གཅིག

 

སྤྱི་ལོ་༡༩༩༥ལོའི་དབྱར་གཞུང་ཞིག་ལ། སྦིར་སློབ་གྲྭའི་ཡིག་ཚང་གིས་ང་ཚོ་སློབ་མ་སྐོར་གཅིག་ཟ་ཁང་ཁང་ཚན་ཞེས་པ་ནས་གཉའ་ཁྲི་ཁང་ཚན་དང་༌། སྲོང་བཙན། ཁྲི་སྲོང་༌། ཐོན་མི་ཁང་ཚན་རེ་རེར་སྤོར་ཆོག་པ་བྱས། ངའི་ཁང་ཚན་ནི་ཐོན་མི་ཁང་ཚན་དུ་གྱུར། ང་ཐོན་མི་ཁང་ཚན་དུ་བསླེབས་རྗེས། ཉལ་ཁང་འདིའི་སློབ་མ་ཉི་ཤུའི་ཁྲོད་ཀྱི་བརྩོན་འགྲུས་དང་ཤེས་རབ་ཆེ་བ་ནི་ཚེ་ལོ་རྒྱལ་ཡིན་པ་ཐོས།ཚེ་ལོ་རྒྱལ་ཟེར་བའི་མིང་འདི་ནི་ང་ཐོན་མི་ཁང་ཚན་དུ་བསླེབས་ནས་ཐོས་པ་ཞིག་མིན། ང་ཟ་ཁང་ཁང་ཚན་དུ་ཡོད་སྐབས་སློབ་གྲོགས་གསར་པ་འགའ་རེས་ཕ་ཡུལ་ཨ་མདོ་ནས་ཡིན་པའི་ཚེ་ལོ་རྒྱལ་ཟེར་བའི་སློབ་མ་ཡོན་ཏན་ཅན་ཞིག་སློབ་གྲྭ་འདིར་ཡོད་པ་རེད་ཅེས་ཐེངས་རེ་ཟུང་ལ་བཤད་ནའང་༌། བར་སྐབས་དེར་ངས་ཁོང་དངོས་སུ་མཐོང་བ་ཕར་ཞོག ཐ་ན་ཁོང་གི་ཁང་ཚན་དང་འཛིན་གྲྭ་གང་ཡིན་ཀྱང་མི་ཤེས། ལྷག་པར་དུ་མི་དེ་ཅི་ཙམ་མཁས་ཚུལ་དང་ཇི་ལྟར་མཁས་ལུགས་སོགས་ལ་དོ་སྣང་ཙམ་ཡང་བྱེད་ཁོམ་མ་བྱུང་།

ང་ཐོན་མི་ཁང་ཚན་གྱི་ཁང་མིག་གསུམ་པར་བསླེབས་མ་ཐག ངས་ཚེ་ལོ་རྒྱལ་ཟེར་བའི་མཚན་འདི་སླར་ཡང་ཐོས་པར་གྱུར་ཅིང་༌། ཉལ་ཁང་འདིའི་ནང་དུ་ཁོང་དང་ཆ་རྒྱུས་ཡོད་པའི་སློབ་མ་མང་པོ་ཡོད་སྟབས། ཁོང་ཚོས་ཚེ་ལོ་རྒྱལ་ལགས་ནི་སློབ་མ་གཞན་དག་དང་མི་འདྲ་བར་བརྩོན་འགྲུས་ཡོད་ལུགས་དང་ཤེས་རབ་ཆེ་རབས་སོགས་ཀྱི་སྐོར་གླེང་བས། སྐབས་དེ་ནས་བཟུང་ངས་ཀྱང་ཚེ་ལོ་རྒྱལ་ཟེར་བའི་མི་དེར་དོ་སྣང་བྱས།

ང་ཉལ་ཁང་འདིར་བསླེབས་སྐབས་ཀྱང་༌། ངས་ཚེ་ལོ་རྒྱལ་དངོས་སུ་མཐོང་མ་ཐུབ། སྐབས་དེར་ཁོང་ནི་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་ཡོད་པ་དང་༌། ཁོང་སྨན་ཁང་དུ་སྡོད་དགོས་པའི་རྒྱུ་མཚན་ནི། ཚེ་ལོ་རྒྱལ་ལ་བརྩོན་འགྲུས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་དཔེ་ཆ་བལྟ་ཀློག་མང་པོ་བྱས་པར་བརྟེན། ཕྱིས་སུ་དེ་ལ་རྐྱེན་བྱས་ཏེ་མིག་གཡོན་པར་ན་ཚ་ལྗིད་པོ་ཞིག་བྱུང་བས་མིག་ཤེས་ཉམས་པར་གྱུར་པ་དང་༌། སློབ་གྲྭའི་སྨན་པས་དེ་ཉིད་ཛ་དྲག་ཏུ་དགོངས་ཏེ་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་མངགས་པ་རེད་ཅེས་ཉལ་ཁང་འདིའི་སློབ་མ་རྙིང་པ་རྣམས་ཀྱིས་བཤད།

ཉལ་ཁང་འདིའི་སློབ་མ་རེ་ཟུང་གིས་ཚེ་ལོ་རྒྱལ་ཅི་ཙམ་མཁས་ཚུལ་དང་ཇི་ལྟར་མཁས་ལུགས་སོགས་ཀྱི་སྐོར་གླེང་སྐབས། ཁོང་ཚོར་འདི་འདྲའི་ཤོད་སྟངས་ཤིག་ཡོད། ཚེ་ལོ་རྒྱལ་གྱི་བོད་ཡིག་གི་དོ་ཟླར་བོད་ནས་ཡོང་བའི་སློབ་གྲྭ་ཆེན་མོ་བ་ཚོས་འགྲན་མི་ནུས་པར་མ་ཟད། ཝ་རཱ་ཎ་སི་ནས་སློབ་མཐར་ཕྱིན་པའི་བོད་ཡིག་དགེ་རྒན་ཚོས་ཀྱང་ཁོང་གི་བོད་ཡིག་གི་ཤེས་ཚད་ལ་བསྙོན་མ་ནུས་པ་རེད་ཅེས་དང་༌། དེའི་སྒྲུབ་བྱེད་ལྟ་བུ་ནི། ཉིན་ཞིག་སྦིར་སློབ་གྲྭའི་སློབ་མ་སྐོར་ཞིག་གིས་བཏོན་པའི་གཡག་གི་ཧར་སྒྲ་ཞེས་པའི་དུས་དེབ་སྟེང་གི་རྩོམ་ཡིག་ཅིག་གི་བདག་སྒྲ་འཇོག་སྟངས་ཐད་ལ་ཁོང་ཚོ་སྐོར་ཞིག་གིས་རྩོད་པ་ཚ་ཐག་ཆོད་ཅིག་བརྒྱབ་པ་དང་༌། སྐབས་དེར་ཚེ་ལོ་རྒྱལ་གྱིས་བོད་ཀྱི་བརྡ་སྤྲོད་སྨྲ་བ་སི་ཏུ་དང་པྲ་སྟི་སོགས་ཀྱི་རང་ལུགས་དབྱེ་ཞིབ་བྱས་ཏེ། མཐར་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཐོན་མིའི་ཞལ་ལུང་ནང་གི་ལུང་མང་པོ་དྲངས་ཏེ། བོད་དགེ་འགའ་དང་བོད་ནས་སློབ་གྲྭ་ཆེན་མོ་འགྲིམས་མྱོང་བའི་སློབ་མ་འགའ་གྲག་འགུལ་མེད་པ་བཟོས་པ་རེད་ཟེར།

