའི་གཟུགས་གཞི་སྐམ་ལ་གྱོན་པ་རྙིང་རལ་དུ་གྱུར་ཅིང་། མགོ་ལའང་ཞྭ་མོ་ཟད་པོ་ཞིག་གོན་འདུག ཁོ་ནི་ངའི་དྲན་ངོས་ཀྱི་ལེ་པ་ནོན་གྱི་སྐྱེས་པ་དང་རྩ་བ་ནས་མི་འདྲ་སྟེ། ཁོ་ཚོ་ནི་ལུས་སྟོབས་ཆེ་ཞིང་སྐྲ་ལོར་འོད་འཁྱུག་པ། ནམ་རྒྱུན་བྱུགས་ཆུའི་དྲི་མ་ཁ་བོ་ཞིག་འཐུལ་བཞིན་འགྲོ་བར་བྱེད། ན་གཞོན་དེས་ཁང་བ་དེའི་འགྲམ་ནས་བཟུང་ངའི་རྗེས་དེད།
“སྲས་མོ་ལགས། ཁྱེད་ལ་འདྲ་པར་ཞིག་བསྐྱོན་ཆོག་གམ།”ཕ་བོང་ཞིག་གི་ཕ་རོལ་ན་ཁོས་ད་བཟོད་ཁ་གྲགས་ཤིང་བསྟུད་མར་ཐེངས་གཉིས་ལ་བཤད། ཁོ་ལ་ཤིན་ཏུ་མཛེས་པའི་མིག་སྔོན་པོ་ཆ་གཅིག་འདུག འོན་ཀྱང་བདག་གིས་ཁོའི་མིག་མདངས་ཀྱི་གོ་དོན་མི་རྟོགས་ཏེ། ཅི་ཡང་ཡོད་པ་འདྲ་ལ་གང་ཡང་མེད་པ་དང་ཡང་མཚུངས། ངས་ཁོ་ལ་ངག་འཇམ་པོས་མི་དགོས་ཚུལ་བཤད་ཅིང་། དེ་དུས་ང་དང་སྒོ་ཆེན་གཉིས་ཀྱི་བར་སྤྱི་ལེ་གཅིག་ལྷག་གིས་ཆོད་འདུག
གཞན་གྱིས་པར་ལེན་མི་དགོས་པ་ཤེས་སུ་འཇུག་ཆེད་ང་རང་ཆེད་དུ་ཕ་བོང་ཞིག་གི་སྟེང་དུ་འགོས་ནས། རང་གིས་རང་ལ་པར་འགའ་བླངས་པ་ཡིན། འོན་ཀྱང་ཁོས་སྔར་བཞིན་བདག་གི་ཕྱི་བཞིན་འབྲངས་ནས་ང་སོང་ན་ཁོ་ཡོང་ཞིང་། ང་བསྡད་ན་ཁོ་ཡང་སྡོད་པར་བྱེད་ལ། གོམ་པ་བཅུ་ཕྲག་ཙམ་གྱི་བར་ཐག་བསྐྱུར་ནས་འོངས། ང་རང་རིམ་བཞིན་དོགས་མི་བདེ་བར་གྱུར་ལ། དེ་ནས་མགྱོགས་མྱུར་ངང་ནགས་གསེང་གི་གསང་སྤྱོད་ཁང་དུ་སོང་། དེ་རུ་རྒན་པོ་ཞིག་གིས་དཔེ་ཆར་ལྟ་བཞིན་འདུག
“སྒོར་ག་ཚོད་ཡིན།”ངས་དེ་ལྟར་དྲིས། སྤྱིར་ན་ང་རང་གསང་སྤྱོད་ཁང་དུ་འགྲོ་འདོད་མེད་ནའང་མི་དེར་གཡོལ་ཆེད་ཡིན།
“སྟེར་མི་སྟེར་རང་གིས་ལྟོས། ”རྒན་པོས་མགོ་བོ་དགྱེ་བ་ཙམ་ཡང་མི་བྱེད།
ངས་ཁུག་མ་སློག་ནས་དོགས་མི་བདེ་བའི་ངང་“དངུལ་སིལ་མ་འདི་ལས་མི་འདུག”ཅེས་བཤད།
“ཁྱོད་ཅག་ཕྱི་རྒྱལ་བ་འདི་ཚོ་དངོས་གནས་ཡ་མཚན་རེད། ངས་སྟེར་མི་སྟེར་རང་ལ་གསལ་ཞེས་བཤད་པ་མིན་ནམ།”རྒན་པོས་མགོ་བོ་གཡུག་ཞོར་སྔར་བཞིན་དཔེ་ཆར་བལྟས། ང་རང་གསང་སྤྱོད་ཁང་ལས་སྒོར་འབུད་དུས་ཁོ་སྔར་བཞིན་དེ་ན་འདུག་ཅིང་། སྨི་ཉི་ཤུ་ལྷག་གི་ས་ན་ཁ་རོག་གེར་བསྡད་འདུག ཁོའི་མིག་མདངས་སྔར་བཞིན་ངེས་གཏན་མེད་པ་ཞིག་མིན་པར་སྐྱོ་ཕམ་གྱིས་ཁེངས་འདུག དུས་ད་ལྟའང་ངས་གཞོན་ནུ་དེས་བདག་གི་རྗེས་སྙེག་དོན་གང་ཡིན་མི་ཤེས་ཤིང་། པར་ལེན་མིན་སྐོར་གྱི་སྐད་ཆ་དེ་ལས་ཚིག་གཅིག་ཀྱང་མི་བཤད་དོན་དང་། ང་རང་འགྲོ་དུས་ཁོའི་མིག་མདངས་ལ་དེ་ལྟའི་སྐྱོ་ཤས་ཤིག་མངོན་དོན་ཡང་རྟོགས་ཐབས་མི་འདུག
