ད་ནངས་ཞོགས་པར། འཇིགས་འཕྲིན་ལམ་ལ་ཆས་དུས་གནམ་ངོ་འཐིབས་འདུག དེ་ནི་སྤྱི་ཟླ་བདུན་པའི་ཚེས་མགོ་ཡིན་ནའང་། མཐོ་སྒང་གི་གནམ་གཤིས་ཀྱི་ཆོས་ཉིད་ལ་འཕྲོད་པའི་བོད་ཟླ་བདུན་པ་དང་བསྡུར་ན་གནས་འདིར་ད་དུང་དབྱར་གཞུང་ཐོན་ཡག་མ་རེད། གནམ་ངོ་འཐིབས་པའི་ཞོགས་པ་འདིར། འཇིགས་འཕྲིན་གྱི་གདོང་ལ་རླུང་གི་རེག་བྱ་ཞིག་ཁེལ་བ་དེའི་ནང་དུ་ད་དུང་དབྱར་མགོ་མའི་རླུང་གི་རྒྱུ་བ་གྲང་མོ་དེ་འདྲེས་འདུགལམ་བར་དུ། འཇིགས་འཕྲིན་གྱིས་གནམ་ངོ་ལ་ཐེངས་འགར་ལྟ་ཙམ་བྱེད་དགོས་བྱུང་བ་ཡང་། ཉིན་འདི་ཚོར་ཁོའི་སེམས་ཁམས་དེ་རིང་གི་གནམ་ངོ་ལྟར་འཐིབས་ནས་དྭངས་རྒྱུ་མེད་པས་རེད། ཁོ་རང་ལོ་འདི་ཚོར་ཚ་ཚ་འུར་འུར་གྱིས་འཛུགས་སྐྲུན་བྱས་པའི་གྲོང་སྡེ་གསར་བ་དེ་ནས་ལམ་ལ་ཆས་ཏེ་ཡུལ་ཚོ་སྲིད་གཞུང་དུ་འཐེན་པའི་གཞུང་ལམ་དུ་ཞུགས། གྲོང་སྡེ་གསར་བ་ནས་ཡུལ་ཚོ་སྲིད་གཞུང་གི་བར་དུ་ལམ་ཐག་རིང་བོ་མེད་ནའང་། རྐང་ཐང་དུ་སོང་ཚེ་མ་མཐའ་ཡང་སྐར་མ་ཉི་ཤུ་ཙམ་གྱི་དུས་ཡུན་དགོས། ཡུལ་ཚོ་སྲིད་གཞུང་ལ་ཐོན་ཁའི་ལམ་གྱི་གཡས་ཕྱོགས་སུ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་ཡོད་ལ། དེ་ནི་འཇིགས་འཕྲིན་གྱི་བུ་ཆུང་ཀུན་དགའ་ཡི་མ་ཡུམ་སློབ་གྲྭ་རེད། སྔོན་ཆད་སློབ་ཆུང་འདི་ནི་ལོ་དྲུག་ལམ་ལུགས་ཀྱི་སློབ་ཆུང་ཞིག་ཡིན་ནའང་། ད་ལོ་ནས་ལོ་གསུམ་ལམ་ལུགས་སུ་བསྒྱུར་ཏེ་ལོ་རིམ་བཞི་པ་ནས་སློབ་ཆུང་སློབ་མཐར་ཕྱིན་པའི་བར་རྫོང་ཐོག་གི་རེ་བཞག་སློབ་ཆུང་དང་། གྲོང་རྡལ་སློབ་ཆུང་དང་པོ་དང་གཉིས་པ་བཅས་ནས་འདོན་དགོས་པ་བྱས་ཡོད། ད་ལྟ་དབྱར་གནང་བཏང་བས་སློབ་གྲྭའི་ནང་འཇམ་ཐིང་ཐིང་དུ་སྣང་ལ། སློབ་གྲྭའི་སྒོ་ཆེན་དང་རྡོ་ར་སོགས་མིག་རྒྱག་ཆེ་ས་རྣམས་ཀྱི་ངོས་སུ“6+3[1]རིན་མེད་སློབ་གསོས་ཁྱིམ་བདག་གི་སློབ་རིན་གྱི་དཀའ་ངལ་སེལ་ཞིང་བུ་ཕྲུག་གིས་སློབ་གྲྭ་བཟང་བོ་འགྲིམས་ཐུབ”པའི་སྐོར་གྱི་སྐུལ་སློང་སྦྱར་བྱང་རྣམས་རླུང་གི་རྒྱུ་བ་དང་བསྟུན་ནས་ལྷབ་ལྷུབ་གཡོ་བཞིན་འདུག སློབ་གྲྭའི་ཐད་ཀྱི་ལམ་ཁ་ནས། འཇིགས་འཕྲིན་གྱིས་རྐང་ངལ་ཞིག་གསོ་བའི་ཞོར་དུ། གྲང་ཤུར་ཤུར་གྱི་མིག་མདངས་ཀྱིས་གྲངས་ཀ་ཡོད་པའི་སྦྱར་བྱང་དེ་ཚོར་ལན་གཅིག་བལྟས་ཤིང་། སེམས་ལ“ཕ་གིའི་སྦྱར་བྱང་དེ་ཚོ་མིན་ན་ངའི་སེམས་ཁམས་དེ་རིང་གི་གནམ་ངོ་ལྟར་འཐིབས་དགོས་དོན་ག་ལ་ཡོད”ཅེས་ཆིག་ལབ་ཅིག་བརྒྱབ།

སེམས་ཁུར་གྱིས་ཡིན་ནམ། མདང་དགོང་འཇིགས་འཕྲིན་ལ་ནམ་སྨད་ནས་གཉིད་མ་ཡོང་བ་དང་ནམ་ལངས་མ་ཐག་ཡར་ལངས་ཏེ་ཞོགས་ཟས་ཟོས་རྗེས་ཡུལ་དཔོན་ལ་མཇལ་དུ་ཡོང་བ་རེད། ཡུལ་དཔོན་གྱིས་སྤྱོད་ཁང་གི་སྒོ་ཁ་ནས་དོར་ཆབ་སྒྲོག་ཞོར་ཚུར་འཇིགས་འཕྲིན་གྱི་གམ་དུ་ཐོན་ཏེ“ཁྱོད་འདི་འདྲ་སྔ་བ་ལ་ལྟོས་དང་། ཁྱོད་ལ་དོན་དག་མི་ལེགས་པ་རེ་ཞུ་རྒྱུ་མེད་མར་སྨོན”ཞེས་འཇིགས་འཕྲིན་གྱི་ཡོང་དོན་རྟོགས་པ་ལྟར་བཤད་པར། འཇིགས་འཕྲིན་ཅུང་ཙམ་འཚབས་ཏེ་སྐད་ཆ་ངག་སྒོར་ཐོན་ལ་མི་ཐོན་བྱས་མཐར་སྙིང་སྟོབས་བསྐྱེད་དེ“ཡུལ་དཔོན་ལགས། ངས་ཞི་ལི་ལ་ངན་རྩི་བརྒྱབ་པ་མིན་མོད། ཁོ་བོད་ཡིག་སློབ་འབྲིང་མ་གཏོགསHསློབ་གྲྭ་ལ་གཏན་ནས་མི་འགྲོ་ཟེར། ངས་ཁོར་བརྡུངས་ཀྱང་ཁར་མི་ཉན”ཞེས་འུ་ཐུག་པའི་རྣམ་འགྱུར་གྱིས་བཤད།

“བལྟས་སོང་ན། ཁྱོད་འདི་རྒད་པོ་མི་སྐད་མི་གོ་ཞིག་རེད།” ཡུལ་དཔོན་གྱིས་སྐད་གདངས་ཇེ་འགྲགས་ལ་བཏང་ནས“ཁྱིམ་བདག་གི་ཁར་མི་ཉན་པའི་བྱིས་པ་ཞིག་ཡོད་སྲིད་དམ། ཁྱོད་ཀྱིས་བྱིས་པ་ལ་སློབ་གསོ་མ་ཐིངས་པས་ཡིན་རྒྱུ་རེད། ཡང་མིན་ན། ཁྱོད་ལ་སློབ་གསོ་མ་ཐིངས་པས་ཡིན་རྒྱུ་རེད། ཁྱོད་ཀྱིས་སེམས་བདེ་བར་སྡོད་དང་། མི་རིང་བར་ངས་ཁྱོད་ལ་སློབ་གསོ་ཐིངས་པར་བྱེད། ཁྱོད་ཀྱིས་སྒུགས་སྡོད”ཅེས་བཤད་ནས་བུད་སོང་།

Hསློབ་གྲྭ་ནི་སྔོན་ཆད་ས་ཡོམ་བྱུང་མྱོང་སའི་རྫོང་གྲོང་ཞིག་ཏུ་ཆགས་པའི་སློབ་འབྲིང་སློབ་གྲྭ་ཞིག་སྟེ། ས་ཡོམ་རྗེས་སུ་གོང་རིམ་དང་འབྱོར་ལྡན་རྣམས་ཀྱི་རོགས་རམ་འོག་གཞི་རྒྱ་ཆེན་པོ་དང་དེང་རབས་ཅན་གྱི་རྣམ་པར་འཛུགས་སྐྲུན་བྱས་ཐོག ད་ལོ་ནས་འབྲོག་རྫོང་གི་སློབ་མ་རྣམས་བསྡུས་པ་རེད། འོན་ཀྱང་འབྲོག་རྫོང་ལ་ཁ་གཏད་དེ་སློབ་མ་བསྡུ་བའི་ཕྱོགས་ལ་དམངས་ཁྲོད་དུ་གླེང་ཕྱོགས་མི་འདྲ་འགའ་བྱུང་བས། དེ་ནི་རྒྱུན་ལྡན་གྱི་སློབ་བསྡུའི་གནས་ཚུལ་དུ་མ་ཆགས་པ་རེད།

“རྒྱ་སྐད་རྒྱ་ཡིག་ཤེས་དགོས་ན་དེར་སོང་དང་དེའི་ཡན་ཞིག་མེད།” སུ་ཞིག་གིས་དེ་ལྟར་བཤད་པའི་ལྡོག་ཕྱོགས་ནས་སུ་ཞིག་གིས“བོད་སྐད་བོད་ཡིག་བརྗེད་དགོས་ན་དེར་སོང་དང་དེའི་ཡན་ཞིག་མེད”ཅེས་བཤད་པས་ད་གཟོད་རྩོད་གཞི་ཅན་དུ་གྱུར་པ་རེད།