དེ་ནས་བཟུང་ཚེ་ལོ་རྒྱལ་གྱི་སྙན་གྲགས་རྒྱས་འགོ་ཚུགས་པ་དང་༌། སྦིར་སློབ་གྲྭའི་བོད་དགེ་ཚོས་ཀྱང་ཁོང་ལ་ཡིད་སྨོན་གནང་གི་ཡོད་ཅེས་ཟློ་བར་བྱེད། སྐད་ཆ་འདི་ལ་བདེན་ཤོས་ཤིག་ཡོད་འདུག ང་རང་འཛིན་གྲྭ་བཞི་པ་ཡིན་སྙམ་པ་ཡོད། སྐབས་དེར་བོད་དགེ་ཞིག་གིས་ང་ཚོར་རྣམ་དབྱེའི་སྐོར་དཔེ་ཁྲིད་གནང་༌། ངས་རྣམ་དབྱེ་བརྒྱད་པ་འབོད་སྒྲའི་དཔེར་བརྗོད་དུ་ཨ་རོག་ཅེས་པ་བཞག་སྟེ་བསྟན་སྐབས། ཁོང་གིས་ངའི་དཔེར་བརྗོད་དེ་འགྲིགས་མེད་ཚུལ་དང་དེ་ནི་ཨ་མདོའི་ཕལ་སྐད་ཡིན་ཚུལ་གསུངས་བྱུང་༌། ངས་ཡིག་སྐད་ཀྱི་ཨ་མ་ནི་ཕལ་སྐད་ཡིན་པ་དང་༌། དཔེར་བརྗོད་དེ་ནི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང་བཞག་གནང་ཡོད་ཚུལ་ཞུ་སྐབས། ཁོང་གིས་ང་ལ་སྔོན་ཆད་ཚེ་ལོ་རྒྱལ་གྱིས་ཚེ་ཏན་ཞབས་དྲུང་གི་ལུང་དྲངས་པ་རེད། ཁྱེད་ཀྱིས་ཀྱང་ཚེ་ཏན་ཞབས་དྲུང་གི་ལུང་འདྲེན་གི་འདུག དེ་རིང་ཡང་ངའི་མགོ་ལ་འཁོར་གསུམ་བསྐོར་ན་འདོད་དམ་ཞེས་གསུངས་པ་རེད།

སྦིར་སློབ་གྲྭའི་བོད་ཡིག་ལ་རང་མགོ་ཐོན་པའི་སློབ་མ་ཚོས་ང་ཚོའི་བོད་ཡིག་དགེ་རྒན་ཚོར་བོད་ཡིག་གི་རྨང་གཞི་ལེགས་པོ་མེད་ཚུལ་རྒྱུན་དུ་གླེང་༌། སྔོན་ཆད་སློབ་གྲྭ་འདིར་ཨ་མདོའི་དགེ་རྒན་ཞིག་ཡོད་པ་ཁོང་བོད་ཡིག་ལ་ཧ་ཅང་མཁས་པ་ཡོད་ནའང་༌། དགེ་རྒན་དེས་དབུས་སྐད་ཡག་པོ་མི་མཁྱེན་པ་དང་༌། དབུས་གཙང་དང་ཁམས་ནས་འོངས་པའི་སློབ་མ་ཚོས་ཨམ་སྐད་མ་གོ་སྟབས། དགེ་རྒན་ཁོང་སྦིར་སློབ་གྲྭ་དང་བྲལ་བ་ཡིན་སྟབས། དེའི་གྱོང་གུད་ནི་རི་རབ་ལས་ཀྱང་ཆེ་ཞེས་བཤད་པ་ངས་གོ་མྱོང་མོད། དེ་བདེན་མིན་མི་ཤེས། སློབ་གྲྭ་འདིའི་བོད་དགེ་ཚོས་འགྲན་ཟླ་བྱེད་ནུས་བྲལ་བའི་ཚེ་ལོ་རྒྱལ་བོད་ཡིག་ལ་མཁས་པ་ཙམ་དུ་མ་ཟད། ཨིན་སྐད་བཤད་ནའང་སྒྲ་དག་པོར་འདོན་ཐུབ་ཀྱི་ཡོད་ལ། ཁོང་གི་བློ་ཐོག་ཏུ་ཨིན་ཡིག་གི་མིང་ཚིག་ཁྲི་ཕྲག་ཡོད་པ་དང་༌། ཁོང་ནི་དངོས་གནས་ཨིན་ཡིག་གི་ཚིག་མཛོད་ཆུང་ཆུང་ཞིག་ཡིན་ཞེས་བརྗོད་བཞིན་ཡོད། ཡིན་ནའང་༌། ངའི་གཡས་གཡོན་གྱི་སློབ་མ་རྣམས་ཀྱིས་ཚེ་ལོ་རྒྱལ་གྱི་ཕ་ཡུལ་ནི་ཨ་མདོ་མཚོ་ལྷོ་ཆབ་ཆ་ཕྱོགས་ནས་ཡིན་པ་དང་༌། ད་ལྟ་སྦིར་སློབ་གྲྭའི་སྔོན་ཐོན་འཛིན་གྲྭའི་སློབ་མ་ཞིག་ཡིན་པ་ཙམ་ཤེས་པ་ལས་ཁོང་གི་ལོ་རྒྱུས་ཆ་ཚང་ཞིག་ཤེས་མཁན་གཅིག་ཀྱང་མེད། སུ་གཅིག་གིས་ཀྱང་རྩད་གཅོད་བྱས་མེད་པ་འདྲ།