དོན་དངོས་སུ། སྒོ་ཆེན་བརྒྱུད་དུས་ང་ལ་ཕར་སོང་ནས་འདྲི་འདོད་ཀྱི་ཧོལ་རྒྱུགས་ཀྱང་ཡོད་མྱོང་མོད། འོན་ཀྱང་ང་རང་ཕམ་ཟིན། ངས་རྒྱབ་ཁུག་ཁུར་ཞིང་ཕྱིར་མིག་མེད་པར་སྒོ་ཆེན་བརྒལ་བ་ནས་ངས་རང་ཉིད་ཕམ་ཟིན་པ་ཤེས་ཡོང་། བདག་གི་ཕར་སོང་ནས་འདྲི་བའི་སྤོབས་པ་ཉམས་སོང་། རྒྱུ་མཚན་ཅི་ཡིན་མི་ཤེས་ནའང་ང་ལ་སྐྲག་སྣང་ལས་ཅི་ཡང་མེད་དེ། ཁོས་ང་ལ་“ཡུལ་”གླེང་བར་སྐྲག་ཅིང་། ཁོ་ནི་ལྭ་བ་གསར་བ་ཉོ་མི་ཐུབ་པའི་དབུལ་བོ་ཞིག་ཡིན་པར་སྐྲག་ལ། ཐ་ན། ཁོའི་ཐ་ཤལ་ལྟ་བུའི་དོགས་མེད་ཀྱི་སྣང་བ་ལའང་སྐྲག་གོ། ངས་རང་ཉིད་ཀྱི་སེམས་པའི་གཏིང་ནས་གང་ཡིན་མི་ཤེས་ཤིང་རང་རྨས་ལྟ་བུའི་སྡང་སེམས་ཤིག་ཀྱང་ཚོར་ཐུབ་སྟེ། ངས་ཁོ་རང་སྐྱེས་པ་གཞན་པ་དག་དང་འདྲ་ན་སྙམ་ཞིང་། ཁོ་ཡང་མདོ་མེད་དང་ངང་ཐུང་། སྤྱོད་ཡངས་ཤིག་ཡིན་ན་སྙམ། དེ་ལྟར་བྱས་ཚེ་ངས་སེམས་བདེ་མོས་ཁོ་ལ་མཐོང་ཆུང་བྱས་ཆོག་ལ། ཁ་ཡ་མི་བྱེད་པ་དང་དེ་ནས་བརྗེད་དུ་ཡང་བཅུག་ཆོག ཁོས་ཅི་ཡང་མ་བྱས། ཡང་ན་ཁོས་ཅི་ཡང་བྱས་ཡོད་དེ། ཁོའི་སྐྱོ་ཤས་དང་ཁེར་སྡུག་གིས་ཁེངས་པའི་མིག་ཟུང་ནི། དྲི་མ་ཞིག་དང་འདྲ་བར་བདག་གི་དྲན་འཛིན་གྱི་ངོས་ལ་ཐིམ་ཞིང་། དེས་ནི་ང་ལ་གཏིང་ཟབ་པའི་ཆད་སྣང་སྐྱེས་སུ་བཅུག
“ཧེ། ངེད་ཅག་འདི་རུ་ཡོད།”ལེ་ན་རེད། མོས་སྒོ་ཁར་སྐད་གསེང་མཐོན་པོས་འབོད་བཞིན་འདུག ངས་ཆུ་ཚོད་ལ་བལྟས་པར་དུས་ཚོད་གཅིག་ལ་སྐར་མ་ལྔ་ཡིས་ལོངས་མི་འདུག
“ཨ་ཕྱི་འཐད་པ་བྱུང་སོང་། འོན་ཀྱང་ཡིད་ལ་གཟུང་རྒྱུ་ཞིག་ལ་ཁྱིམ་དུ་ཐ་མག་གཏན་ནས་འཐེན་མི་རུང་།”
དེ་ལྟར། རླངས་འཁོར་ལྗོངས་རྒྱུ་བ་གཅིག་དང་སྐྱོ་སྡུག་གི་མིག་ཟུང་གཅིག་ལས་མེད་པའི་གནས་ཤུལ་དེར་གྱེས་ཤིང་གཞུང་ལམ་དུ་ས་རྡུལ་འཚུབ། གནའ་ཤུལ་དེ་མཐོང་ལམ་ནས་ཡལ་ཞིང་རླངས་འཁོར་ནང་གི་གསལ་རྒྱུ་མེད་པའི་གླུ་སྐད་ལ་ཉན་བཞིན། བདག་གི་ཡ་ཆུང་གི་གང་ཡིན་མི་ཤེས་པའི་སྐྱོ་སྣང་དེ་ཡང་ཡུན་གྱིས་བཏང་སྙོམས་སུ་གྱུར། ལེ་ན་ཡི་ཡུལ་ནི་བློ་ཡིད་ལས་འགོངས་པའི་མཛེས་སྡུག་གི་ཚོགས་ཆེན་པོ་ཞིག་སྟེ། རྒུན་འབྲུམ་གྱི་སྡིངས་ཆ་དང་དཔྱངས་ཐག་ཅན་གྱི་ར་སྐོར། སིལ་སྡོང་སྣ་ཚོགས་སྐྱེས་པའི་སིལ་ར། གྲལ་དག་བདེ་སྣང་གི་ཚོམས་ཆེན་གྱི་ས་གདན་སོགས་སོ།།