… …

ཡུལ་དཔོན་གྱི་ལན་དེ་འཇིགས་སྐུལ་པ་ཞིག་གི་སྐད་ཆ་ལྟར་འཇིགས་འཕྲིན་གྱི་སེམས་གཏིང་གི་གནོན་ཤུགས་སུ་གྱུར། གནམ་ངོ་འཐིབས་པའི་ཞོགས་པ་དེར། འཇིགས་འཕྲིན་ཡོང་དོན་མ་ཆོད་པར་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་། ཁྱིམ་ལ་ཐོན་དུས། བུ་ཆུང་ཀུན་དགའ་ཡིས་ནམ་རྒྱུན་ལྟར་ཞོགས་རྒྱུག་བྱས་ཤིང་། ཁ་ལག་གཙང་མར་བཀྲུས་པ་དང་ནངས་ཟས་ཟོས་ཚར་ཏེ་དབྱིན་ཡིག་གི་ཐ་སྙད་འགའ་བློ་རུ་འཛིན་གྱིན་འདུག འཇིགས་འཕྲིན་གྱིས་རང་གི་རང་ལྕག་ཅན་གྱི་ཞི་ལི་མཐོང་ནས་སེམས་ལ་དྲོད་ཐིག་ཅིག་རྒྱས་མོད། ཡུལ་དཔོན་གྱི་སྐད་ཆ་དེ་དག་དྲན་པའི་ཚེ་སེམས་པ་སླར་ཡང་འཁྱག་སིབ་སིབ་ཏུ་གྱུར་སོང་། འཇིགས་འཕྲིན་ཚ་ཐབ་ཏུ་བསྡད་པ་དང་ཆུང་མས་དྲངས་པའི་ཇ་ཚན་ཅ་ནེ་གང་ཚ་འཐུང་བྱེད་བཞིན་ཐ་མག་རྐང་གཅིག་ལ་མེ་བསྒོས་ཏེ་ཤུགས་ཀྱིས་རྔུབ་ཞོར་ཡུལ་དཔོན་གྱིས་བཤད་པའི“ཁྱོད་ཀྱིས་སེམས་བདེ་བར་སྡོད་དང་། ངས་མི་རིང་བར་ཁྱོད་ལ་སློབ་གསོ་ཐིངས་པར་བྱེད། ཁྱོད་ཀྱིས་སྒུགས་སྡོད”ཅེས་པ་སེམས་ལ་ཐོགས་ནས་བསྡད།

“Democracy, dangerous, disappointed….” བར་དེར། ཀུན་དགས་དབྱིན་ཡིག་ཐ་སྙད་བློ་རུ་འཛིན་མཚམས་བཞག་སྟེ་ཁྱིམ་དུ་ཡོང་ནས་འཇིགས་འཕྲིན་ལ“ཨ་ཕ། ཁྱོད་ཡུལ་དཔོན་ལ་ངའི་དོན་དེ་ཞུ་རུ་སོང་བ་ཡིན་ནམ”ཞེས་དྲིས།

འཇིགས་འཕྲིན་གྱིས་ཐ་མག་གི་མེ་བསད་དེ་གཞོགས་ཀྱི་ཐལ་ཚགས་སུ་བཞག་ནས“ཡིན། ཁོའི་ཁ་ན་ཁ་བྲོ་བའི་སྐད་ཆ་ཞིག་མི་འདུག”ཅེས་བསློགས་པ་དང་། “འོན་ཀྱང་ང་ཕམ་གྱི་མེད། ཕྱི་དྲོ་ང་སོང་ནས་སྡེ་དཔོན་བཙལ་ཏེ་ཞུ་བ་ཞིག་བྱེད”ཟེར།

“ཨ་ཕ། ད་ཉིན་བཅུ་མ་གཏོགས་མི་འདུག ཉིན་འདི་ཚོར་ང་ལ་གཉིད་མི་ཡོང་གི ཅུང་ཙམ་རེ་གཉིད་ཚེ་རྨི་ལམ་འཁྲུག་གི་འདུག”  ཀུན་དགའི་སྐད་གདངས་ལ་ངུ་ངག་འདྲེས་འདུག ཀུན་དགའ་ནི་མིག་འབྲས་དྭངས་མོ་ཆུ་ཤེལ་འདྲ་བའི་བྱིས་པ་ཞིག་རེད། འཇིགས་འཕྲིན་གྱིས་རང་གི་བུའི་མིག་ཟུང་དྭངས་མོ་ལ་ལྟ་བཞིན་དེའི་ནང་ནས་ལུ་གུ་བཞིན་དུ་ལྡིང་བའི་སྙིང་ཆུང་གི་སྐྱོ་གར་མཐོང་ནས་ཞི་ལུ་ཚུར་རང་གི་གམ་དུ་བོས་ཏེ་མགོ་ལ་ལག་པས་བྱིལ་བྱིལ་བྱེད་ཀྱིན“ཨ་ཕའི་ལོ་ལོ། ངས་ཁྱོད་ཀྱི་འདོད་ཐོག་ལ་རྟ་ཁ་དཀྱུ་ཨེ་ཐུབ་བལྟ”ཟེར་ནས་ཐོད་པར་འོ་ཞིག་བྱས་པ་དང་། ཀུན་དགའི་མཁུར་མགོ་ནས་མུ་ཏིག་ལྟ་བུའི་མིག་ཆུ་དོག་པ་གཉིས་འདྲིལ་སོང་། སྐབས་འདིར། ཕྱི་རོལ་གྱི་གནམ་ངོ་ལ་འགྱུར་ལྡོག་ཨེན་ཙམ་བྱུང་སྟེ། ཁྲི་གདུགས་ཉི་མ་སྤྲིན་གསེབ་ནས་མཁྲིས་ནད་ཅན་གྱི་གདོང་མདོག་བཞིན་དུ་མངོན་ནའང་། ཉིན་གུང་བཟིར་ཙམ་ལ་དེའང་རིམ་གྱིས་སྤྲིན་གསེབ་ཏུ་ཡལ་སོང་།

དྲོས་ཇ་འཐུངས་པ་དང་། འཇིགས་འཕྲིན་གྱིས་ཀྱང་རེ་བ་གསར་བ་ཞིག་བཟུང་སྟེ་སྡེ་དཔོན་འཚོལ་དུ་འགྲོ་པེ་ལེན་བྱེད་པའི་སྒང་དེར། བསམ་ཡུལ་ལས་འདས་པ་ལ།སྡེ་དཔོན་རྒན་གཞོན་གཉིས་ཀ་མ་བོས་མགྲོན་དུ་ཚུར་ཕེབས་བྱུང་བ་ན། དེ་ནི་ཡུལ་དཔོན་གྱིས་མངགས་པའི་མི་དང་། འཕངས་པའི་མདའ་ཡིན་པ་འཇིགས་འཕྲིན་གྱི་ཀླད་པས་དཀའ་ལས་དོག་ཙམ་ཡང་རྒྱག་མ་དགོས་པར་ཤེས་སོང་།

“ཡ། ཁྱིམ་དུ་སོང་།” འཇིགས་འཕྲིན་གྱིས་མགྲོན་སྣེ་བླངས་པར་སྡེ་དཔོན་རྒན་པ་དོན་གྲུབ་དུད་ཁ་ཡིས“མིན། ད་ཁྱིམ་ལ་མི་འགྲོ། ངེད་གཉིས་ཡུལ་དཔོན་གྱིས་མངགས་པ་ཡིན། གོ་ཐོས་སུ། ཁྱེད་ཚང་གི་ཞི་ལིHསློབ་གྲྭར་མི་འགྲོ་ཟེར། ཀུ་རེ་དེ་ལྟར་བཤད་ན་ཆོག་ཀྱང་། སང་ཉིན་དོན་གྱིས་མ་སོང་ན་ཞི་ལི་མ་ཟེར་ཁྱོད་ཁྱིམ་ཚང་གིས་གྱོང་རེག་རྒྱུ་རེད། གོང་རིམ་གྱིས་ང་ཚོར་རོགས་བྱེད་ཐུབ་ལ། ངན་ཡང་བྱེད་ཐུབ། ཁྱོད་ཀྱིས་ད་དུང་གོ་མེད་ནའང་ཐང་། ཉིན་འགའི་སྔོན་དུ་ཁུལ་རིམ་པ་བཀའ་རྒྱ་ཕབ་སྟེ། མིང་བཟུང་སློབ་མ་སུHསློབ་གྲྭར་མ་སོང་ན། དེ་ཚང་གི་རོགས་སྐྱོར་ཚང་མ་ཆོད་ཟེར། ཁྱོད་ཚང་ལ་མཚོན་ན་རོགས་སྐྱོར་སྣ་གཅིག་རེ་ཐོབ་པ་མིན་པར་མིག་སྐྱོབ་དང་། ཁང་པ་གསར་ཕུབ་ཀྱི་རོགས་སྐྱོར། ཚིགས་ནད་ཀྱི་རོགས་སྐྱོར། སྨན་ཡོན་ཕྱེད་བཅག་གི་རོགས་སྐྱོར། གཉིས་སྐྱེས་སྒོ་བཅད་ཀྱི་རོགས་སྐྱོར། གཅིག་སྐྱེས་སྒོ་བཅད་ཀྱི་རོགས་སྐྱོར་ཚང་མ་ཐོབ་ཀྱི་ཡོད་པ་མིན་ནམ། བསམ་མི་ཤེས་པའི་ཞི་ལི་ཞིག་གི་འདང་ལོག་གི་ངོར་བལྟས་ནས། འཚོ་བའི་སྐྱབས་མགོན་གྱི་ཡོང་སྒོ་དེ་འདྲ་མང་པོ་ཞིག་མེད་པར་བཏང་ན། ནམ་ཉི་མ་ཞིག་ལ་ཁྱོད་འགྱོད་པ་དྲག་པོས་མི་འཆི་ཟེར་བ་མེད། དེ་བས། བསམ་བློ་སྔོན་དུ་བཏང་ན་མཁས་པ་དང་།འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན”ཞེས་བཤད་ཀྱིན་བཤད་ཀྱིན་གཡས་ལག་གི་མཛུ་གུ་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ། གཏམ་བཤད་པ་མི་འདྲ་བོའུ་མཆུ་གཏད་པ་འདྲ།