འོན་ཀྱང་ཉལ་ཁང་འདིའི་སློབ་མ་རྣམས་ཀྱིས་ཁོང་གི་ཡོན་ཏན་སྐྱར་བཟློས་སུ་བརྗོད་པར་བྱེད་ཅིང༌། ཁོང་གི་བརྩོན་འགྲུས་ལ་ལད་མོ་བྱེད་ཀྱིན་ཡོད།         ཚེ་ལོ་རྒྱལ་གྱིས་དུས་རྒྱུན་དཔེ་ཀློག་བྱེད་པ་དང་༌། དེའི་ཤུགས་རྐྱེན་ང་ཚོའི་ཉལ་ཁང་གི་སློབ་མ་མང་པོ་ཞིག་ལ་ཐེབས་འདུག སྐྱེས་སྟོབས་ཀྱི་ཤེས་རབ་སྟེང་དུ་སྦྱངས་སྟོབས་ཀྱི་ཡོན་ཏན་བསྣན་ན་མཁས་པར་འགྱུར་ཞེས་ཤོད་སྲོལ་ཡོད་པ་ལྟར། ཉལ་ཁང་འདིའི་སློབ་མ་མང་པོ་ཞིག་གིས་ཚེ་ལོ་རྒྱལ་ལྟར་སློབ་སྦྱོང་བྱས་ཤིང་༌། དེའི་ལེགས་ཚོགས་ལྟ་བུར་འཛིན་གྲྭ་རེ་རེ་ནས་སྦྱངས་འབྲས་རྩེར་སོན་ལེན་མཁན་གྱི་སློབ་མ་ཁ་ཤས་བྱུང་སྟབས། ཐོན་མི་ཁང་ཚན་གྱི་ཁང་མིག་གསུམ་པ་ཞེས་སྙན་གྲགས་ཆུང་ཆུང་ཞིག་རྒྱས་པར་གྱུར་སྐད། དེང་སང་དབུས་གཙང་སྤྱི་འཐུས་ཡིན་པའི་ཨ་ཙ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ནི་སྐབས་དེར་ངའི་བོད་ཡིག་དགེ་རྒན་ཡིན། ཉིན་ཞིག་ཁོང་གིས་ང་ལ་ཁྱེད་རང་ཐོན་མི་ཁམས་ཚན་གྱི་ཁང་མིག་གསུམ་པའི་ནང་དུ་ཡོད་ན་སློབ་སྦྱོང་ལ་ཡག་པོ་ཡོད་པའི་ཁྱབ་ཅེས་གསུངས་པ་ད་དུང་ཡང་ངའི་སེམས་ན་དྲོད་མ་ཡལ་བར་འདུག

འོན་ཀྱང་༌། ང་དང་སློབ་གྲོགས་རེ་ཟུང་གི་སློབ་གྲྭ་ཆུང་ཆུང་འདི་འདྲ་ཞིག་གི་ནང་དུ་བོད་ཡིག་ལ་རང་མགོ་ཐོན་པའི་སློབ་མ་ཁོང་ལྟ་བུ་ཞིག་ཡོད་པ་བློ་ཡུད་དུ་ཤོང་དཀའ་བར་གྱུར། ལྷག་པར་དུ་ཁོང་བོད་ཡིག་ལ་ཤེས་ཚད་ཡག་པོ་ཡོད་བཞིན་དུ་སློབ་གྲྭ་འདིའི་ནང་དུ་སྡོད་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་ལ་བསམ་བློ་ཞིག་གཏོང་དགོས་བྱུང་༌། སྐབས་དེར་ངའི་གོ་ཚོད་ལ་སྦིར་སློབ་གྲྭའི་བོད་ཡིག་ལ་རྨང་གཞི་ཡག་པོ་ཡོད་པའི་སློབ་མ་ཚོས་ས་རཱ་མཐོ་སློབ་དང་༌། རིགས་ལམ་སློབ་གཉེར་ཁང་སོགས་སུ་རྒྱུགས་སྤྲད་དེ་ཕྱིན་སྐད། ངའི་ངོ་ཤེས་པའི་སློབ་གྲོགས་རེ་ཟུང་གིས་ཀྱང་བོད་ཡིག་ལ་བརྟེན་ནས་བོད་ཡིག་གཙོ་བོར་སྦྱོང་སའི་མཐོ་རིམ་སློབ་གྲྭ་ཁག་ཏུ་ཕྱིན་པ་རེད།

ཚེ་ལོ་རྒྱལ་ལ་བོད་ཡིག་གི་རྨང་གཞི་ཧ་ཅང་མཐུག་པོ་ཡོད་ནའང་༌། ཁོང་ལ་བོད་ཡིག་ཤེས་པའི་ང་རྒྱལ་དང་ཨིན་ཡིག་ཤེས་པའི་ང་རྒྱལ་ཡོད་པ་མ་རེད་ཟེར། ཁོང་གི་གྲོགས་པོ་སྐོར་ཞིག་གིས་ཁོང་ལ་ས་རཱ་མཐོ་སློབ་གཙོས་པའི་བོད་ཡིག་སྦྱོང་སའི་སློབ་གྲྭ་ཆེན་མོ་ཞིག་ལ་རྒྱུགས་སྤྲོད་བྱེད་པར་རེ་བ་ཅི་ལྟར་བཏོན་ནའང་༌། ཁོང་གིས་གྲོགས་པོ་ཚོར་ང་རང་ལ་བོད་ཡིག་གི་རྨང་གཞི་ཡག་པོ་མེད་ཚུལ་དང་རིག་གནས་ཕྱོགས་ནས་དབུལ་པོ་ཡིན་རབས་བཤད་དེ་རེ་བ་དྭང་ལེན་མ་བྱས་པ་རེད་ཅེས་བཤད།

ང་ཚོའི་ཉལ་ཁང་དུ་ཡོད་པའི་སློབ་མ་ཚོས་ཚེ་ལོ་རྒྱལ་གྱི་ཡོན་ཏན་དང་བརྩོན་འགྲུས་ལ་བརྩི་མཐོང་བྱེད་པ་མ་ཟད། ཁོང་གི་གཤིས་ཀ་དང་སེམས་ཁམས་ལའང་དགའ་སྣང་བྱེད། ཁོང་ལ་རང་གཤིས་འཇམ་པོ་ཞིག་ཡོད་ལ། རང་བཞིན་མེད་པར་ཀྲོག་ཀྲོག་བྱེད་མཁན་གྱི་མི་དེ་ཚོའི་རིགས་ལས་ལྡོག་སྟེ། ནམ་རྒྱུན་ཁོང་གིས་འཇམ་ཐིང་ངེར་དཔེ་ཀློག་བྱེད་ནའང༌། ངེས་པར་དུ་རྩོད་པ་བྱེད་དགོས་ས་དང་གནད་འགག་གི་སྐབས་སུ་ཁོང་གིས་ཕ་རོལ་བའི་གང་ཟག་དེ་རང་གི་གྲོགས་པོ་ཡིན་མིན་ལ་སྣང་དོགས་མི་བྱེད་པར་ལས་སླ་པོར་འཇོག་གི་མ་རེད་ཅེས་དང་༌། ཁོང་ནི་དོམ་ནག་སྨྱོན་པ་ཞིག་ཡིན་ཞེས་རྫིག་གཏམ་བཤད།             ངས་ཚེ་ལོ་རྒྱལ་གྱི་ལོ་རྒྱུས་དུམ་བུ་རེ་རེ་རིམ་གྱིས་ཐོས་སྐབས། ཁོང་གི་བརྩོན་འགྲུས་དང་ཡོན་ཏན་གྱིས་བདག་ཡིད་འཕྲོག་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་༌།

ངའི་བསམ་པར་ཁོང་བོད་ཡིག་ལ་ཧ་ཅང་ཡག་པོ་ཡོད་སྟབས། ཁོང་གིས་བཙན་བྱོལ་གྱི་དུས་དེབ་དང་ཚགས་པར་སྟེང་དུའང་རྩོམ་ཡིག་ཏན་ཏན་སྤེལ་ཡོད་སྙམ་སྟེ། ངས་དུས་དེབ་དང་ཚགས་པར་རེ་རེ་ཕར་བསྔོགས་ཚུར་བསྔོགས་བྱེད་དགོས་བྱུང་༌། སྐབས་དེར་བཙན་བྱོལ་དུ་ད་སྐབས་ནང་བཞིན་ཚགས་པར་དང་དུས་དེབ་མང་པོ་མེད་པ་འདྲ། སྐབས་དེར་འདོན་བཞིན་པའི་དུས་དེབ་ནི་ལྗང་གཞོན་དང་༌། ཤེས་བྱ། བོན་སྒོ། ཕ་ཡུལ། ལྡུམ་རྭ་ལྟ་བུ། ཚགས་པར་ནི་བོད་མིའི་རང་དབང་དང་༌། གཉན་ཆེན་ཐང་ལྷ་ལྟ་བུ་སོགས་རེ་ཟུང་ལས་མེད་ནའང་༌། ཅང་མ་འགོར་བར་རྩམ་པ་དང་༌། བོད་ཀྱི་དུས་བབ། ནོར་ལྡེ། ནོར་མཛོད་སོགས་དུས་དེབ་དང་ཚགས་པར་སྣ་ཚོགས་ཤིག་སྤེལ་འགོ་ཚུགས་ཤིང་༌། སྒེར་དེབ་འདོན་མཁན་ཀྱང་མེད་པ་ནས་ཡོད་པར་གྱུར། དུས་དེབ་དང་ཚགས་པར་འདི་དག་ལ་བརྟེན་ནས་སྤྲིན་གསེང་གི་སྦྲང་ཆར་བཙན་བྱོལ་བོད་ཀྱི་རྩོམ་རིག་གི་ཞིང་སར་དྲངས་པ་རེད། གང་ལྟར་ངས་གོང་གི་དུས་དེབ་དང་ཚགས་པར་སོགས་ལས་ཚེ་ལོ་རྒྱལ་གྱི་རྩོམ་ཡིག་བཙལ་བ་ཡིན་ཏེ་ངལ་བ་འབྲས་མེད་དུ་གྱུར།           ​

དེ་ལྟར་ངས་ཚེ་ལོ་རྒྱལ་གྱི་སྐོར་ལ་བསམ་བློ་གཏོང་བཞིན་དོན་དངོས་སུ་མི་ཁོང་ནི་ཇི་འདྲ་ཞིག་ཡིན་ནམ་སྙམ་པ་དང༌། ཁོང་དུས་ནམ་ཞིག་ལ་མཐོང་ཐུབ་བམ་སྙམ་ནས་བྲེལ་བ་ཞིག་ལངས་ནའང༌། བྲེལ་བ་དེ་རྒྱུན་རིང་པོ་གནས་དགོས་མ་བྱུང༌།

 

གཉིས།

 

གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ། ང་སློབ་གྲྭའི་ཕྱི་རོལ་ཏུ་རང་སྦྱོང་བྱེད་པར་སོང་ནས་ཕྱིར་ཉལ་ཁང་དུ་ལོག་དུས། སྦིར་སློབ་གྲྭའི་རྩེད་ཐང་དུ་ཁང་ཚན་རེ་རེས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད། བློ་ཡུད་ལས་འདས་པ་ཞིག་ལ། ང་ཚོའི་ཉལ་ཁང་གི་ཕྱི་རོལ་ཏུ་ཚེ་ལོ་རྒྱལ་དང་སློབ་གྲོགས་སྐོར་ཞིག་གིས་རྐང་རྩེད་སྤོ་ལོར་ལྟ་བཞིན་འདུག སེམས་ནས་ལན་གཅིག་མཐོང་ན་སྙམ་པའི་ཚེ་ལོ་རྒྱལ་གློ་བུར་དུ་མཐོང་སྐབས། ང་ལ་ཚོར་སྣང་ཡ་མཚན་ཞིག་བྱུང༌་། ཁོང་ནི་གདོང་དབྱིབས་ཅུང་རིང་བ་དང་༌། སྨིན་མ་སྟུག་ཅིང༌། སྨིན་དཀྱུས་རིང་པའི་ཐོག ཁ་སྤུ་དང་ཨག་ཚོམ་ཐུང་ཐུང་སྐྱེས་ཡོད་པ་ཞིག་རེད། ངས་འཚམས་འདྲི་སྟབས་བདེ་ཞིག་བྱེད་བཞིན་ཡང་བསྐྱར་ཁོང་གི་གདོང་ལ་བལྟས་པ་ན། ཁོང་གི་མིག་གཡོན་པའི་མིག་དཀྱིལ་གྱི་ནག་ཐིག་དེ་སྐྱ་མདོག་ཏུ་གྱུར་པས་གསལ་པོ་ཞིག་མི་མཐོང་ནའང་༌། སྨིན་མ་སྟུག་པོའི་འོག་གི་མིག་གཉིས་གྲུང་རིག་རིག་བྱེད།

