སྤྱང་གུ་རུ་འཇིགས་མེད།

མཛེས་པའི་མེ་ཏོག་འདབ་མ་རླུང་གིས་གཏོར།།
ཁྲུང་ཁྲུང་དཀར་མོའི་བསྟར་ཕྲེང་ལྷོ་ལ་འཐེན།།
བསིལ་རླུང་དལ་གྱིས་རྒྱུ་བའི་སྟོན་ཁ་དེ།།
མི་རྟག་གསང་བརྡ་སྟོན་པའི་ལས་ལ་བྲེལ།།

འཇམ་གཉེན་ཁ་བ་ལེབ་མོ་སྒང་ལ་འཐོར།།
གསར་སྐྱེས་ལྗོན་པས་མ་ཐེག་མགོ་བོ་དུད།།
འཁྱམས་པོའི་ལུས་པོ་དེ་ཡང་འདར་སུག་སུག།
རྒྱང་རིང་གཉེན་ཉེ་དྲན་པའི་དུང་སེམས་འཕྱུར།།

ལྷགས་རླུང་རལ་གྲིའི་སོ་ཁ་རྣོ་ན་ཡང་།།
ཁ་བའི་བླ་སྲོག་འཁྱིལ་བའི་སློབ་གླིང་ནས།།
རིགས་ཞེན་གངས་ལ་བཅིངས་པའི་བུ་ཕྲུག་ཚོས།།
ཁ་བའི་སྟེང་ལ་རྐང་རྗེས་གྲངས་མེད་དཔར།།

དབུ་འཕང་མཐོ་བའི་རྒྱང་གི་རི་བོ་དེས།།
ཕ་ཡུལ་ལང་ཚོ་འགྱུར་བའི་ཁ་དོག་ལ།།
རྒྱལ་ཁམས་པང་དུ་ལེན་བཞིན་སྤྱན་ཟུང་གཉིས།།
སྤྲིན་དཀར་ཀློང་ནས་གངས་ཀྱི་རི་ལ་འཁོར།།

མི་རྟག་སྟོན་གྱི་རྒྱལ་མོའི་ཆོ་འཕྲུལ་དེ།།
གཡུ་མདོག་སྤང་གི་ཁ་དོག་ལ་སྡང་ཚེ།།
སེར་པོ་གོས་རྙིང་མནབས་པའི་ནོར་འཛིན་མས།།
དཔྱིད་ཀྱི་ཕོ་ཉ་ཞིག་ལ་སེམས་ནས་སྒུག།

དཀར་པོ་ཁངས་ཀྱིས་གཡོག་པའི་རི་ལུང་གི།།
དར་དཀར་གོས་བཟང་མནབས་འདྲའི་སྒེག་ཉམས་ལ།།
བརྩེ་ལྡན་ཉི་མ་གཞོན་ནུ་རབ་ཆགས་ཏེ།།
ཤར་རིའི་རྩེ་ནས་སླར་ཡང་མགྲོན་དུ་སླེབས།།

སྤྲིན་བྲལ་རྟ་བདུན་དབང་པོའི་གཟི་བྱིན་དེ།།
ནོར་འཛིན་བུ་མོའི་མཐོངས་ལས་བབས་མ་ཐག།
ཉི་འོད་འབུམ་གྱི་མཛེས་པ་རབ་འཕྲོག་པའི།།
ས་ཆེན་སེམས་པ་དྲོས་པའི་འཛུམ་ཞིག་ངོམ།།

སྔར་ཀྱི་མེ་ཏོག་བཞད་སའི་སྤང་ཁུག་ནས།།
འོད་སྟོང་བདག་པོའི་ཚ་རླབས་དང་འགྲོགས་ཏེ།།
དྭངས་གཙང་མཚོ་མོ་ཐོལ་གྱིས་འཕྱུར་བའི་ཚེ།།
མཚོ་འགྲམ་མེ་ཏོག་བཞད་པའི་དབྱར་ཁ་དྲན།།