ཨ་ཕྱི་དགུང་ན་དོན་བརྒྱད་རེད་ལ། ཨུ་རུ་སུའི་ལྕམ་མོ་རྒན་པ་དག་དང་འདྲ་བའི་ལུས་གཟུགས་ཚོན་པོ་ཞིག་དང་། སྨད་གཡོགས་ཁྲ་ཁྲ་ཆེན་པོ་ཞིག་འདུག་ཅིང་། མགོ་ལ་མགོ་དཀྲིས་དཀར་བོ་ཞིག་གིས་ཡོངས་སུ་དཀྲིས་འདུག ལམ་བར་དུ་ལེ་ན་ཡིས་ཡང་དང་བསྐྱར་དུ་ཨ་ཕྱི་ནི་བཙན་པོ་ཞིག་ཡིན་ལ། ག་དུས་ཡིན་ནའང་སྡིགས་དམོད་གཏོང་ཞིང་ཚིག་རྩུབ་མི་སྨྲ་བའི་ངེས་པ་མེད་ཟེར།
ནང་དུ་ཡོང་ནས་ཅང་མ་འགོར་བར་ཨ་ཕྱིས་བདག་གི་ལག་པ་ནས་བཟུང་སྟེ། སྙིང་རྗེ་བའི་བྱིས་པ། སྐྱེས་པ་ངན་པ་རྣམས་ཀྱིས་བརྙས་བཅོས་བྱས་སོང་ངམ། སེམས་ཁྲལ་མ་བྱེད། ཡུལ་ལ་བསླེབས་པས་གང་ལའང་སྐྱོན་མི་འདུག སྙིང་རྗེ་བའི་བྱིས་པ། འགག་ལོ་ཞིག་ལས་གྱོན་མི་འདུག་གམ། ལག་པ་འཁྱགས་ནས་དར་དུ་གྱུར་འདུག མགོ་དཀྲིས་བོར་སོང་ངམ། ལེ་ན་སོངས་ལ་མགོ་དཀྲིས་ཤིག་ཁྱེར་ཤོག ལྟོས་དང་ལྟོས་དང་། སྐམ་ནས་ཞི་ལ་ཞིག་དང་འདྲ། སྡུག་མང་བོ་ཞིག་མྱངས་ཡོད་པ་ཐག་གིས་ཆོད།་་་་་་་་་་་“ཨ་ཕྱིས་ཨ་རབ་ཀྱི་སྐད་ཀྱིས་བཤད་པར་ལེ་ན་ཡིས་ང་ལ་ལོ་ཙཱ་བྱས་པ་ཡིན།”
ཕྱིས་སུ་ལེ་ན་ཡིས་བཤད་པ་ལྟར་ན། ཨ་ཕྱིས་ང་ནི་ལྡོམ་པོ་ཞིག་རེད་སྙམ་གྱིན་ཡོད་ལ། ཡང་གཅིག་བཤད་ན་ང་ནི་ཡུལ་འཁྱར་བ་ཞིག་སྟེ། མི་འདྲ་ས་ནི་ཕ་ལི་སི་ཐན་ནས་ཡོང་བ་མིན་པར་རྒྱང་རིང་གི་ཀྲུང་གོ་ནས་ཡོང་བ་རེད་སྙམ་གྱིན་འདུག་ཟེར། ལེ་ན་ཡིས་དེ་ལྟར་ཟེར་ཞོར་ཁ་བསུམས་ནས་དགོད་པར་བྱེད། ང་རང་གསང་སྤྱོད་ཁང་དུ་སོང་ནས་མེ་ལོང་ནང་བལྟས་པ་ཡིན། ནག་ཅིང་སྐམ་ལ་ས་རྡུལ་གྱིས་གཡོགས་པ། སྐྲ་ལོ་འཛིངས་པའི་བུད་མེད་ཅིག་སྟེ། གཞན་གྱིས་ཡུལ་འཁྱར་བ་རུ་བཤད་པར་དངོས་གནས་ཁག་མི་འདུག
“ག་དུས་ཡིན་ཡང་སྡིགས་དམོད་བྱེད་སྲིད་པའི་”ཨ་ཕྱི་འདི་སྔོན་དཔག་བྱས་པ་ལྟ་བུའི་ཡ་མཚན་ཞིག་མིན་པར་བྱམས་བརྩེ་ལྡན་པ་ཞིག་རེད། མོས་བདག་གི་ལག་པ་ནས་བཟུང་སྟེ་ཆད་མེད་དུ་ཅི་ཞིག་སྨྲ་བར་བྱེད་ཅིང་། བརྙན་འཕྲིན་ལས་མུ་འབྲེལ་ཟློས་གར་གཏོང་དུས་གཏམ་རྒྱུད་ཀྱི་བརྗོད་དོན་རྣམས་ང་ལ་བཤད་ཅི་ཐུབ་བྱེད། ངས་ཁོ་མོའི་སྐད་ཆ་དག་ལས་ཚིག་གཅིག་ཀྱང་མི་གོ་ནའང་།