སྐབས་དེར་གློ་བུར་དུ་ངའི་སེམས་ལ་ཚེ་ལོ་རྒྱལ་ཟེར་བའི་སློབ་མ་སྐད་གྲགས་ཅན་དེ་ནི་མི་འདི་ཡིན་ནམ་སྙམ་པ་ཞིག་བྱུང༌། ཁོང་གི་ཕྱིའི་རྣམ་འགྱུར་གང་ལ་བལྟས་ཀྱང་༌། དཔེ་ཆ་བ་ཞིག་གི་བཟོ་ལྟ་མེད་པ་མ་ཟད། གཟུགས་སྟོབས་ཆུང་ཞིང༌། སྒམ་ཚིགས་མེད་པ་ཞིག་རེད། ཡིན་ནའང་ཁོང་ལ་སྙན་གྲགས་དང་ཡོན་ཏན་ཆེན་པོ་ཡོད་པས། ཁོང་ནི་མི་གཟི་བརྗིད་ཅན་ཞིག་འདུག་སྙམ་པའི་ཚོར་སྣང་ཞིག་ཀྱང་ང་ལ་དབང་མེད་དུ་སྐྱེས།

དེ་རིང་ངས་ཁོང་གི་ཚིག་རིས་ཇི་མ་ཇི་བཞིན་གསལ་པོར་མི་དྲན་ཡང་༌། དགོང་མོ་དེར། ང་ཚོས་ཁ་བརྡ་གློད་སྐབས། ཚེ་ལོ་རྒྱལ་གྱིས་སྨིན་མ་སྟུག་པོ་གཟེང་གཟེང་ཞིག་བྱས་ཏེ་ཁོང་སློབ་གྲྭར་ལོག་དོན་སྐོར་ལ་ང་ཚོར་འདི་འདྲ་ཞིག་བཤད་བྱུང་༌། སྐབས་གཉིས་པའི་ངའི་སློབ་གྲོགས་རྙིང་པ་ཚོ་སློབ་མཐར་ཕྱིན་པ་རེད། སྐབས་དེར་ང་ལ་གློ་ནད་བྱུང་བར་བརྟེན་ངས་ཡིག་རྒྱུགས་གཏོང་ཐུབ་ཡོད་པ་མ་རེད།དེ་ནས་ང་སྐབས་གསུམ་པའི་སྔོན་ཐོན་འཛིན་གྲྭར་ཕྱིར་ནུར་བྱས་པ་རེད། ན་ནིང་ང་ལ་མིག་ནད་ཅིག་བྱུང་བར་བརྟེན་སྨན་ཁང་དུ་ཡོད་སྐབས། སྐབས་གསུམ་པའི་སློབ་གྲོགས་ཚོ་ཡང་སློབ་མཐར་ཕྱིན་པ་རེད། ད་ཡིན་ན་ང་ཡང་སློབ་གྲྭ་ནས་འབུད་དགོས་པ་རེད་དེ། ད་དུང་མུ་མཐུད་དུ་སྨན་ཁང་དུ་སྡོད་དགོས་པས། དེ་རིང་དེའི་སྐོར་སློབ་གྲྭའི་འགན་འཛིན་མཆོག་ལ་ཞུ་རུ་ཡོང་བ་ཡིན་ཞེས་བཤད་བྱུང༌། སྐད་ཆ་འདི་ཁོང་གིས་དབུས་སྐད་ཀྱི་ལམ་ནས་བཤད་ནའང༌་། ཨམ་སྐད་ཀྱི་སྒྲ་གདངས་འབུར་དུ་ཐོན་ཡོད་པས་དབུས་སྐད་བཤད་ན་ཆུ་བཞུར་བཞུར་ཞིག་མིན་པ་འདྲ།

ང་ཚོས་གཞི་ནས་ཁོང་སློབ་གྲྭར་ལོག་དོན་ཤེས་ནའང༌། སློབ་གྲོགས་ཚོའི་ནང་དུ་ཁོང་ད་དུང་སྨན་ཁང་དུ་དུས་ཡུན་ག་ཚོད་སྡོད་དགོས་པ་དང་༌། ཁོང་གི་མིག་གཡོན་པའི་སྐོར་ལ་དྲི་བ་འདྲི་མཁན་སུ་གཅིག་ཀྱང་མ་བྱུང་༌། ཁོང་གིས་སྐད་ཆ་བཤད་སྐབས། ངས་ཁོང་གི་མིག་གཡོན་པར་ཡང་ནས་བསྐྱར་དུ་ཞིབ་ལྟ་བྱས་པ་ཤེས་པ་འདྲ། སྐབས་རེར་ཁོང་གི་ལག་པས་མིག་གཡོན་པ་འགེབས་ཙམ་བྱེད་བཞིན་ཧ་ཅང་མ་བདེ་སྟེ་གདོང་ཚ་ལམ་ལམ་དུ་གྱུར་སོང་སྙམ་པ་ཞིག་བྱུང་བས། ངས་ཁོང་གི་མིག་ནད་དང་སྨན་ཁང་ལས་འཕྲོས་ཏེ་དྲི་བ་འདྲི་བར་འཚེར་སྣང་སྐྱེས་ཤིང་༌། སློབ་གྲོགས་གཞན་པ་ཚོས་ཀྱང་ཁོང་གི་ཚིག་གི་རྩ་བར་ཉན་ནས་རྩེ་མོ་གླེང་མ་སོང་༌།

ང་ཚོས་ཚེ་ལོ་རྒྱལ་གྱི་སྐད་ཆ་འདིར་ཉན་རྗེས། ང་ཚོས་ཅི་ཞིག་གླེང་དགོས་པའང་མ་ཤེས་སྟབས་རེ་ཞིག་ཉལ་ཁང་ནི་ཁུ་སིམ་མེར་གྱུར། དེ་ནས་སློབ་གྲོགས་ཁ་ཤས་ཀྱིས་སྦིར་སློབ་གྲྭ་བོད་ཁྱིམ་སློབ་གྲྭ་ཁག་དང་ཟླ་སྒྲིལ་བཏང་བ་དེའི་སྐོར་གླེང་བ་རེད། ཚེ་ལོ་རྒྱལ་གྱིས་སློབ་གྲོགས་ཚོའི་བསམ་ཚུལ་ལ་གསན་རྗེས། ཁོང་གིས་སྦིར་སློབ་གྲྭ་འདི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་སུ་བཅུག་པ་དེ་ནི་ཡག་པོ་རེད། སྔོན་ཆད་སློབ་གྲྭ་འདི་ནས་ང་ཚོ་གསར་འབྱོར་བ་ཚོས་ལོ་ངོ་ཁ་ཤས་ཤིག་ལ་མ་གཏོགས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་རེད། ད་ཡིན་ན་སློབ་གྲྭ་འདི་ནས་འཛིན་རིམ་བརྒྱད་པ་དང་༌། བཅུ་གཉིས། དེ་ནས་མཐོ་སློབ་ཁག་ཏུའང་འགྲོ་ཆོག་ཆོག་རེད་ཅེས་བཤད་བྱུང་༌།