དེར་མཐུད་ནས། སྡེ་དཔོན་གཞོན་པས་ཀྱང“འེ། འཇིགས་འཕྲིན། ཁྱོད་ཀྱིས་འདང་ཐོངས་དགོས། ཁྱེད་ཚང་གི་ཞི་ལི་ད་སྔ་སློབ་སྦྱོང་ལ་ཅུང་ཙམ་བཟང་བས་ང་རྒྱལ་ཆེན་པོ་སྐྱེ་རྒྱུ་མེད། ང་རྒྱལ་ཅན་རྣམས་ཐང་ལ་རྒྱག་ཉེན་ཆེ། ཐང་ལ་བརྒྱབ་ཚེ་ཡར་ལ་ལང་རྒྱུ་དཀའ། དེ་བས། ང་རང་ཁྱོད་ཡིན་རྒྱུ་ན། ངས་ཞི་ལི་མི་བསམ་ཁྱིམ་ཚང་བསམ་ཤ་སྟག་ཡིན། དེ་ནི་མང་པོའི་དོན་དུ་གཅིག་རེ་གསོད་ཀྱང་རུང་བའི་གནས་ལུགས་རེད”ཅེས་དཔོན་གཏམ་ཁ་ཚ་བོ་བཤད་པ་འཇིགས་འཕྲིན་གྱི་སྙིང་ལ་གྲི་བསྣུན་པ་ལྟར་གནོད་རུང་། སྤྲོ་ཐུང་གིས་མི་སློད་པའི་གནས་ལུགས་ཀྱིས་སེམས་མགོ་མར་མནན་ཏེ། “ཁྱོད་སྡེ་དཔོན་གཉིས་ཀྱིས་ངེད་དབལ་ཤུལ་ཚང་བསམས་ཏེ་ཡོང་བ་དང་། ཡོང་བས་མི་ཚད་ཤ་ཚ་བའི་གཏམ་ལ་སྙན་མོ་མེད་པའི་སྐད་ཆ་བཤད་པར། རྒད་པོ་ངས་ཁ་བྲོ་བཀྲ་ཤིས་ཞུ། འོན་ཀྱང་། ང་སྐྱེས་ཕོ་རབ་ཅིག་ཡིན་པ་དཔང་དུ་བཞག་སྟེ་བཤད་ཐུབ་པ་ཞིག་ལ། ད་ནངས་ཡུལ་དཔོན་ལ་བཤད་པ་ནང་བཞིན། ངས་ཞི་ལི་ལ་ངན་རྩི་གཏན་ནས་བརྒྱབ་མེད། ཁྱོད་ཚོ་མི་རློམ་ན་སོང་ནས་ཞི་ལིར་དྲིས་དང་། ས་ཕྱུང་ན་རྡོ་བ་ལྷང་ལ་ལོས་འབུད། ང་རང་ངོས་ནས། ཁྱོམ་ཚའི་བློ་བཟང་གི་སྐད་ཆ་ལ་ཤིན་ཏུ་འཐད། བྱིས་པ་ནི་མི་རིགས་ཀྱི་མ་འོངས་པའི་མེ་ཏོག་དང་། མེ་ཏོག་དེའི་འདབ་མ་མི་གཅོད་པ་ནི་མེ་ཏོག་ལྡུམ་རའི་བདག་པོའི་འོས་འགན་ཡིན། ད་ཅི་ཁྱོད་གཉིས་ཀྱིས་གོང་དུ་བཤད་པ་ལྟར། ངེད་ཚང་ནི་རོགས་སྐྱོར་མོད་པོ་ཐོབ་པའི་གཞན་རྟེན་ཁྱིམ་ཚང་ཞིག་ཡིན་པ་ངས་ལེན་པར་མ་ཟད། ཁྱོམ་ཚའི་བློ་བཟང་གི་སྐད་ཆའི་གནས་ལུགས་ནི་དེ་བས་ཀྱང་ཁས་ལེན་རུང་བ་ཞིག་རེད། དེ་བས། ངས་ཁྱེད་གཉིས་ལ་ཞུ་བ་བྱེད། མ་མོ་མི་གསོད་ཅིང་སྤྱང་ཀི་མི་ལྟོགས་པའི་ཐབས་བཀོད་རེ་འཐེན་རོགས”ཞེས་ཉམ་ཆུང་ཆུང་གིས་ཞུ་བ་བྱས།

“འཇིགས་འཕྲིན་ཁྱོད་ཀྱིས་གནས་ཚུལ་ཤེས་དགོས། དོན་དག་འདིའི་ཐད་ནས། ངེད་གཉིས་ཀའང་གོང་རིམ་གྱི་ཁ་དང་ལག་པ་ཡིན། ལས་དོན་ལམ་ལ་མ་སོང་ཚེ། ང་ཚོ་ཚང་མའི་མགོར་འདང་མི་ཕོག་པ་ཞིག་ཡོང་བར་ཁྲིགས་ཁྲིགས་མེད། གཙོ་བོ་ཁྱོད་ཀྱིས་འདང་ཞིག་ཕོག་དགོས། ཁྱོད་ལ་སྐད་ཆ་ཐིངས་དགོས་པ་ཞིག་ཐིངས་ཡོད།”  སྡེ་དཔོན་གཉིས་འགྲོ་རྩིས་བྱས།

“ངས་ངོ་མ་ཞི་ལི་ལ་ངན་རྩི་བརྒྱབ་མེད། …… ཁྱོད་གཉིས་ཅུང་ཙམ་སྡོད་དང་།” འཇིགས་འཕྲིན་ལ་ད་དུང་སྐད་ཆ་ཡོད་མོད་སྡེ་དཔོན་རྒན་གཞོན་གཉིས་ཀས་ཡོང་དོན་གྱི་སྐད་ཆ་རྡོ་འཕེན་འཕེན་བྱས་ནས་རྣ་མ་གཡར་བར་བུད་སོང་།

འཇིགས་འཕྲིན་དེ་གཉིས་ཀྱི་རྗེས་སུ་ཧད་དེ་ལངས་ཡོད་པའི་སྐབས་སུ། ཀུན་དགའ་ཁོའི་གམ་དུ་ཐོན་ཏེ་དོན་དག་ཅི་བྱུང་དྲིས།

“ཁོ་གཉིས་ཀྱིས་ངའི་སྐད་ཆ་ལ་མི་ཉན།” འཇིགས་འཕྲིན་གྱིས་དངན་པ་ནར་ནར་ཞིག་འཐེན་ཏེ་གོང་དུ་ཁོ་གསུམ་གས་སྐད་ཆ་བཤད་དོ་ཅོག་ཇི་མ་ཇི་བཞིན་དུ་ཚར་གཅིག་བཤད་པ་ན་ཀུན་དགའི་གདོང་ལ་དེ་མ་ཐག་སྐྱོ་མདངས་ཤིག་དེ་རིང་གི་གནམ་ངོ་ལྟར་མངོན་ཏེ། “གཉིས་སྐྱེས་སྒོ་བཅད”དང“གཅིག་སྐྱེས་སྒོ་བཅད”ཟེར་བ་དེ་ཅི་ཞིག་གི་རོགས་སྐྱོར་རེད་ཅེས་དྲིས།

“འོ། དེ་ཟེར་རམ། ཁྱོད་ཀྱིས་དེ་མི་ཤེས་སམ།” འཇིགས་འཕྲིན་གྱིས་ཞི་ལུ་ཁྲིད་དེ་ཚུར་རང་ཁྱིམ་དུ་ལོག་ཞོར“ཕྲུ་གུ་གཉིས་སྐྱེས་པ་ནས་སྨན་ཁང་དུ་སོང་ནས་ཕྲུ་གུ་སྐྱེ་མི་ཐུབ་པར་བྱས་ན་རྒྱལ་ཁབ་ཀྱིས་དེ་ལ་དགའ་རྟགས་སམ་རོགས་སྐྱོར་དུ་ཐེངས་གཅིག་ལ་སྒོར་སྟོང་ཕྲག་གསུམ་སྟེར་བ་ལ་གཉིས་སྐྱེས་སྒོ་བཅད་དང་། ཕྲུ་གུ་གཅིག་སྐྱེས་རྗེས་དེ་བཞིན་བྱས་ན་དགའ་རྟགས་སམ་རོགས་སྐྱོར་དུ་ལོ་རེར་སྒོར་སྟོང་ཕྲག་གཉིས་སྟེར་བ་ལ་གཅིག་སྐྱེས་སྒོ་བཅད་ཟེར་བ་རེད། ཁྱོད་ཀྱི་ཨ་ཅེ་བཀྲ་མཚོ་དང་བདེ་མཚོ་གཉིས་ལ་དེའི་དགའ་རྟགས་སམ་རོགས་སྐྱོར་ཡོད་པས་དེ་ཟེར་བ་རེད”ཅེས་ཞིབ་མོར་བཤད།

“ངHསློབ་གྲྭར་མ་སོང་ན་ངེད་ཚང་ལ་རོགས་སྐྱོར་དེ་ཚང་མ་མེད་པ་མིན་ནམ།” ཀུན་དགའི་སེམས་ལ་འཇིགས་སྣང་ཞིག་ཐོལ་གྱིས་རྡུལ་འཚུབ་བཞིན་དུ་ལངས།

ཕ་བུ་གཉིས་ཁོ་ཚང་གི་སྒོ་ཁར་ཐོན་དུས། འཇིགས་འཕྲིན་གྱིས་གནམ་ངོར་ལྟ་བའི་ཞོར་དུ་ཁང་ཀླད་དུ་གནའ་ཁྱིམ་ཞིག་ཡིན་ན་དར་ལྕོག་སྒྲེང་བའི་ཚབ་ཏུ་སྐར་ལྔའི་དར་ཆུང་ཞིག་(འབྲོག་པ་རྣམས་ཀྱིས་དེ་ལ་རྒྱལ་དར་ཞེས་འབོད་ཀྱི་ཡོད)བཙུགས་ཡོད་པ་དེ་དུས་ནམ་ཞིག་ལ་དྲག་རླུང་གིས་བསྒྱེལ་པ་ཡིན་ནམ་ཅི། དར་ཤིང་བཅག་ནས་དུམ་བུ་གཉིས་སུ་གྱུར་ཏེ་ཁང་ཐོག་ཏུ་ལྷུང་འདུག་པ་མཐོང་ནས་སེམས་སུ། ལས་ལམ་དུ་སོང་བ་ལ། ད་ཅི་སྡེ་དཔོན་གཉིས་ཀྱིས་ཚུལ་འདི་མཐོང་མ་སོང་ཨང་སྙམ་བཞིན་དགའ་འོས་པའི་དགའ་སྤྲོ་ཞིག་འགོག་མེད་ཏུ་སྐྱེས།

དུད་ཁྱིམ་སོ་སོའི་ཁང་ཀླད་དུ་སྐར་ལྔའི་དར་ཆུང་རེ་འཛུགས་པ་འདི་ནི་གོང་རིམ་གྱིས་ཁང་པ་གསར་ཕུབ་ཀྱི་རོགས་སྐྱོར་ལས་གཞི་དེ་འབྲོག་སྡེ་འདིར་དངོས་སུ་ལག་བསྟར་བྱས་པ་དང་། ཁུལ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་མགོ་ཁྲིད་རྣམས་དེ་ལ་གནས་ཚུལ་རྒྱུས་ལོན་ནམ་ལྟ་སྐོར་དུ་ཡོང་དུས་རྫོང་ཐོག་གི་མགོ་པ་སུ་ཞིག་གིས་བློ་དྲན་པའི“མཐོང་མ་ཐག་ཤེས་ཐུབ་པའི་དྲིན་ལན་མཇལ་སྟངས”དེ་ཡིན་ལ། བདེན་མིན་མི་ཤེས་མོད། མགོ་པ་གང་དེའི་བློ་དེ་ནི་ལོ་དུ་མའི་སྔོན་ལ་ལྷ་སའི་གཞིས་ཀ་རྩེའི་མཐའ་འཁོབ་ཀྱི་གྲོང་གསེབ་ཅིག་ཏུ་སྡོད་པའི་རྒན་མོ་ཁེར་འདུག་ཅིག་གིས་དུས་རྒྱུན་དུ་ཁང་ཀླད་དུ་སྐར་ལྔའི་དར་ཆུང་ཞིག་བཙུགས་པ་རྗེས་སུ་མང་མང་གིས་ཤེས་ཏེ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་གནས་ཚུལ་ཆེད་སྒྲོག་གཟི་བརྗིད་ལྡན་པ་ཞིག་བྱས་པ་ལ་ལད་མོ་བྱས་པ་རེད་ཟེར། གང་ལྟར། ད་ལྟ་གནས་ཚུལ་དེ་འབྲོག་སྡེ་འདི་མ་ཟེར། རྫོང་མཚེས་གཞན་གྱི་འབྲོག་སྡེ་དང་དེ་མིན་རྒྱལ་མོ་ཚ་བ་རོང་གི་ལུང་ཁོག་སོ་སོའི་བོད་ལུགས་ཁང་པ་ཡག་པོ་དེ་ཚོའི་ཁང་ཀླད་དུའང་སྐར་ལྔའི་དར་ཆུང་འདི་ལྟ་བུ་རེ་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད་པས། དེ་ལ་སུ་ཞིག་གིས“བོད་ཀྱི་དར་ལྕོག་གསར་བ”ཞེས་བརྗོད་པའང་གོ་རྒྱུ་ཅན་གྱི་གཏམ་དུ་འཁུམས་སོ།།

“ཀུན་དགའ། ཁྱོད་སོང་ནས་རྒྱལ་དར་ཁྱེར་ཤོག་དང་། ངས་དར་ཤིང་གསར་བ་ཞིག་བརྗེ།” འཇིགས་འཕྲིན་གྱིས་དེ་ལྟར་བཤད་པ་ཁང་ནང་དུ་ཁྱིམ་ལས་རྩག་རྩིག་ལ་བྲེལ་བའི་འབྲུག་མོས་ཐོས་ཏེ། སྐད་མཐོན་པོས“དར་ཤིང་སྲ་མོ་ཞིག་མ་བརྗེས་ན་ད་ལོའི་རླུང་བཙན་པས་སླར་ཡང་གཅོག་ཉེན་ཆེ”ཞེས་བཤད།

“རླུང་གིས་བཅག་པ་རེད་དམ།”

“རླུང་མ་གཏོགས་སུ་ཞིག་གིས་གཅོག་ཐུབ་བམ། རླུང་ལོས་ཡིན། ད་ལོའི་རླུང་འདི་ངོ་མ་བཙན་གི”

རླུང་གླེང་ན་རླུང་ཡོང་ཟེར་བ་བདེན་ཤས་ཆེ། དེའི་ཚེ། རྒྱུ་བ་དྲག་པའི་རླུང་ཞིག་ལྡང་སྟེ་ཅུང་ཙམ་མིན་ན་ཀུན་དགའ་ཁང་སྟེང་ནས་ལྷུང་སོང་། གནམ་ངོ་ད་ནངས་ལྟར་འཐིབས་ནས་ནག་ཐོམ་མེར་འདུག ཀུན་དགའ་ཁང་ཁ་ནས་འབབ་ཁར་མགོ་ཐོག་གི་གནམ་ངོར་ལྟ་ཙམ་བྱས་ཚེ། སེམས་ལ་སྡེ་དཔོན་རྒན་གཞོན་གཉིས་ཀྱི་སྐད་ཆ་དྲན་ནས་ནང་སེམས་ཀྱི་བར་སྣང་ལ་སྤྲིན་ནག་འཁྲིགས་ཤིང་གྲང་རླུང་འུར་འུར་དུ་ལྡང་།

འཇིགས་འཕྲིན་གྱི་སེམས་སུ། རྒྱལ་དར་འདིའི་དར་ཤིང་བརྗེས་ཏེ་མྱུར་དུ་ཕྱིར་མ་བཙུགས་ན་སྡེ་དཔོན་རྒན་གཞོན་གཉིས་ཀ་ད་དུང་ཕྱིར་ཡོང་ཤས་ཆེ་སྙམ་པ་དང་། སྐྲག་སྣང་དང་བཅས་ཆུང་མ་འབྲུག་མོ་དང་བུ་ཆུང་ཀུན་དགའ་གཉིས་ཀྱི་རོགས་རམ་འོག་ཏུ་ད་གཟོད་ཁང་ཀླད་དུ་སྐར་ལྔའི་དར་ཆུང་རླུང་གིས་ཤམ་ཤམ་དུ་སྐྱོད་ཐུབ་པ་ཞིག་འཛུགས་ཐུབ་སོང་། ཏག་ཏག་སྐབས་དེ་ཙ་ན། སྡེ་དཔོན་གཞོན་པ་འཇིགས་འཕྲིན་ཚང་ལ་ཐོན་ཏེ་ཀུན་དགའ་ཡུལ་ཚོ་སྲིད་གཞུང་དུ་ཐེངས་གཅིག་ཤོག་ཅེས་བོས་བྱུང་།

“ཅི་ལ།” འཇིགས་འཕྲིན་གྱི་སེམས་ལ་དོགས་པ་ཞིག་སྐྱེས།

“ཡུལ་དཔོན་གྱིས་བོས་པ་རེད། དོན་དག་ཆེན་པོ་མེད་ཟེར། གནས་ཚུལ་རེ་འདྲི་འདོད་པ་འདྲ།”

“ཡ་ཞི་ལི། ཁྱོད་འགྲོ་རྒྱུ་བྱོས།ཅི་དྲིས་ན་སྐད་ཆ་དྲང་མོར་ཤོད། རྫུན་བཤད་ནས་ཡོང་རྒྱུ་མེད།” འཇིགས་འཕྲིན་ཚུར་སྡེ་དཔོན་གཞོན་པའི་ཕྱོགས་སུ་བཅར་ཏེ། “སྡེ་དཔོན་གཞོན་པ། ད་ཅི་ཁྱོད་གཉིས་གློ་རྒྱག་ལ་བུད་སོང་བས། ངས་སྐད་ཆ་འཕྲོ་མ་བཤད་མ་ཐུབ་ཐལ། ངས་བསམས་ན…”ཞེས་བཤད་འཕྲོ་མཐུད་རྩིས་བྱས་མོད་སྡེ་དཔོན་གཞོན་པས། རྗེས་སུ་བཤད་ཟེར་ནས་ཀུན་དགའ་ཁྲིད་དེ་བུད་སོང་།

“ཨ་ཁ། སྡེ་དཔོན་གཞོན་པར་ཅི་བྱུང་བ་ཡིན་ནམ། སྐད་ཆ་ལའང་མི་ཉན་པར། ཅིག་འགྲིག་གི་མི་འདུག” འཇིགས་འཕྲིན་གྱིས་དེ་ལྟར་སྙམ་བཞིན་ཁོ་གཉིས་ཀྱི་རྗེས་སུ་བལྟས་འདུག

ལོ་རིམ་དྲུག་པ་སློབ་མཐར་ཕྱིན་ཅིང་། རྒྱུགས་འབྲས་ལེགས་པོ་བླངས་ཏེ་སྙན་གྲགས་རྒྱས་པའི་ཀུན་དགས་སྔོན་ཆད་ཡུལ་ཚོ་སྲིད་གཞུང་མཐོང་མྱོང་ནའང་ནང་དུ་སོང་བ་ནི་དེ་རིང་ཙམ་ཡིན་པས་སེམས་ལ་འཚུབ་སྣང་དང་སྐྲག་སྣང་གང་ཡིན་ཆ་མི་འཚལ་བ་ཞིག་བྱུང་། ཁོ་རང་སྡེ་དཔོན་གཞོན་པས་ལམ་ཁྲིད་དེ་ཡུལ་དཔོན་གཞུང་སྒྲུབ་ཁང་དུ་སོང་ཚེ། ཁྱོམ་ཚའི་བློ་བཟང་ཡང་དེར་ཐོན་འདུག་པ་དེས་ཀླད་པའི་ནང་དུ་དྲི་རྟགས་གསར་བ་ཞིག་བསྣན་བྱུང་སྟེ། ཨ་ཕའི་སྐད་ཆ་དེའི་ནང་དུ་ཡོད་པའི་མི་དེ་ནི་ཁོ་མིན་ནམ་སྙམ།

“ཡ་ཞི་ལི། དེ་ནས་སྡོད།”