བདག་གི་ཕ་མེས་ཡང་མེས་རྣམས་ལས། ང་རང་རྒྱུན་པར་གཞི་རིམ་དུ་སྡོད་པའི་རྨོ་མ་ལགས་དང་ཐེངས་འགར་མཇལ་མྱོང་བ་ཙམ་ཡིན། ཁོ་མོ་ཡང་ང་རང་ལོ་ན་བཅུ་རུ་བུད་པའི་ལོ་དེར་ཚེ་ལས་འདས་ཤིང་། དེ་ནས་བཟུང་ང་ལ་མེས་དབོན་ལྷན་འཛོམས་ཀྱི་གོ་སྐབས་མེད་པར་གྱུར། འོན་ཀྱང་ད་ལྟ། ང་རང་ནར་སོན་ཏེ། རྒྱང་ཐག་རིང་བའི་གཞན་ཡུལ་དུ་“ཨ་ཕྱི་”ཞིག་ཡོད་སོང་བ་ནི་ཇི་འདྲའི་བསོད་ནམས་ལྡན་པ་ལ་ཨང་།
ཨ་ཕྱིས་ལག་པ་རྒྱགས་པོ་དེས་ང་རང་དམ་པོར་འཛིན་ཅིང་། ང་ལ་མགོ་དཀྲིས་དཀྲིས། གཉེར་མས་ཁེངས་པའི་ཞལ་རས་དེ་བདག་གི་དཔྲལ་བར་སྦྱར་ནས་འོ་བྱེད་དུས། ངས་ནི་མིག་ཆུ་ཁྲོམ་ཁྲོམ་དུ་གཏང་འདོད་པ་མ་ཟད། ཁོ་མོའི་པང་དུ་མགོ་བོ་བཞག་ནས་ནམ་ཡང་ལང་མི་འདོད་པའི་ཧོལ་རྒྱུག་གི་བློ་ཡང་སྐྱེས་འོངས། ཨ་ཕྱིས་བདག་གི་མིང་ནས་མི་འབོད་པར། HABIBI(ཧ་པིས་པིས་)ཟེར་ཞིང་ང་ཡི་གཅེས་ཕྲུག་ཅེས་པའོ།། ལེ་ན་ཡིས་དངོས་སུ་བཟོས་པའི་ནུབ་འཚལ་འཐུང་རྗེས།(ཁོ་མོས་ང་ལ་ཆེད་དུ་དམིགས་ནས་འབྲས་ཁུ་ཞིག་ཀྱང་གདུས་འདུག)ང་ཚོ་འབོལ་ཁྲིར་བསྡད་ནས། ཕྱི་དྲོ་ནས་དགོང་མོའི་བར་དུ་གཏོང་བཞིན་པའི་ཨེ་ཇིབ་ཀྱི་བརྙན་འཕྲིན་ཟློས་གར་དེ་ལ་བལྟས། ནང་དོན་ནི་ངན་པར་ཆད་པ་དང་ལེགས་པ་དར་སྤེལ་གཏོང་བའི་སྐྱོ་གར་གྱི་རིགས་རེད། སྤྱིར་ང་ནི་དེ་འདྲའི་རིགས་ལ་དགའ་བོ་མེད་ནའང་ཁ་རོག་གེར་བལྟས་བསྡད་པ་ཡིན། ངས་ཤ་ཉེ་མིན་ཀྱང་ཤ་ཉེ་ལྟ་བུའི་བདེ་སྐྱིད་འདི་འཆོར་དུ་འཇུག་མི་འདོད།
ཆུ་ཚོད་བཅུ་བ་ཡས་མས་སུ་ཁ་པར་གློ་བུར་དུ་གྲགས་སོང་། ཁ་པར་ཨ་ཕྱིས་བླངས་ཤིང་ཡུད་ཙམ་གྱི་རྗེས་ནས་ཁོ་མོའི་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར། ཡིན་རྒྱུ་ནི་ལོ་གཅིག་གི་སྔོན་དུ་མོའི་བུ་གཅིག་ཚེ་ལས་འདས་ཤིང་། ཡང་ཟླ་གཉིས་ཀྱི་སྔོན་ལ་བུ་གཅིག་ལ་འཁོར་བགེགས་བྱུང་ནས་འདས་ཟིན། ད་ལྟ། བུ་གཞན་ཞིག་ལ་འབྲས་སྐྲན་བྱུང་ནས་མི་དྲགས་པའི་ཚད་ལ་བསླེབས་འདུག་སྐད། ཁ་པར་སར་བཞག་རྗེས། ཁོ་མོས་ས་སློག་རྡོ་སློག་བྱས་ནས་ཅི་ཞིག་འཚོལ་ཞིང་། བཙལ་བཙལ་མཐར་ཐ་མག་བག་ཆ་ཞིག་རྙེད་སོང་། ངས་ནི་བབ་བསྟུན་གྱིས་མེ་ཆ་བླངས་ནས་ཁོ་མོའི་ཐ་མག་ལ་མེ་བསྒྲོན། དེ་ལྟར། ལེ་ན་ཡིས་ཡང་དང་བསྐྱར་དུ་བློ་གསལ་ཕུད་པའི་དོན་དེ་ཕར་གཡུགས་ནས། ང་དང་ལེ་པ་ནོན་གྱི་ཨ་ཕྱི་གཉིས་ཀྱིས་དུ་ཞགས་ཀྱི་སྨུག་པ་དཀྲིགས་ནས་ནམ་གུང་བར་ལུས།
དེ་ནི་སྐད་ཆས་མཚོན་ཐབས་མེད་པའི་མཚན་མོ་ཞིག་སྟེ། ངའི་གཡོན་ཕྱོགས་སུ་ཨ་ཕྱི་བཤུམ་ཞིང་གཡས་ཕྱོགས་སུ་ལེ་ན་ངུ་། མི་འདྲ་ས་ནི། ལེ་ན་རང་གི་བརྩེ་དུང་གི་ཆེད་དུ་ངུས་པ་དེ་ཡིན། མོའི་མཛའ་གྲོགས་ནི་དབྱི་རག་གི་རེད་ལ། ཕན་ཚུན་ལ་འདང་བརྩེ་བཅངས་ནས་ལོ་གཉིས་འགོར། འོན་ཀྱང་ཁོའི་ཡུལ་མི་རྣམས་གཉེན་དོན་འདིར་རྩ་བ་ནས་མོས་མཐུན་མེད་ཅིང་། སྐྱེས་པའི་ཕ་མ་གཉིས་ཀྱི་མིག་ནང་དུ་ལེ་པ་ནོན་གྱི་མིའི་འཚོ་བ་ནི་ཀུན་སྤྱོད་ལ་གནོད་ཅིང་སྲོལ་རྒྱུན་དང་འགལ་བ་ཞིག་གོ།
ལེ་ན་ཡིས་ཐེངས་འགར་མཛའ་གྲོགས་བསྒྲིགས་མྱོང་ནའང་། དབྱི་རག་བ་དང་མཇལ་བ་ནས་བཟུང་། ཁོ་མོའི་སྐད་ཆ་ལྟར་ན། “དེ་ནས་བཟུང་ཁེར་ཧྲེང་དུ་སྡོད་མི་འདོད་ལ། མྱུར་ཏུ་ཁོ་དང་གཉེན་བསྒྲིག་ནས་བྱིས་པ་གསོ་འདོད་པ་”དེའོ།། ངས་ལེ་ན་ཡི་ཕ་མ་གཉིས་ཀྱི་སྐོར་གསལ་བོ་ཞིག་མི་ཤེས་ལ། ཤེས་པ་ནི་ཁོ་མོ་ལོ་ན་བཅུའི་ཡས་མས་ནས་ཨ་ཕྱི་དང་མཉམ་དུ་འཚོ་བ་རོལ་བ་དེ་ཡིན། ཨ་ཕྱིས་ལེ་ན་ཡི་མི་ཚེའི་དོན་ཆེན་གྱི་སྐོར་ལ་ཤིན་ཏུ་གསལ་བའི་རྣམ་འགྱུར་བཟུང་ཡོད་ནའང་། སྐྱེས་པའི་ཕ་མ་གཉིས་ནི་ཨ་ཕྱི་དང་མི་འདྲ་བར། རང་གི་བུ་ཆུང་གི་མཛའ་གྲོགས་ལ་མཇལ་འཕྲད་ཐེངས་གཅིག་ཀྱང་བྱ་འདོད་མི་འདུག
ཁོ་གཉིས་ཀྱིས་ཉིན་རྒྱུན་ཁ་པར་ལས་ཁ་བརྡ་གློད་ཅིང་། ཆུ་ཚོད་གཅིག་དང་གཉིས། ཡང་ན་གསུམ། ཞོགས་པ། ཉིན་གུང་། ནམ་གུང་། དེ་ལྟར་ཟླ་བ་ཧྲིལ་བོ་དགུ་ལ་ཁ་པར་བཏང་། ཕྱིས་ཀྱི་ཉིན་ཞིག ལེ་ན་ཡིས་ཁ་པར་གྱི་སྐུད་པ་བཅད་ཅིང་། དེ་ཡང་མོས་ཇི་ལྟར་སྒུག་ནའང་ཕ་རོལ་བའི་ངག་ནས་འུ་གཉིས་ཀྱིས་གཉེན་བསྒྲིག་ན་ཇི་འདྲ་ཞེས་པའི་ཚིག་ཅིག་མི་བཤད་པས་ཡིན། མོའི་མཛའ་བོ་དབྱི་རག་ན་ཡོད་ནའང་དབྱི་རག་གི་གནས་གང་ཞིག་ན་ཡོད་པ་མི་ཤེས།