ཚེ་ལོ་རྒྱལ་གྱིས་གོང་གི་སྐད་ཆ་དུམ་བུ་འདི་གཉིས་བཤད་རྗེས། ཁོང་གིས་གཟབ་གནན་གྱིས་སློབ་གྲོགས་ཚོའི་གླེང་མོལ་ལ་ཉན་པ་ལས། སྐད་ཆ་གསར་པ་ཅི་ཡང་གླེང་མ་སོང་༌། ངས་ཁོང་ནི་སྨྲ་བ་ཉུང་བའི་མི་ཞིག་ཡིན་པ་ཚོར་བྱུང་ནའང༌་། སློབ་གྲོགས་ཚོས་ཀུ་རེ་ཀྱལ་ཀ་རེ་རྩེས་སྐབས། ཁོང་གིས་ཧབ་དགོད་ཆེན་པོ་རེ་བྱེད་ཅིང་༌། ཧབ་དགོད་དེ་ནི་མི་རྒན་པ་ཞིག་གིས་ཧབ་དགོད་བྱེད་པ་དང་མཚུངས། སྐབས་དེར་ངས་ཁོང་གི་ཧབ་དགོད་ལ་ཉན་བཞིན་མི་ཆུང་ཆུང་འདིར་འདི་འདྲའི་ཧབ་དགོད་ཆེན་པོ་ཞིག་ཡོད་པ་འདི་ཡང་ཡ་མཚན་རེད་འདོད།

ཚེ་ལོ་རྒྱལ་གྱིས་སློབ་གྲོགས་ཚོའི་གླེང་མོལ་ལ་ཉན་སྐབས། ཁོང་གིས་སྐད་ཆ་འདི་བདེན་པ་རེད། དེ་བདེན་པ་མ་རེད་ཅེས་མི་བཤད་ལ། ཕ་རོལ་བའི་གཏམ་ལ་ཡིད་འཐད་ཀྱང་རུང་མ་འཐད་ཀྱང་རུང་ངོ་མདོག་ཅུང་ཙམ་ཡང་འགྱུར་མ་སོང་ནའང་༌། ང་ཚོའི་ཉལ་ཁང་གི་སློབ་མ་ཞིག་གིས་དོན་དངོས་ཀྱི་སྒྲུང་ཞིག་སྟེ། ཕ་ཡུལ་རེབ་གོང་ནས་ཡིན་ཞིང་༌། མཚན་ལ་དོན་གྲུབ་ཟེར་བའི་མི་ཞིག་རྒྱ་གར་དུ་འོངས་སྐབས་གངས་ཁྲོད་ནས་འཁྱག་ཤི་ཐེབས་པ་དང༌་། ཁོང་གི་བེམ་པོ་ལམ་རོགས་ཤིག་གིས་ཁུར་ཡོང་བའི་ལོ་རྒྱུས་འཇིགས་སུ་རུང་བ་དེ་བཤད་པ་ན། ཚེ་ལོ་རྒྱལ་གྱིས་སྨིན་མ་སྟུག་པོར་བསྡུས་ཏེ་ཁྲོ་བའི་ཉམས་ཀྱིས་སྒྲུང་འདི་ལྟ་བུ་ང་ཚོས་ངེས་པར་དུ་ཡིག་ཐོག་ཏུ་འགོད་དགོས་པ་དང་༌། སྒྲུང་འདི་དང་འདི་ལྟ་བུ་ནི་ང་ཚོའི་མི་རབས་འདིའི་ལོ་རྒྱུས་རེད་ཅེས་བཤད། ཁོང་གི་སྐད་མགོ་མཐོ་ཞིང་སྐད་ངག་འདར་སྟངས་ལ་ཉན་ན་ངོ་མ་ཁོང་ཁྲོ་ལངས་ཡོད་པ་འདྲ། དགོང་མོ་དེར་ཁོང་གིས་དངོས་སྒྲུང་དེ་ཡིག་ཐོག་ཏུ་འགོད་པར་ཁས་ལེན་བྱས་ནའང་༌། ཕྱིས་སུ་ངས་ཁོང་གིས་སྒྲུང་དེ་ཡིག་ཐོག་ཏུ་ཕབ་ཡོད་མེད་སྐོར་ལ་དོ་སྣང་མ་བྱུང་༌།

དེ་ལྟར་རེ་ཞིག་ང་ཚོ་སྒྲུང་དང་སྒྲུང་གི་འཇིག་རྟེན་ལ་ཐིམ། ང་ཚོ་མར་ཉལ་སྐབས། སྐར་ཚོགས་བྱེ་བས་འཇིག་རྟེན་ཁམས་ལ་མེལ་ཚེ་བྱེད། སློབ་གྲོགས་རེ་ཟུང་གིས་སྔུར་བ་ཧུར་ཧུར་དུ་འཐེན། རྒྱ་བཟའ་ཁང་ཚན་གྱི་སྒོ་དང་སྒེའུ་ཁུང་ཚང་མ་ནག་རོག་རོག་ཏུ་གྱུར་འདུག

ང་ཚེ་ལོ་རྒྱལ་དང་མཉམ་དུ་དུས་ཚོད་ཁ་ཤས་ཤིག་ལ་བསྡད་ཀྱང་༌། ཁོང་གི་ལུང་གི་ཡོན་ཏན་དང་རྟོགས་པའི་ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་ཡང་མ་མཐོང་ནའང་༌། ང་ཚོ་ཉལ་ཁར་ཁོང་གིས་ཡང་ལཱ་ཞིག་སྤར་ཏེ་ཨིན་ཡིག་གི་དཔེ་ཆ་མཐུག་པོ་ཞིག་ཀློག་མགོ་བརྩམས་བྱུང་༌། མདུན་ཤོག་དམར་ཞིང་དཔེ་མིང་གསེར་ཡིག་གིས་བྲིས་ཡོད་སྟབས། སྐབས་རེར་ཡང་ལཱའི་འོད་རླབས་མདུན་ཤོག་ལ་འཕྲོས་པ་དང་མཉམ་དུ་དེབ་མིང་གསེར་འོད་ལམ་ལམ་བྱེད། ད་ལྟ་འདང་བརྒྱབ་ན་དཔེ་ཆ་དེ་ནི་བསོད་རྒྱལ་རིན་པོ་ཆེས་བརྩམས་པའི་བོད་ཀྱི་སྐྱེ་འཆིའི་དེབ་ཐེར་ཞེས་པའི་དཔེ་ཆ་དེ་མིན་ནམ་སྙམ། ཁོང་གིས་དཔེ་ཆ་དེ་ཅི་ཙམ་བཀླགས་ནའང་ཚིག་མཛོད་བསྔོགས་མ་སོང་བས། ང་ཁོང་གི་ཡོན་ཏན་ལ་འགྲམ་ཆུ་ཞིག་ལྡང་དགོས་བྱུང་༌།