ཡུལ་དཔོན་རང་གི་གཞུང་སྒྲུབ་འདུག་ཁྲིའི་སྟེང་དུ་བསྡད་པ་དང་ལག་པ་གཉིས་ཕོ་བའི་སྟེང་ནས་བསྣོལ་ཏེ་ཁ་གཏད་དུ་སྡོད་པའི་ཀུན་དགའི་གདོང་ལ་ལན་ཅིག་བལྟས་ཚེ། ཧ་ལས་ཤིང་སེམས་མི་སྐྱིད་པ་ཞིག་བྱུང་། ཧ་ལས་དོན་ནི་ཀུན་དགའི་ཆུ་ཤེལ་ལྟ་བུའི་མིག་འབྲས་དྭངས་མོ་དེ་མཐོང་ནས་བློ་རིག་འདི་ལ་མི་རྣོ་སུ་ལ་རྣོ་སྙམ་པ་དང་། སེམས་མི་སྐྱིད་དོན་ནི་སློབ་མ་རིག་ཡག་འདིHསློབ་གྲྭར་མངག་མ་ཐུབ་ཚེ་གོང་རིམ་གྱིས་ང་ལ་དེ་ལས་ལྷག་པའི་ཆད་པ་ཞིག་གཅོད་རྒྱུ་ནི་སྤྲུལ་སྐུ་ཚང་ལ་མོ་མ་བཏབ་ཀྱང་ཤེས་ཐུབ་བོ་སྙམ་པ་རེད།

ཡུལ་དཔོན་གྱིས་ཡུན་རིང་ཞིག་ལ་ཀུན་དགར་འཛུམ་བསྟན་ནས་བསྡད་པ་ལས་སྐད་ཆ་ཅི་ཡང་མ་དྲིས་ཤིང་། ཀུན་དགས་འཛུམ་དེའི་ནང་ན་འཛུམ་མིན་པ་ཅི་ཞིག་ཡོད་དམ་སྙམ་ནས་སྐྲག་སྟེ་དབུགས་ལྷོད་མོ་ཞིག་ཀྱང་གཏོང་ལེན་བྱེད་མི་ཕོད་པའི་ཚུལ་དུ་བསྡད་པ་ལ། གཞན་རྣམས་ཧང་ནས་ལུས་པས་གཞུང་སྒྲུབ་ཁང་ནང་དེ་མ་ཐག་ཁུ་སིམ་མེར་གྱུར།

“ཡ། ཞི་ལི། གཞན་གྱིས་བཤད་ན་ཁྱོདHསློབ་གྲྭར་འགྲོ་འདོད་མི་འདུག་ཟེར། ངས་བལྟས་ན་དེ་བདེན་རྒྱུ་མ་རེད། ཁྱོད་འདི་འདྲིའི་རིག་རྒོད་ཅིག་སློབ་གྲྭ་དགའ་ཞིག་ལ་མ་སོང་ན་རང་གིས་རང་གི་མདུན་ལམ་བརླགས་པ་མ་རེད་དམ།” ཅུང་ཙམ་འགོར་རྗེས། ཡུལ་དཔོན་གྱིས་ཀུན་དགའ་ལ་ཉམས་ཚོད་ལེན་པའི་སྐད་ཆ་བཤད་མགོ་བརྩམས།

“…བདེན། ང་དྲུག་སྣོན་པ་གསུམ་གྱི་སློབ་གྲྭར་འགྲོ་མི་འདོད།” ཀུན་དགའི་སྐད་ཅུང་ཙམ་འདར་གྱིན་འདུག

“བདེན? ཅིའི་ཕྱིར།”

“ངས་བོད་ཡིག་སྦྱང་འདོད།”

“བོད་ཡིགHསློབ་གྲྭ་ནས་ཀྱང་སྦྱང་ཆོག་གི་རེད། འཚོ་བའི་ཆ་རྐྱེན་དང་ཁོར་ཡུག་གང་ཐད་ནས་རྫོང་བོད་ཡིག་སློབ་འབྲིང་ལསHསློབ་གྲྭ་བཟང་། ཁྱོད་སློབ་གྲྭ་དེར་སོང་བ་ནས། ཟླ་བ་རེར་གོང་རིམ་ནས་འཚོ་བའི་དངུལ་དུ་སྒོར་མོ་ཉིས་བརྒྱ་ཆད་མེད་སྟེར། སྒོར་མོ་ཉིས་བརྒྱ་ཟེར་ན་རང་གའི་བྱིས་པ་ཞིག་གི་ལག་ལ་ཡོང་དཀའ་བ་ཁྱོད་ཀྱིས་ལོས་ཤེས། གལ་ཏེ་ཁྱོད་གོང་རིམ་གྱི་བཀའ་ལྟར་བུད་སོང་ན། ཁྱོད་ཚང་གི་རོགས་དངུལ་ཚང་མ་ཡང་སྔར་བཞིན་ཁྱོད་ཚང་ལ་སྟེར་ངེས་རེད། དེ་མིན་ཁྱོད་རང་ང་ཚོའི་ལམ་སྟོན་དུ་མ་སོང་ན་ཁྱོད་རང་ཉིད་ཀྱི་མདུན་ལམ་མ་ཟེར། ཁྱོད་ཚང་ལའང་གནོད་པ་སྐྱེལ་རྒྱུ་རེད། འཇིག་རྟེན་འདིར་སྒོར་མོ་གལ་ཆེན་ཡིན། སྒོར་མོ་མེད་ན་བྱ་བ་གཅིག་ཀྱང་སྒྲུབ་མི་ཐུབ། ལབ་རྐྱལ་འགའ་རེས། སྒོར་མོས་རིག་གནས་ཡོན་ཏན་མི་ཁུག་ཟེར་མོད། དེ་ནི་སྐྱག་རྫུན་ཤ་སྟག་རེད། ཁྱོད་ཀྱིས་སོམས་དང་། སློབ་མ་ཚོར་སྒོར་མོ་མེད་ན། སློབ་གྲྭར་སོང་ནས་རིག་གནས་ཡོན་ཏན་ཅི་ལྟར་སྦྱོང་ཐུབ་བམ། ཐུབ་ནི་མ་རེད། སློབ་མ་ཞིག་ཡིན་ཕྱིན་ཐོག་མར་སྒོར་མོའི་རིན་ཐང་ཤེས་དགོས། དེ་ནས་སྒོར་མོ་འཚོལ་སྟངས་ཤེས་དགོས། དེ་ནས་སྒོར་མོ་སྤྱོད་སྟངས་ཤེས་དགོས། ཁྱོད་ཚོའི་སློབ་དེབ་ནང་དུ་སྒོར་མོའི་རིག་གནས་མེད་དམ། དེ་མེད་པ་ནི་ཀྲུང་གོའི་མ་འོངས་པའི་གྱོང་གུད་ཅིག་རེད། ཨ་ཁ། ད་ངོ་མ་སྒོར་མོའི་རིག་གནས་ཡོད་པའི་བསླབ་དེབ་ཅིག་མ་བསྒྲིག་ཐབས་མེད་རེད།” ཡུལ་དཔོན་གྱིས་མདུན་གྱི་བུ་ཆུང་འདི་ཆུ་ནང་གི་ཉ་མོ་ཞིག་ཡིན་པའི་བསམ་པ་བཟུང་བ་དང་། སྒོར་མོ་ནི་ཉ་དེ་འགུག་བྱེད་ཀྱི་ས་འབུ་ནག་རིང་ཡིན་པའི་ཚད་ནས་སྐད་ཆ་བཤད་པ་ན། ཀུན་དགའི་སེམས་ལ་མཚམས་མཚམས་སུ་ཁོས་བཤད་པའི་སྐད་ཆ་རེ་འགའ་ནི་བདེན་པ་འདྲ་བའི་སྣང་བ་རེ་ཡང་བྱུང་དུ་བཅུག་མོད།རང་གི་དགེ་རྒན་དམ་པ་ཟླ་བས་བཤད་པའི་སྐད་ཆ་དེ་དག་དྲན་པའི་ཚེ། ཡིད་ཀྱི་དཔྱང་ཐག་བཅད་དེ། “སྒོར་མོ་ནི་བསླུ་བྲིད་ཅིག་ཡིན།ལྷག་པར་དེང་སང་དེ་འདྲ་རེད། རང་གི་སྐད་དང་ཡི་གེརང་གི་ཡུལ་སྲོལ་གོམས་གཤིས། རང་གི་ཆོས་ལུགས་དང་ལོ་རྒྱུས་མི་ཤེས་པའི་མི་རྣམས་ལྷག་པར་དུ་སྒོར་མོའི་གཡོ་འོག་ཏུ་ཚུད་སླ། དེ་བས། བོད་ཅིག་གིས་རང་གི་སྐད་དང་ཡི་གེ་ཐོག་མའི་ཐོག་མར་ཤེས་དགོས་དོན་ནི་འཇིག་རྟེན་འདིར་སྒོར་མོ་ལྟ་བུའི་བསླུ་བྲིད་དུ་མི་ཚུད་པར་ཕ་ཤུལ་དུ་བུ་ཞིག་སྐྱེ་དགོས་པའི་འཇིག་རྟེན་མི་ཚུལ་ཤེས་མཁན་ཞིག་ཡོང་བ་དེ་ཡིན། དེ་བས་ང་ཚོས་བོད་ཡིག་སྦྱོང་དགོས”ཞེས་ཚོར་བ་དྲག་པོ་ཞིག་དང་མཉམ་དུ་དགེ་རྒན་དམ་པས་རྒྱུན་པར་གསུངས་པའི་སྐད་ཆ་ངག་ནས་ཐལ་སོང་།

“ཁྱོད་ཀྱི་དགེ་རྒན་སུ་རེད།” ཡུན་རིང་ཞིག་ལ་ཀུན་དགའི་སྐད་ཆར་ཧད་དེ་ལུས་པའི་ཡུལ་དཔོན་གྱིས་སྐབས་ཤིག་ལ་གློ་བུར་དུ་དྲན་པ་རྙེད་པ་ལྟར་དེ་ལྟར་དྲིས།

“ངའི་དགེ་རྒན་དམ་པ་ཟླ་བ་ཡིན།”