ངའི་སེམས་སུ་དབང་མེད་དུ་ས་སྲོད་དེར་ཁྱིམ་ལ་ཡོང་བའི་ལྭ་བ་ཚོན་ཁ་མ་གྱོན་པའི་སྐྱེས་པ་དེ་དྲན་སོང་། ཁོ་ནི་གཟུགས་སྟོབས་ཆེ་བའི་སྐྱེས་པ་ཞིག་སྟེ། བློར་ལེ་ན་བབས་ནས་ཡུན་རིང་འགོར། དེ་ནི་ཁོ་རང་ཐོག་མར་ལེ་ན་ཚང་ལ་ཡོང་བ་ཡིན་ཞིང་། རྒན་རབས་པའི་བསམ་ཚུལ་ལ་ཉན་དུ་འོངས་པའང་རེད།
ལེ་ན་མོ་ལོ་སུམ་ཅུ་ཡིན་ཞིང་གྲངས་ཀ་འདིས་གཉེན་དོན་ནི་ལེ་པ་ནོན་གྱི་བུད་མེད་འདིའི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཡིན་མཚོན་ནོ།། སྐྱེས་པ་དེ་སྒོར་བསྐྱལ་རྗེས་ལེ་ན་ཡིས་སྒོ་གཏད་ཅིང་། སེམས་སྡུག་དང་བཅས་ཐབས་ཤེས་མི་འདུག ངའི་སེམས་སུ་“ཁོ་”མ་གཏོགས་མེད་ཟེར། དགོང་མོ་དེར་ང་ཡང་ངུས་པ་ཡིན། དེ་ནི་སུ་ཞིག་མཛའ་གྲོགས་དང་གྱེས་པས་མིན་ལ་ཉེ་མི་དང་བྲལ་བས་ཀྱང་མིན་པར། ངས་མིག་ཆུ་གཏོང་འདོད་པ་ཙམ་ཡིན།
ངེད་ཅག་གིས་ལག་པའི་ནང་ལག་པ་བཞག་ཅིང་། འབོལ་ཁྲིར་བསྡད་ནས་ཐ་མག་འཐེན་པ་དང་མིག་ཆུ་གཏོང་བ། དགོད་པ་སོགས་བྱས། ཨ་ཕྱི་ཤིན་ཏུ་ཐང་ཆད་འདུག་ནའང་མལ་ཁྲིར་འགོ་འདོད་མི་འདུག དེ་ཡང་ལུས་པོའི་མནར་གཅོད་ཀྱིས་གཅེས་ཕྲུག་དང་བྲལ་བའི་སྡུག་བསྔལ་ཇེ་ཆུང་དུ་བཏང་འགྲོ་བ་དང་འདྲ། ཁོ་མོས་གློ་ལུ་ཤུགས་ཀྱིས་རྒྱག་ཅིང་། མཇུག་མཐར་ངས་བཙན་གྱིས་ཁོ་མོ་མལ་ཁྲིའི་སྒང་ལ་བཞག དེ་ནས་ཉལ་གོས་བརྗེས་ཤིང་མལ་ཐུལ་འགེབ་རོགས་ཀྱང་བྱས་ལ། མཐར་དཔྲལ་བར་འོ་ཞིག་བྱས་ནས་གཟིམས་བདེ་ཞེས་བཤད། ཨ་ཕྱིས་ང་རང་དམ་པོར་པང་དུ་བསྡམས་ཤིང་ང་ཡི་མགོ་དཀྲིས་ཀྱིས་མིག་ཆུ་འབྱིད་ཙམ་བྱས་ལ། བསྟུད་མ་བསྟུད་ཐོག་ལ་“HABIBI HABIBI”ཟེར་ཞིང་། དེ་ནས་ཡང་དགོད་ཙམ་གནང་།
ཐ་མག་རྔུབ་པའི་ལེ་པ་ནོན་གྱི་རྒན་མོ་འདིའི་མགོ་དཀྲིས་ཀྱིས་ནམ་ཡང་སྐྲ་ཉག་ཅིག་ཀྱང་མི་མཐོང་བར་ཡོངས་སུ་གཅུད་འདུག
ཕྱིར་མལ་ཁང་དུ་ཡོང་དུས་ཆུ་ཚོད་གཅིག་ལ་བསླེབས་འདུག མལ་ཁང་དུ་མལ་ཁྲི་གཅིག་ལས་མེད་ལ། ལེ་ན་ཡིས་ཨུ་ཚུགས་མཐར་བསྐྱེལ་གྱིས་དེ་ཉིད་ང་ལ་བྱིན་ནས་མོ་རང་ཐང་དུ་ཉལ་རྒྱུ་བྱས། ནམ་ཟླ་མི་འཁྱགས་ནའང་མོས་ང་ལ་མལ་ཐུལ་ཉིས་བརྩེགས་མ་ཞིག་གིས་གཡོགས། དེ་ནས་མོས་འཐེན་སྒམ་ལས་གསོག་བྱང་ཞིག་བླངས་ནས་ང་ལ་བྱིན། མོས་ཁོ་མོའི་སྙིང་ཁོང་གི་མི་དེ་ང་ཡིས་མཐོང་ན་སྙམ་གྱིན་ཡོད་པ་འདྲ། ངས་བྱང་བུ་དེ་པར་ཆས་ཀྱི་ནང་དུ་བཞག་པ་ན། འདྲ་པར་གྱི་སྟེང་དུ་ཁོ་རང་གཉིས་བགད་པ་ཤིན་ཏུ་ཡག་ཅིང་། ལེ་ན་ནི་ཡག་དྲགས་ནས་ཆ་མེད་ཅིག་ཡིན་པའི་སྣང་བ་སྟེར།