ཕྱི་ཉིན་ཞོགས་པར་ཚེ་ལོ་རྒྱལ་སྨན་ཁང་དུ་ལོག་ཁར་ཁོང་གིས་འདོན་མཚམས་ཆད་པའི་དམངས་གཙོ་ཚགས་པར་འདོན་ཐེངས་རྙིང་པ་འགའ་དང༌། ལེགས་བཤད་བློ་གསར་མིག་འབྱེད། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། རྒྱལ་རབས་དེབ་ཐེར་དཀར་པོ་སོགས་དང༌། དེ་བཞིན་ཨིན་ཡིག་གི་དེབ་ཐེར་ཁ་ཤས་ཤིག་རས་ནག་པོའི་ཁུར་ཁུག་ཆེན་པོ་ཞིག་གི་ནང་དུ་འཇུག་སྐབས། ཁོང་གིས་བསམ་བློ་ཞིག་བཏང་རྗེས་ཁུར་ཁུག་ནས་དེབ་གཉིས་ཕྱིར་བཏོན་ཏེ་ཁོང་ན་རེ། “དེབ་འདི་ཞྭ་སྒབ་པའི་ཀླད་པ་རེད། ངས་དེབ་འདི་སྨན་ཁང་ནས་བཀླགས་བཀླགས་ནས་ད་ནི་བློ་ཐོག་ན་འདུག དེབ་གཞན་པ་དེ་རྒྱུན་ཤེས་རེད། དེབ་འདི་གཉིས་སུ་ལ་དགོས་ན་སྤྲོད་ངེས་ཡིན།”ཟེར། ཁོང་གིས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལ་ཞྭ་སྒབ་པའི་ཀླད་པ་ཞེས་པ་འབོད་པ་དེ་ནི་ང་ལ་མཚོན་ན་སྐད་ཆ་ཤོད་སྟངས་གསར་པ་ཞིག་རེད། ཤོད་སྟངས་འདི་ངའི་ཡིད་ལ་འཕྲོད་བདེ་པོ་ཞིག་བྱུང་༌། དེ་མ་ཐག་སློབ་གྲོགས་ཤིག་གིས་ཨ་མྱེས་རྨ་ཆེན་ཁང་གིས་བོད་སྒྱུར་བྱས་པའི་རྒྱུན་ཤེས་ཞེས་པའི་དེབ་དེ་བླངས་པ་དང་༌། སྟབས་ལེགས་ནས་ངའི་ལག་ཏུ་ཞྭ་སྒབ་པའི་ཀླད་པ་རག་སོང་༌། དེབ་དེ་ནི་རྙིང་ཧྲལ་དུ་གྱུར་ཅིང་དཀྱིལ་མཐའ་ཚང་མ་ཚིལ་དྲེག་ཆགས་འདུག ཕྱིས་སུ་ངས་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་བཀླགས་སྐབས། དེབ་འདིས་ངའི་བློ་སྒོ་པདྨ་ཁ་འབྱེད་ཀྱི་ཚུལ་གྱིས་གྲོལ་བ་རེད།

ཚེ་ལོ་རྒྱལ་སྨན་ཁང་དུ་ཕྱིར་ལོག་སོང་༌། ངས་ཁོང་བོད་ཡིག་ལ་མཁས་པ་ཡིན་པའི་མཁས་རྟགས་མཐོང་མ་སོང་ལ། ལྷག་པར་དུ་ཁོང་གི་ཨིན་སྐད་ཀྱི་སྒྲ་གདངས་མ་ཐོས་པ་ལ་བློ་ཕམ་ཞིག་སྐྱེས། ཡིན་ནའང་སྐབས་དེར་ངས་མི་ཞིག་གིས་ཨིན་ཡིག་ཀློག་སྐབས་དང་བཤད་སྐབས་སྒྲ་གདངས་དེ་དག་མིན་གྱི་དབྱེ་བ་འབྱེད་མི་ཤེས་ལ། དོན་དངོས་སུ་ཚེ་ལོ་རྒྱལ་གྱིས་ཨིན་ཡིག་ཀློག་ན་སྒྲ་གདངས་དག་མོ་ཐོན་པ་དེ་བདེན་པ་ཡིན་མིན་དང་༌། དེ་བདེན་པའི་དབང་དུ་བཏང་ནའང་ཁོང་གིས་སྒྲ་གདངས་དེ་གང་ནས་སྦྱངས་པ་སོགས་མི་ཤེས། སྦིར་སློབ་གྲྭའི་ཨིན་ཡིག་དགེ་རྒན་ཚོའི་ཨིན་སྐད་ཀྱི་སྒྲ་གདངས་ནི་རྒྱ་གར་བ་ཚོའི་སྒྲ་གདངས་དང་འདྲ་པོ་ཡོད་པ་རེད་ཅེས་གོ་བས། དོན་དངོས་སུ་སྒྲ་གདངས་དག་མོ་ཞེས་པ་ནི་ཇི་འདྲ་ཞིག་ཡིན་ནམ་སྙམ། འདི་ང་གཅིག་པུ་མིན། ངའི་སློབ་གྲོགས་མང་པོ་ཞིག་གིས་ཀྱང་དེ་ལྟར་བསམ་བཞིན་ཡོད།

དེ་ནས་བཟུང༌་། ང་སྦིར་སློབ་གྲྭ་རུ་ཟླ་ངོ་ཁ་ཤས་ཤིག་ལས་བསྡད་མེད་ཀྱང་༌། ངས་སྦིར་སློབ་གྲྭའི་དཀྱིལ་འཁོར་ནང་དུ་ཡང་སྐྱར་ཚེ་ལོ་རྒྱལ་མཐོང་མ་མྱོང་༌།

 

གསུམ།

 