ཀུན་དགའི་ལན་དེ་ཐོས་རྗེས། ཡུལ་དཔོན་གྱི་སེམས་ལ། ད་ཐེངས་ཉ་ཆེན་ཞིག་ཟིན་བྱུང་སྙམ་ནས་སྤྲོ་བ་འཕེལ་ཏེ་ཀུན་དགའ་ཕྱིར་མངགས་པ་དང་། འཆར་གཞི་རྗེས་མའི་ཕྱོགས་ལ་བསམ་བློ་བཏང་། དེ་ནི་རང་འགན་གྱི་བྱ་བ་དང་འབྲེལ་བ་ཡོད་པ་ཡིན་ནམ། ཡུལ་དཔོན་གྱིས་གཞུང་དོན་སྒྲུབ་དུས་ནམ་ཡང་ཉ་འཛིན་པའི་བསམ་པ་འཆར་ཞིང་། བྱ་བ་འགྲུབ་ནས་གོང་རིམ་གྱིས་ཡུལ་དཔོན་མང་སང་ཁོ་ལ་ཆེད་དུ་བསྟོད་པ་རེ་བྱེད་དུས། མཚམས་རེར་ཁོ་སྙིང་ཁོང་ནས་དགའ་དྲགས་ཏེ་བསྲན་མི་ཚུགས་པར། “ད་ཐེངས་ཟིན་པའི་ཉ་དེས་གོང་ཁུགས་ཐལ་ཡ”ཞེས་སྐད་ཆ་ཤོར་འགྲོ་བའང་ཡོད། བྱ་བ་སྒྲུབ་པ་ནི་ཉ་འཛིན་པ་དང་འདྲ་བའི་སྣང་བ་མཚར་པོ་དེ་ཁོ་རང་ཡུལ་དཔོན་ལ་བསྡད་ནས་ལོ་ངོ་ལྔ་ཙམ་འགོར་པ་ནས་རང་རྒྱུད་དུ་བྱུང་བ་ཞིག་ཡིན་ལ། བསམ་བློ་ཇི་ལྟར་བཏང་ཡང་ཉམས་སྣང་དེའི་འབྱུང་རྐྱེན་མི་ཤེས་ནའང་། ཉ་འཛིན་བྱ་བ་བསྒྲུབ་ཏུ་འགྲོ་ཁར་རང་གི་གཟུགས་པོའི་རིང་ཚད་དང་མཉམ་པའི་ཆེད་བཟོས་མེ་ལོང་དེའི་མདུན་དུ་སོང་ནས་ཞིབ་ཏུ་ལྟ་ཐེངས་རེར། རང་བློ་རང་ལ་མ་གསང་བར་བཤད་ན། རང་ཉིད་ནི་མི་སེར་མང་པོའི་སྐྱིད་སྡུག་གི་འགན་ཁྲིར་སྡོད་པའི་སྐྱེས་མཆོག་མི་ཞིག་དང་མི་འདྲ་བར། རྒྱ་མཚོའི་ནང་གི་ཉ་རྣམས་ཁ་ཟས་སུ་བསྟེན་པའི་ཆུ་སྲིན་གདུག་རྩུབ་ཅན་ཞིག་དང་ཇི་འདྲའི་མཚུངས་པ་ལའང་སྙམ་གྱི་ཡོད་པས། ན་ནིང་རྫོང་དཔོན་ལ་མགྲོན་ཞིག་བྱས་པའི་སྟེང་ནས་མནའ་ཆེན་ཞིག་བསྐྱལ་ཏེ་གཞུང་དོན་དང་རང་དོན་གཉིས་ཀྱི་ཆེད་དུ་ཕྱིན་ཆད་ནས་མེ་ལོང་ནང་དུ་མི་བལྟ་རྒྱུ་ཐག་གིས་བཅད་པ་དང་ལྷན་དུ། མེ་ལོང་དེ་ཆག་ཧྲུག་ཏུ་བཏང་ནས་སྤྱོད་ཁང་ནང་དུ་འཕངས།

ཉ་ཞིག་འཛིན་པར་སྤྱོད་པའི་དེང་རབས་ཅན་གྱི་ལག་ཆ་ལ་གཙོ་བོར་ལྕགས་ཀྱུ་དང་། འབྲིད་ཟས། འགྱིག་སྐུད། འཕྲུལ་དབྱུག་བཅས་ཡོད་པ་ལྟར་ད་ཐེངས་ཉ་ཆུང་ཀུན་དགའ་འཛིན་པའི་ཕྱོགས་ལ་བསམ་བློ་ཞིབ་ཏུ་བཏང་རྗེས། ཡུལ་དཔོན་གྱིས་ཐད་ཀར་འབྲེལ་ཡོད་རྫོང་དཔོན་ལ་ཁ་པར་བཏང་ནས་ཀུན་དགའ་ལ་དངོས་སུ་ཁ་བརྡ་བྱས་པའི་གནས་ཚུལ་ཡར་ཞུ་བྱས།

“ཨ་ཨ་ཨ། ད་ངོ་མ་གཅིག་མ་བཙུར་ན་འགྲིག་གི་མི་འདུག” རྫོང་དཔོན་གྱིས་དེ་ལྟར་ཆིག་ལབ་ཅིག་བརྒྱབ་པ་དང་ཁ་པར་གྱི་ལམ་ནས་སློབ་གསོ་ཅུས་ཀྲང་ལ། “གུས་པར་འོས་པའི་ཅུས་ཀྲང་ལགས། ངས་ཁྱོད་ལ་ཅིག་འདྲི། ཁྱོད་ཀྱི་མངའ་འོག་གི་མིས་གོང་རིམ་གྱི་བཀའ་མ་བརྩིས་ན། དེ་ངའི་སྐྱོན་རེད་དམ་ཁྱོད་ཀྱི་སྐྱོན་རེད”ཅེས་ཚིག་གི་ནང་ལ་ཚེར་མ་བཞག་སྟེ“བཙིར”པ་ན། ཅུས་ཀྲང་སྐྲག་དྲགས་ནས་ལག་གི“དེང་དུས་ཀྱི་འགྲོ་ལུགས”སུ་རྩི་བའི་སྒོར་མོ་བརྩེགས་མ་དེ་ཡང་སར་ལྷུང་སོང་། ཁོས་མྱུར་སྟབས་ཀྱིས་སློབ་གྲྭ་སོ་སོའི་སློབ་གཙོ་རྣམས་བསྡུས་ཏེ“དགེ་རྒན་ཚོའི་རང་ཁ་གསེར་གྱི་སྒོ་མོའི་ནང་ནས་རང་སྲོག་གཅོད་པའི་སྟ་རེ་བུད་ན་ཁྱོད་སློབ་གཙོ་ཚོ་རང་དགར་འདུག་ས་མེད”ཅེས“བཙིར”པ་དང་། སྒོས་སུ་སློབ་གཙོ་ཀུན་བཟང་ལོགས་སུ་བོས་ནས་གཞུང་སྒྲུབ་ཁང་གི་གྱང་གི་གྲུ་ཟུར་ལ་གཏད་ནས“བཙིར”ཡག་ཅིག་བྱས། སློབ་གཙོ་ཀུན་བཟང་བཙུར་པ་ཐལ་ཆེ་བས་ལུས་ནས་རྔུལ་ནག་འཛུམ་པ་ཞིག་བྱུང་བ་དང་། མྱུར་དུ་རང་གི་སློབ་གྲྭར་ལོག་སྟེ་དགེ་རྒན་ཚང་མ་ཚོགས་སུ་བསྐངས་ནས་ཐེངས་གཅིག“བཙིར”པ་དང་། སྒོས་སུ་དགེ་རྒན་ཟླ་བ་ལ། “ཁྱོད་ལ་ཟླ་ཕོགས་མི་དགོས་སམ། ཁྱོད་ཀྱིས་ང་གོ་ས་ནས་གཡུག་འདོད་པ་ཡིན་ནམ”ཞེས་ས་བཙིར་རྡོ་བཙིར་བྱས་མཐར་དགེ་རྒན་ཟླ་བས་ཀྱང“ངས་ཁྱོད་ཀྱིས་ཅི་བཤད་བསྒྲུབ་ཆོག”མི་ཟེར་ཐབས་མེད་བྱུང་།

ཤར་རླུང་གིས་ཡུལ་ཚོ་སྲིད་གཞུང་གི་རྒྱལ་དར་མཁའ་དབྱིངས་སུ་ལྷབ་ལྷུབ་སྐྱོད་བཞིན་འདུག ལྷོ་རླུང་དང་བྱང་རླུང་གཉིས་ས་ངོས་ནས་གདོང་ཐུག་ཅིག་བརྒྱབ་པ་ན་འཚུབ་འཁོར་ཞིག་མཁའ་ལ་ལངས་པའི་ནང་དུ་སྲིད་གཞུང་གི་ལས་བྱེད་པ་ཚོས་གང་བྱུང་དུ་དོར་བའི་བཀྭའ་ཙིའི་ཤུན་པགས་དང་། ཤོག་རུལ་སྣ་ཚོགས། དུད་སྣེ། ལྷམ་ཚང་། མཚམས་རེར་སྦྲུམ་འགོག་ཤུབས་རེ་ཡང་མཐོང་རྒྱུ་ཡོད། ནམ་མཁའ་ད་ནངས་ནས་སྤྲིན་ནག་གིས་བཟུང་བས་ཁོར་ཡུག་ཡོད་ཚད་ནག་ཐོམ་ཐོམ་དུ་སྣང་ལ། སྒོ་ཆེན་གྱི་གཡས་གཡོན་གཉིས་ཀར་ཉིན་མཚམས་ངེས་མེད་དུ་འགྲེང་བའི་ལྕང་སྡོང་གཉིས་པོས་ནམ་ཟླ་ངོ་ནག་དང་ཤར་རླུང་རྩུབ་མོ་འདིའི་འོག་ན་མགོ་བོ་སྒུར་སྒུར་གྱི་བཟོ་ལྟ་བསྟན་འདུག སྐབས་འདིར། ཡུལ་དཔོན་གྱི་གཞུང་སྒྲུབ་ཁང་ན་ལྕང་སྡོང་དེ་གཉིས་དང་འདྲ་བར་མགོ་བོ་སྒུར་སྒུར་གྱི་ཚུལ་དུ་ཡོད་པ་ནི་ཀུན་དགའི་ཕ་འཇིགས་འཕྲིན་དང་ཁྱོམ་ཚའི་བློ་བཟང་གཉིས་ཀ་རེད།