“ཁྱོད་ཀྱིས་བལྟས་ན་ཁོ་དེ་ཙམ་མི་ཡག་པའང་སྲིད་མོད། འོན་ཀྱང་ངའི་སེམས་སུ་སུས་ཀྱང་དེ་ཡི་ཚབ་བྱེད་མི་ཐུབ།”ལེ་ན་ཡིས་དེ་སྐད་ཟེར།
དོན་དངོས་སུ་ལེ་ན་ལ་འགྲོགས་པའི་ཉིན་འདི་གཉིས་ལ། ཁོ་མོས་ག་དུས་ཡིན་ཡང་རང་གི་བརྩེ་དུང་མི་གླེང་བ་མི་སྲིད་ལ། ཐོག་མར་འཕྲད་པ་ནས་བར་དུ་བརྩེ་འདང་ཆགས་པ། ཐ་མར་གྱེས་པའི་བར་རེ་རེ་བཞིན་བཤད་འོངས། ཐེངས་ཤིག་ཟ་མ་ལས་དུས། མོས་འཁྲུད་བཞིན་འཁྲུད་བཞིན་ཁ་རོག་གེར་བསྡད་སོང་ལ། དེ་ནས་མཛེས་པའི་མིག་ཟུང་ལ་མིག་ཆུས་གང་འདུག
“སྔོན་ཆད། ཁོ་རང་ཁྱོད་ཀྱི་ཁ་མལ་དེར་བསྡད་ནས་དེ་ལྟར་ང་ལ་ལྟ་བར་བྱེད།”མོས་དེ་ལྟར་ཟེར་བཞིན་ཕར་འཁོར།
བརྩེ་བ་ནི། འདི་ལྟར་ཉི་མ་རེ་རེ་བཞིན་སེམས་པའི་གཏིང་ལ་བསགས་ཤིང་། དྲན་པ་ཡང་གསར་རྐྱང་གི་དང་ཐོག་ཇི་བཞིན་མཐའ་མེད་པའི་ཁེར་སྡུག་གི་ཁྲོད་དུ་རླུང་དང་འགྲོག་ནས་ཟད་རྒྱུ་དེ་རེད།
“ཁོ་དང་མཉམ་དུ་གཞན་ཡུལ་ལ་ཅིའི་ཕྱིར་མ་བྲོས།”
“མིན།”མོའི་ལན་ནི་དེ་འདྲའི་གཏིང་ཐག་ཆོད་ཅིང་གསལ་ཐག་ཆོད་པ་ཞིག
“འོན་ཀྱང་ཁྱོད་མུ་མཐུད་དུ་འདི་ལྟར་ངུས་ཤིང་སྒུག་བསྡད་ན་ག་ལ་འགྲིག”
“སྒུག་བསྡད་ན་ཅི་ལ་མི་འགྲིག”མོས་ལྡོག་འདྲི་བྱས།
“ཁྱོད་ཀྱིས་ལོ་གཉིས་ལ་སྒུག་པ་མིན་ནམ། ད་ལྟ་ཁྱོད་ཀྱིས་ཐ་ན་ཁོ་གང་དུ་ཡོད་པ་དང་ཅི་ཞིག་སྒྲུབ་ཀྱིན་པའང་མི་ཤེས་པ་མིན་ནམ།”
“རེད། ངས་ད་ལྟ་ཅི་ཡང་མི་ཤེས། འོན་ཀྱང་ལྷ་ཡིས་ཤེས་ངེས།”
“གལ་ཏེ་ཁོ་དངོས་གནས་ཁྱོད་ལ་འདང་ཡོད་ན་ཁྱོད་དང་མཉམ་དུ་འགྲོ་རྒྱུར་འཐད་ངེས།”
“ཁོ་ང་ལ་འདང་ཆེ། འོན་ཀྱང་ཁོ་མོའུ་སི་ལན་བཟང་བོ་ཞིག་ཡིན་པས་རང་གི་ཕ་མའི་སེམས་ལ་སྡུག་འཇོག་མི་འདོད།”
“འོན་ཀྱང་ཁྱོད་ཀྱི་སེམས་ལ་སྡུག་བཞག་སོང་།”
“མེད། ང་ལ་སྡུག་བཞག་མེད། གལ་ཏེ་ཁོས་ང་རང་དམིགས་ནས་ཕ་མ་སེམས་སྡུག་ཏུ་གཏད་ཚེ། ངེད་གཉིས་ལའང་སྤྲོ་སྣང་དང་བདེ་སྐྱིད་ཅིག་ཡོད་མི་སྲིད་དེ། དེ་ལྟ་བུའི་གཉེན་སྒྲིག་ལ་དམོད་པ་ཐེབས་ངེས།”
“དེའི་ཕྱིར་ཁྱོད་ཀྱིས་སྒུག་པར་ཐག་བཅད་པ་ཡིན་ནམ། མཇུག་འབྲས་གང་ཡང་མེད་ནའང་།”
