ཡོད་མེད་ཡིན་མིན་གྱི་གཏན་ཚིགས་སྤུངས་པའི་འཇིག་རྟེན་དུ
རང་ཚུགས་སུ་གསོན་ཆོག་པའི་རང་དབང་གི་བདེན་པ་ཞིག་ཡོད་དམ
འགྲོ་མིའི་སྨྱོ་སེམས་ལས་བྱུང་བའི་འཁྱོག་གཟུགས་ཀྱི་གཞུང་ལུགས་བཙན་པོ
གཉོམ་ཆུང་རྩ་ནས་གཞོམ་པའི་ཚན་རྩལ་གྱི་འཇོམས་དུག་ལགས་སམ
ང་ནི་སྨྲ་བ་མེད་པའི་རྣམ་ཤེས་ཤིག་ཡིན
སང་ཉིན་གྱི་རང་གི་བེམ་པོ་ལ་བཅེར་བའི་དེ་རིང་གི་གསོན་པོའི་ཁྲོད་ཀྱི་ཤི་བོ་ཞིག་ཡིན
འཇིག་རྟེན་དུ་གནས་པའི་སྐར་ཆ་རེ་རེ
ཤི་མེད་པ་འབའ་ཞིག་གི་རྒྱུ་མཚན་གྱིས་མུ་མཐུད་གསོན་པའི་དབུགས་ཀྱི་འབྱིན་རྔུབས་ཉིད་གཅིག
ཁྱོད་ཀྱིས་བདག་ལ་ལ་རྒྱ་མ་གླེང བདག་གི་ལ་རྒྱ་དད་མོས་ལ་འདྲེས་ཡོད
ཁྱོད་ཀྱིས་བདག་ལ་དད་མོས་མ་གླེང བདག་གི་དད་མོས་ཉི་ཟླ་ལ་ཟུག་ཡོད
ཁ་དོག་འབའ་ཞིག་གིས་གྲུབ་པའི་བརྡ་རྟགས་ཀྱི་མི་ཡུལ་དུ
བདེ་སྡུག་ཡག་བཙོག་གི་སྒྱུ་རྩལ་གྱི་འདྲེན་ཤུགས་ཅི་ཞིག་གནས་ཡོད
རྣམ་ཤེས་ཀྱིས་དབང་ཤེས་ལ་ལྕགས་སྒྲོག་བརྒྱབས་པའི་འཚོ་གནས་ཀྱི་བཙོན་མ་ཞིག
ཐུན་མོང་གི་དཀར་ངོགས་སུ་ཐུན་མིན་གྱི་ཉི་ཟླ་ཁོ་ནས་གསལ་བར་བྱེད་པའི་འོད་སྣང
ཡོད་ཚད་འོད་སྣང་དེ་ལ་བརྟེན་ནས་ཚེ་སྲོག་གི་ཡིད་ཁ་ཚིམ་ཚུལ་ལ་བལྟས་ནས་སྡོད
མ་མཐའ་འོད་སྣང་དེ་ནི་ལྷ་སྒྲུང་ཁྲོད་ཀྱི་དག་ཞིང་ཞིག་ཡིན་པར་བྱས་ཀྱང
ཉི་ཟླའི་འོད་སྣང་དེ་ཡོད་པ་དང་ཡོད་འོས་པ་ཉིད་གཅིག་གི་ཏིང་འཛིན་དེ་སྒོམ་ནས་
ཚེ་ཐོག་འདིར་དུར་ཁྲོད་སྙེགས་པའི་སང་ཉིན་ལ་ཁ་ཕྱོགས་ཀྱི་རིན་ཐང་ཡོད་པར་འབད
ད་ལྟ བྱེ་ཐང་གི་མི་ཡུལ་དུ་ཚེ་སྲོག་གི་རྐང་རྗེས་ཕལ་བ་ཞིག……
༢༠༡༤་༡༡་༡༢ཉིན།