“ཁྱོད་གཉིས་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། ཁྱོམ་ཚའི་བློ་བཟང་། ཁྱོད་ལ་ཁ་མང་བའི་སྟབས་ཀྱིས་རང་སྡུག་འདི་ཉོས་པ་རེད། གལ་ཏེ་ཁྱོད་ཀྱིས་རང་ཁ་རང་གིས་བདག་བྱས་ནས་འཇིགས་འཕྲིན་ལ་སྐད་ཆ་དེ་འདྲ་བཤད་མེད་ན་དེ་རིང་ང་ཚོའི་ལག་ཏུ་ལྷུང་ག་ལ་ཡོད། ཁྱོད་ཀྱིས་སྐད་ཆ་བཤད་སྟངས་དེ་བྱ་བ་བྱེད་སྟངས་ཤིག་གི་སྔོན་འགྲོ་ཡིན་པས་དེ་ལ་དེང་སང་ཕུང་དཀྲུག་རིང་ལུགས་པ་ཟེར་གྱི་ཡོད། ཁ་སྐད་དུ་བཤད་ན། ངན་རྩི་རྒྱག་མཁན་ཟེར། ཁྱོད་ཀྱིས་ད་དུང་མུ་མཐུད་དུ་དེ་ལྟར་བྱས་ན། ང་ཚོ་ལ་བཀོད་པ་མེད། ཁྱོད་ལ་སྐད་ཆ་མ་ཐིངས་པ་མིན། ཁྱོད་ཚང་གི་རོགས་སྐྱོར་ཚང་མ་གཅོད་རྒྱུ་དང་། ད་དུང་ཕྱིན་ཆད་རོགས་སྐྱོར་ཅི་ཡོད་རྩ་བ་ནས་སྟེར་རྒྱུ་མིན། འོ་ཡ། ཡུལ་དཔོན་དང་། ཧྲུའུ་ཅི། སྡེ་དཔོན་ཚོ་ཡོད་ས་འདི་ནས་ཁྱོད་ལ་སྐད་ཆ་ཐིངས་པ་ཡིན། དེ་ནས་འཇིགས་འཕྲིན་ཁྱོད་ཀྱིས་ཉོན། ཁྱོད་ལ་ཉེ་སྔོན་སྐད་ཆ་ཐིངས་ཡོད། དེ་རིང་དེ་ལས་ལྷག་པ་ཞིག་བཤད་རྒྱུ་མེད། ཁྱོད་འདི་མི་སྐོར་ལོག་ཅིག་ཡིན་པ་འདྲ། རྒན་པ་རྣམས་ཀྱིས་སྐོར་ལོག་བྱེད་དྲགས་ན་མཐར་ཧོན་ལོག་ཏུ་མི་འགྱུར་བའི་ངེས་པ་མེད། གལ་ཏེ་ཁྱོད་ཀྱི་ཞི་ལི་འདིHསློབ་གྲྭར་མ་སོང་ཚེ། སྔོན་ཆད་ཀྱི་རོགས་སྐྱོར་དང་ཕྱིན་ཆད་ཀྱི་རོགས་སྐྱོར་ཚང་མ་གཅིག་ཀྱང་མེད་པ་ཁྱོད་གཅིག་པུས་ཤེས་པས་མི་ཆོག་པར། ཁྱོད་ཚང་གི་བཟའ་མི་ཚང་མས་ཤེས་པར་བྱེད་དགོས། འོ་ཡ། འདི་ཚང་མ་གོང་རིམ་གྱི་སྐད་ཆ་ཇི་བཞིན་དུ་ཁྱོད་གཉིས་ལ་བཤད་པ་ཡིན། ང་ཚོར་འདིའི་ནང་ན་སྐར་མ་གང་གི་ཡོང་སྒོ་མེད།”  སྡེ་དཔོན་གཞོན་པ་གདོང་རིང་དང་སྡེ་དཔོན་རྒན་པ་དུད་ཁ་གཉིས་ཀྱིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་འཕྲོའི་འཕྲོར་བཤད་སྟངས་མི་འདྲ་བ་མ་གཏོགས་དམིགས་ཡུལ་གཅིག་པ་ཡིན་པའི་སྐད་ཆ་བཤད་ནས“བཙིར”བྱུང་བས། མཐར་ཁོ་གཉིས་ཀྱིས་ཀྱང“ད་ཧ་གོ་བྱུང”མི་ཟེར་ཐབས་མེད་བྱུང་།

འཇིགས་འཕྲིན་གྱི་གོམ་ཁ་ལྗིག་ཏིག་ཏིག་ངང་རང་ཁྱིམ་དུ་ལོག ཀུན་དགའ་ཁང་པའི་སྒེའུ་ཁང་གི་འགྲམ་དུ་བསྡད་ནས་ལག་ལ་དཔེ་ཆ་ཞིག་བཟུང་སྟེ། “Democracy, dangerous, disappointed….”ཞེས་དབྱིན་ཡིག་གི་ཐ་སྙད་འགའ་བསྐྱར་སྦྱོང་བྱེད་ཀྱི་འདུག

ནུབ་དེར། འཇིགས་འཕྲིན་གྱིས་ཆང་མང་པོ་འཐུངས། ཀུན་དགས་ཨ་ཕའི་གནས་ཚུལ་མཐོང་སྟེ་སྐད་ཆ་ཚིག་གཅིག་མ་གཏོགས་མ་དྲིས།

“ཨ་ཕ། ཁྱོད་ཀྱིས་དོ་ནུབ་གློ་བུར་དུ་ཆང་འདི་འདྲ་མང་པོ་ཞིག་འཐུང་དོན་ཅི།”

འཇིགས་འཕྲིན་གྱིས་ཆང་འཕྲོ་མ་ཡོད་ཚད་ཧུབ་ཆེན་གཅིག་གིས་སྒོག་སེ་འཐུངས་རྗེས། “ད་ཁྱོདHསློབ་གྲྭར་མ་སོང་ཐབས་མེད་རེད། ཁོ་ཚོས་བཙུར་ནས་གསོད་ཀི”ཞེས་གོ་ཁ་རུ་གན་རྐྱལ་དུ་ལོག་སོང་།

“བཙིར?” ནུབ་དེར་ཀུན་དགའི་ཉལ་རོགས་ནི“བཙིར”རེད། “བཙིར”ནི་དངོས་པོ་མཁྲེགས་པོ་གཉིས་ཀྱི་བར་དུ་དངོས་པོ་གཞན་ཞིག་བཞག་རྗེས་ཤུགས་དྲག་པོས་གཏོད་པའང་མནན་པའི་ལས་ལ་ཟེར་བ་ལྟར་ན། ཨ་ཕ་ཅི་ཞིག་གམ་ཡང་ན་སུ་ཞིག་གི་བར་དུ“བཙིར”ནས་གསོད་ལ་ཁད་ཅིག་བྱས་པ་ཡིན་ནམ། ཀུན་དགའ་མཚན་གང་བོར་གཉིད་མ་ཁུགས། མུན་ནག་ནང་དུ། ཀུན་དགའ“བཙིར”ལ་ཤིན་ཏུ་སྐྲག མཉམ་མ་བཞག་པ་མ་གཏོགས། འཇིག་རྟེན་འདི་ན་སྐྲག་ས་ཞིག་ཡོད་པ་ནི“བཙིར”འདི་ཡིན་འདུག  “བཙིར”དྲགས་ན་བཙིར་བྱ་འཐོར་བའམ་འཇིག་པ། འཆི་ངེས་པ་ནི་ཆོས་ཉིད་རེད། མུན་ནག་ནང་དུ། ཀུན་དགས་“བཙུར”ཡིག་མཐོང་བྱུང་།

ཕྱི་ཉིན། སློབ་གཙོ་ཀུན་བཟང་དང་། དགེ་རྒན་ཟླ་བ། ཁྱོམ་ཚའི་བློ་བཟང་། ཨ་ཕ་འཇིགས་འཕྲིན་དང་བཟའ་མི་ཚང་མས་གཅིག་འཕྲོར་གཅིག་མཐུད་ནས་ཀུན་དགའ་ལ། ད་ཁྱོད་གོང་རིམ་གྱི་ཁར་མཉན་ནས་སློབ་གྲྭ་དེར་འགྲོ་རྒྱུ་བྱོས་ཞེས་དངན་པ་རེ་ཕྱུང་། ཁོ་ཚོའི་གདོང་ལ་ཐུན་མོང་དུ་འུ་ཐུག་གི་ཉམས་ཤིག་ཤར་འདུག་པ་དེས་ཀུན་དགའ་ལ“བཙུར”གྱི་ནང་དོན་མདང་ནུབ་ལས་ཀྱང་ལྷག་པ་ཞིག་ཧ་གོ་རུ་བཅུག་ནས་རང་དབང་མེད་པར“བཙིར”བྱུང་བས། མཐར“དེས་ན་ད་ང་སློབ་གྲྭ་དེར་འགྲོ་རྒྱུ་བྱེད”ཅེས་དང་ལེན་མི་བྱེད་ཐབས་མེད་བྱུང་། དུས་ཚོད་སྐད་ཅིག་མ་དེ་ནས་བཟུང་། ཀུན་དགས“བཙུར”དེའི་ནང་དུ་དགེ་རྒན་ཟླ་བ་དང་ཁྱོམ་ཚའི་བློ་བཟང་། ཨ་ཕ་འཇིགས་འཕྲིན་རྣམས་ཀྱི་མང་པོ་ཞིག“བཙུར”ནས་ཐོར་པའམ། འཇིག་པ། ཡང་ན་ཤི་ཡོད་པ་རྟོགས་ཏེ་འཇིགས་སྣང་རི་ལས་ལྕི་བ་ཞིག་གིས་ཡོངས་སུ་མནན་སོང་།

སྤྱི་ཟླ་བརྒྱད་པའི་ཚེས་མགོར། ཀུན་དགས་འཇིགས་སྣང་རི་ལས་ལྕི་བ་དེ་སེམས་ཀྱི་ཁུར་དུ་བཟུང་ནསHསློབ་གྲྭར་སོང་། འབྲེལ་ཡོད་ལས་ཁུངས་ཀྱིས་གཟབ་རྒྱས་ངང་མིང་བཟུང་སློབ་མ་རེ་རེར་སྒོར་ཉིས་བརྒྱ་དང་ཅ་ལག་བསྡུ་སྣོད་ཀྱི་སྒམ་གཅིག་ཁ་བཏགས་དང་བཅས་སྐྱེལ་མ་གནང་། ལོ་དེའི་སློབ་གྲྭ་སོ་སོའི་སློབ་མ་བཟང་པོ་རྩེ་གྲས་རྣམས་དེ་ལྟར་རང་རྫོང་ནས་སློབ་གྲྭ་གཞན་ལ་སོང་བར། ཟླ་ཕོགས་དམའ་རུང་ལྷག་བསམ་ཆེ་བའི་དགེ་རྒན་རྣམས་ཀྱིས་ཕངས་པའི་མཆི་མ་འགོག་མེད་གཏོར་བཞིན་འདུག