“ང་ཡིས་ཐག་བཅད་པ་མིན་པར་ལྷ་ཡིས་ང་ལ་དེ་ལྟར་བྱེད་དུ་བཅུག་པ་རེད། འདི་དག་ཚང་མ་ལྷ་ཡི་དགོངས་པ་རེད། ངས་བསྒྲུབ་དགོས་པ་ནི་གསོལ་བ་འདེབས་རྒྱུ་དེ་རེད། ལྷ་ཡིས་ཐག་གཅོད་གནང་བའི་བར་དུ་གསོལ་བ་འདེབས་རྒྱུ་དེ་རེད།”
“ཁྱོད་རང་ལྷ་ཡིས་ཁྱོད་ཀྱི་འདོད་ཐོག་ལ་འཇོག་པར་ཡིད་ཆེས་ཡོད་དམ།”
“ངས་མི་ཤེས། ལྷ་མ་གཏོགས་སུས་ཀྱང་མི་ཤེས། དོན་དངོས་སུ་གསོལ་བ་འདེབས་དུས་ང་ལ་སྡུག་བསྔལ་མེད་པར་བདེ་སྣང་འབྱུང་། ངོ་མ། ང་རང་ལྷ་དང་ཤིན་ཏུ་ཉེ་ཞིང་དེ་འདྲའི་བརྩེ་བ་མང་བོ་ཞིག་ཀྱང་ཉམས་སུ་མྱོང་ཐུབ་པ་འདྲ། ངས་ལྷ་ཡིས་ང་ལ་གོ་སྐབས་ཐེངས་གཅིག་སྟེར་བར་རེ་ཞིང་། ང་རང་ངའི་མཛའ་གྲོགས་ཀྱི་ཕ་མ་གཉིས་ལ་མཇལ་ཐུབ་པ་བྱུང་ན་སྙམ། དུས་ཚོད་གཅིག་ཙམ་གྱི་ཡུན་ལས་མེད་ནའང་ཅིས་མི་ཆོག དེ་ལྟར་བྱས་ཚེ། ཁོ་ཚོས་ང་རང་ཁོ་ཚོའི་བུ་ལ་ཇི་འདྲ་ཞིག་དགའ་བ་ཤེས་སྲིད་ལ། ངེད་གཉིས་ལ་ཕན་ཚུན་ཇི་འདྲའི་དགོས་གལ་ཆེ་བའང་རྟོགས་ངེས། ངས་ལྷ་ལ་ཁོ་ཚོའི་སེམས་སུ་བྱམས་བརྩེ་གནང་ཞིང་། ཁོ་ཚོར་ངེས་ཤེས་དང་ཡིད་ཆེས་སྐྱེ་རུ་བཅུག་ནས་ང་རང་དང་ལེན་བྱེད་པར་གསོལ་བ་བཏབ་པ་ཡིན།”
“ཁོ་ཚོར་སྡང་སེམས་མི་སྐྱེའམ།”
“ཨོ། ང་རང་རང་ཉིད་ཆེས་དགའ་སའི་མི་དེ་གསོ་སྐྱོང་བྱེད་མཁན་གྱི་མི་ལ་སྡང་སེམས་སྐྱེ་ག་ལ་སྲིད། ངའི་སེམས་པ་སྐྱོ་ཞིང་མིག་ཆུ་བཞུར་ནའང་། ཁོ་ཚོར་དགའ་བ་ཡིན། ཁོ་ཚོ་ཀུན་ལ་དགའ།”
ང་རང་གྲག་མེད་དུ་གྱུར། དེ་དང་མཉམ་དུ་དང་ཐོག་ཁོ་གཉིས་ཡུལ་གཞན་དུ་འབྲོ་འོས་ཚུལ་བཤད་པ་ནི་ཇི་འདྲའི་ཆ་འཇོག་མེད་པ་ཞིག་ཡིན་པའི་ངེས་ཤེས་རྙེད།
“རེ་སྒུག” ང་ལ་དངངས་འཚབ་དང་མནོ་བསམ། ངལ་དུབ་དང་རེ་ཆད་སྐྱེ་རུ་འཇུག་པའི་ཐ་སྙད་འདིས། དུས་དེར་ང་རང་ཧོན་འཐོར་དུ་བཅུག དེ་ནི་ཇི་འདྲའི་རྣམ་དག་དང་བརྟན་བརླིང་། ད་དུང་འགྱུར་མེད་ཅིག
མཚན་མོ་དེར། ངས་སླར་ཡང་ཅི་ཡང་མ་བཤད། ཁུ་སིམ་མེར་མལ་ཁྲིའི་སྒང་ལ་བསྡད་ནས། གསོལ་འདེབས་ཀྱི་ལྭ་བ་གྱོན་པའི་ལེ་ན་ལ་བལྟས། ཁོ་མོས་ལུས་པོ་སྒུར་ཙམ་གནང་ནས་ཨ་རབ་སྐད་ཀྱིས་རང་གི་བླ་ན་མེད་པའི་ལྷ་ལ་གསོལ་འདེབས་དང་སྐྱབས་འཇུག་ཞུ་བཞིན་འདུག

 

འཆིང་གྲོལ་གྱིས་བསྒྱུར།