“བོད་ཡིག་སློབ་འབྲིང་ལ་བོད་ཀྱི་རང་ཆོས་ཡོད་དེ། ཉིན་རེའི་ཞོགས་པ་སྔ་མོར། རྗེ་ཙོང་ཁ་པའི་ཕུལ་དུ་བྱུང་བའི་སྙན་ངག་རིང་མོ་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་སྐྱོར་སྲོལ་ཡོད་ལ། སློབ་མ་ཚང་མས་བོད་ལྭ་གོན་པའི་སྲོལ་བཟང་ཡོད།…” Hསློབ་གྲྭར་འགྲོ་བའི་ལམ་བར་དུ། ཀུན་དགས་དགེ་རྒན་ཟླ་བའི་སྐད་ཆ་དེ་ཡིད་ལ་དྲན། ཁོ་རང་བོད་ཡིག་སློབ་འབྲིང་དེར་འགྲོ་བའི་སྐལ་པ་མ་ལྡན་ཡང་། སློབ་གྲྭ་དེར་དུང་བ་ཟབ་པའི་སློབ་མ་ཞིག་དང་འདྲ་བར་བོད་ཡིག་སློབ་འབྲིང་དེ་ཉིད་དྲན། རླངས་འཁོར་གྱིས་གཞུང་ལམ་གྱི་གྱ་གྱུའི་ཁུགས་པ་མང་པོ་བརྟོལ་ནསHསློབ་གྲྭ་སོང་གིན་སོང་གིན། ཀུན་དགའི་སེམས་པ་རྒོད་པོ་མཐུར་མེད་བཞིན་དུ་ཕྱིར་ཤོར་ཏེ་ཕ་ཡུལ་གྱི་རྩྭ་ཐང་དང་རྩྭ་ཐང་གི་བོད་ཡིག་སློབ་འབྲིང་དེའི་བར་སྣང་ཁམས་སུ་ལྡིང་སྐོར་མང་དུ་བརྒྱབ།

གོང་གི་བཀའ་རྒྱ་ལྟར་མིང་བཟུང་སློབ་མ་གཅིག་ཀྱང་མ་ཆད་པར་དུས་ལྟར་ལམ་འཇུག་བྱས་ནས་ཉ་འཛིན་བྱ་བ་ལེགས་པར་འགྲུབ་མ་ཐག  ཡུལ་དཔོན་གྱིས་དོར་ཆབ་འོར་སྒྲོག་ཅིག་བྱས་ཏེ་སྡེ་དཔོན་གཉིས་གཞུག་ཏུ་རྔོན་ཁྱི་ལྟར་ཁྲིད་ནས་རྫོང་སྣེ་ལེན་ཁང་གི་མགྲོན་ཐོག་ཏུ་སོང་བ་དང་།  ཟ་མ་བརྒྱགས་ཐག་ཆོད་པ་ཞིག་ཟོས་རྗེས་དོར་ཆབ་ལྷོད་ཀྱིས་བསྒྲོགས་ཏེ་ཆང་རག་སྐོམ་ཆུ་བཞིན་དུ་འཐུང་མགོ་བརྩམས་པའི་མོད་ལ། རྫོང་དཔོན་གྱིས་སྔར་བཞིན་ཡུལ་དཔོན་མང་ས་ནས་ཁོ་ལ་བསྟོད་ར་ཞིག་བྱས་པ་ན་ཁོ་རང་དགའ་ཐག་ཆོད་དེ་དགའ་སྤྲོ་ཁོག་ཏུ་སྲོན་མ་ཚུགས་པར་ཁ་ནས། ད་ཐེངས་ཟིན་པའི་ཉ་ཡིས་གོང་ཁུགས་ཐལ་ཡ་ཞེས་སླར་ཡང་སྐད་ཆ་དེ་ཤོར་སོང་།

རྩྭ་ཐང་གི་མི་རབས་ཤིག་གྲོང་ཁྱེར་དུ་བསུ་བའི་རླངས་འཁོར་དེའི་ནང་ནས། ཀུན་དགས་རྒྱུན་པར་རྨི་ལམ་ནང་དུ་ལེན་བཞིན་པའི་གླུ་ཆུང་དེ་ངག་ནས་དབང་མེད་ཐལ།

 

∮ང་ལ་རྨི་ལམ་ཞིག་ཡོད། རྨི་ལམ་ནང་དུ་ང་རང་དར་ཆ་འཛིན་མཁན་ཞིག་ཡིན། དར་ཆ་དེའི་ངོས་སུ། སྐད་དང་ཡི་གེའི་འོད་ཟེར་འཕྲོ་བཞིན་ཡོད། འོ། བསིལ་རླུང་། བསིལ་རླུང་། བསིལ་བསིལ་རླུང་བུ་མདུན་ནས་ལྡང་བྱུང་། བསིལ་བསིལ་རླུང་གིས་དར་ཆ་གཡོ། བསིལ་བསིལ་རླུང་གིས་ང་ཡང་གཡོ། བསིལ་བསིལ་རླུང་གིས་རྩྭ་ཐང་གཡོ།

ང་ལ་རྨི་ལམ་ཞིག་ཡོད། རྨི་ལམ་ནང་དུ་ང་རང་དར་ཆ་འཛིན་མཁན་ཞིག་ཡིན། དར་ཆ་དེའི་ངོས་སུ། ཆོས་ལྡན་རིག་གནས་རི་མོར་འགྲུབ་ཡོད། འོ། བསིལ་རླུང་། བསིལ་རླུང་། བསིལ་བསིལ་རླུང་བུ་མདུན་ནས་ལྡང་བྱུང་། བསིལ་བསིལ་རླུང་གིས་དར་ཆ་གཡོ། བསིལ་བསིལ་རླུང་གིས་ང་རང་གཡོ། བསིལ་བསིལ་རླུང་གིས་རྩྭ་ཐང་གཡོ།∮

 

ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡས་མས་ལ། རླངས་འཁོར་གཞི་ནསHསློབ་གྲྭར་འབྱོར། ཀུན་དགའ་རླངས་འཁོར་ལས་བབས་ཏེ་དགུང་སྔོན་གནམ་ལ་བལྟས་དུས་འཛམ་གླིང་ཉི་མ་མཐོང་སར་མི་འདུག་པ་ཤེས་པ་དང་ལྷན་ཅིག་མགོ་ཐོག་གི་བར་སྣང་དེ་ནི་གཡོ་སྒྱུ་ཆེ་བའི་མི་ཞིག་གི་གདོང་གཤིས་དང་འདྲ་བའི་སྣང་བ་སྐྱེས།

“གྲོང་ཁྱེར་ན་ཉི་མ་མེད།” ཀུན་དགའི་ཡིད་ལ་སློབ་གྲོགས་ཤིག་གིས་བཤད་པའི་སྐད་ཆ་དེ་དྲན་ནས“ཨ་ཁ་ས་འདིར་དངོས་གནས་ཉི་མ་མི་འདུག ཉི་མ་མེད་ན། ……”ཞེས་སེམས་སུ་མང་པོ་ཞིག་ཤར་མོད་དེ་རིང་གནམ་གཤིས་ཀྱི་དབང་གིས་ཡིན་ངེས། སང་ཉིན་ཉི་མ་ཡོད་ཀྱང་སྲིད་སྙམ་ནས་སྡོད་དགོས་བྱུང་།

ནུབ་དེར། རི་ཡངས་ཐང་ཡངས་ཀྱི་རྩྭ་ཐང་ནས་ལག་ཆགས་པའི་སློབ་ཕྲུག་རྣམས་གློ་བུར་དུ་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་ཐོན་པ་ན། ས་དང་མི་ལ་ཆ་རྒྱུས་མེད་པས། འཇིག་རྟེན་ཁམས་གཞན་ཞིག་ལ་འབྱོར་བ་ལྟ་བུའི་སྐྲག་སྣང་ཞིག་བྱུང་སྟེ་ཚང་མས་ངུ་དིར་བརྒྱབ་བྱུང་། དེའི་ནང་དུ་ཀུན་དགའ་མེད། རང་ཉིད་མི་འདོད་བཞིན་དུ་གནས་འདིར་ཡོང་དགོས་བྱུང་བའི་གནས་ཚུལ་དྲན་ན། ཀུན་དགའ་ལ་སྡུག་བསྔལ་ཆུ་རུ་བཞུར་པའི་མིག་ཆུ་མི་འདུག ཁོའི་མིག་ཆུ་ཡོད་ཚད་སེམས་ཀྱི་གཏིང་དུ་འཁྱིལ་ཏེ་འཁྱག་རོམ་དུ་ཆགས་ཡོད་ལ། སང་ཉིན་གནམ་ན་ཉི་མ་ཡོད་པའི་སྨོན་ལམ་དང་བཅས་ཕྱི་ངོས་ལྕགས་དྲས་གཡོགས་པའི་ཉལ་ཁང་གི་སྒེའུ་ཁུང་ནང་ནས་མིག་ཟུང་ཅེ་རེར་སྐར་མ་མཐའ་དག་ཁྱུར་མིད་བཏང་བའི་གྲོང་ཁྱེར་འདིའི་མི་མངོན་དབྱིངས་སུ་བལྟས་ཡོད།

__________________________________

[1]6+3ནི་སློབ་ཆུང་གི་ལོ་ངོ་དྲུག་གི་ཁར་དམའ་འབྲིང་གི་ལོ་ངོ་གསུམ་བཞག་པར་ཟེར་ལ། རྔ་བ་ཁུལ་གྱི་འབྲོག་རྫོང་གི་སློབ་གྲྭ་ཁག་ཏུ་ལག་ལེན་བྱེད་པའི་སློབ་གསོའི་སྲིད་ཇུས་གསར་པ་ཞིག་ཡིན།