སྤྱི་ལོ་༡༩༩༨ལོའི་སྟོན་མཇུག་ཡིན་བསམ་པ་དྲན། ནོར་གླིང་དཔེ་མཛོད་ཁང་གི་དོ་དམ་པ་ཞིག་ཡོད་པ་ཁོང་ནོར་གླིང་ཉམས་ཞིབ་སྡེ་ཚན་དུ་སྤོར་ནས་ཕྱག་ལས་གནང་བ་དང་། ཁོང་གི་ཚབ་ཏུ་ཚེ་ལོ་རྒྱལ་སླེབས། ངའི་མིག་ལམ་དུ་ཚེ་ལོ་རྒྱལ་གློ་བུར་དུ་མངོན་ནས་གློ་བུར་དུ་ནོར་གླིང་དཔེ་མཛོད་ཁང་གི་དོ་དམ་པར་གྱུར། ངས་ཁོང་དུས་ཡུན་རིང་པོ་ཞིག་གི་རྗེས་ནས་ཡང་བསྐྱར་མཐོང་སྐབས། ཁོང་སྔོན་ལས་ཇེ་སྐམ་དུ་གྱུར་ཅིང་། ཤུགས་ཚད་མཐོ་བའི་མིག་ཤེལ་ཞིག་གོན་འདུག མིག་ཤེལ་འོག་གི་མིག་གཡོན་པའི་མིག་གི་རྒྱལ་མོར་སྐྱ་རིབ་ལྟ་བུ་ཞིག་གིས་བསྒྲིབས་འདུག་པས། མིག་གཡོན་པའི་ན་ཚ་སྟེ་སྐྱ་ཐེར་ཞེས་པ་དྲག་སྐྱེད་བྱུང་མེད་པ་འདྲ། སྔོན་ཆད་ངས་ཁོང་ཐོག་དང་པོར་མཐོང་བ་ལྟ་བུའི་ཚོར་སྣང་མ་བྱུང་ནའང་། ངའི་ཡིད་ཀྱི་བརྩི་མཐོང་གི་བློ་དེ་རླབས་རིས་བཞིན་འགུལ།

ནོར་གླིང་དཔེ་མཛོད་ཁང་གི་དོ་དམ་པའི་ལས་ག་ནི་ཉམས་ཞིབ་པ་དང་ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཚོར་དཔེ་ཆ་གཡོར་བའི་ལས་ཁོ་ན་ཡིན་སྟབས། ལས་ཀ་མང་པོ་མེད། ཚེ་ལོ་རྒྱལ་གྱིས་དཔེ་མཛོད་དོ་དམ་པའི་ལས་ཀ་ལས་འགོ་བཙུགས། དཔེ་མཛོད་ཁང་དུ་ཤོག་བུ་སློག་པའི་སྒྲ་དང་། མཇལ་པ་འགའ་རེ་དཔེ་མཛོད་ཀྱི་སྦུག་ཏུ་ཡོད་པའི་མགོན་ཁང་དུ་མཆོད་མཇལ་དུ་བསྐྱོད་པའི་རྐང་སྒྲ་ལས་ཅི་ཡང་གོ་རྒྱུ་མེད། སྐབས་རེར་མགོན་ཁང་གི་ཕྱོགས་ནས་སྤོས་དྲི་ཞིམ་པོ་ཞིག་ང་ཚོའི་སྣ་ལམ་དུ་མནམས་འཐུལ་ཞིང་། སྲུང་མ་དམར་ནག་གཉིས་ཀྱིས་ཀྱང་ཞལ་ཆེན་པོ་ཤུགས་ཀྱིས་གདངས་ཏེ་ཐག་རིང་གི་མཇལ་པ་ཚོའི་ལག་ཡོང་ལ་ཧུར་གྱིས་གཟུགས་ཀྱིན་ཡོད་པའི་སྣང་བ་བཅོས་མིན་དུ་སྟེར།

ཕྱིས་སུ་ངས་གོ་ཐོས་ལྟར་ན། ཚེ་ལོ་རྒྱལ་ནོར་བུ་གླིང་གར་འཛུལ་སྐབས། ཁོང་གིས་ཨིན་བོད་གཉིས་ཀྱི་ལམ་ནས་ཡིག་རྒྱུགས་ཤིག་བཏང་ཞིང་། ཡིག་རྒྱུགས་དེ་ལེགས་པོ་བྱུང་སྟབས། ནོར་གླིང་ངེས་སྟོན་པ་སྐལ་བཟང་ཡེ་ཤེས་མཆོག་ཐུགས་དགྱེས་པ་རེད་ཅེས་ངའི་སློབ་གྲོགས་ཤིག་གིས་གླེང་། ཡིན་ནའང་ཕྱིས་སུ་ངས་ཁོང་ལ་སྐད་ཆ་འདི་བདེན་པ་ཡིན་མིན་སྐོར་ལ་སྐད་ཆ་དྲིས་མ་མྱོང་། ལྷག་པར་དུ་སྐབས་དེར་ཁོང་ལ་དྲི་བ་འདྲི་བ་ལས་སླ་པོ་ཞིག་མིན། རྒྱུ་མཚན་ནི་ཁོང་ལ་གཤིས་ཀ་གྲང་མོ་ཞིག་ཡོད་ལ། ཁོང་གི་གདོང་ན་སྡུག་མདོག་ཅིག་ཡོད། གལ་སྲིད་མི་ཞིག་གིས་ཁོང་ལ་དྲི་བ་དྲིས་ཚེ་གློ་བུར་དུ་ཁོང་ཁྲོ་ལངས་པ་ལྟ་བུ་ཞིག་ཡོད།

ཚེ་ལོ་རྒྱལ་གྱིས་ནོར་གླིང་དཔེ་མཛོད་ཁང་དུ་ལས་ཀ་ལས་ནས་ཟླ་བ་ཁ་ཤས་ཕྱིན། ཁོང་གིས་ནམ་ཡིན་ཡང་དཔེ་ཆ་ལག་ནས་མི་གཏོང་། སྐབས་རེར་ང་ཚོར་མིག་སྐོར་རེ་བྱེད། མཚམས་རེར་དཔེ་ཆ་གཡོར་བའི་ལས་ལ་བྲེལ་བར་འགྱུར། ངའི་སློབ་གྲོགས་ཁ་ཤས་ཀྱིས་ཚེ་ལོ་རྒྱལ་གྱིས་སློབ་སྦྱོང་བྱེད་སྟངས་ལ་བལྟས་ནས་མགོ་བོ་གཡུག་གཡུག་བྱེད། ཡིན་ནའང་། དང་ཐོག་ཁོང་གིས་ཨིན་ཡིག་གི་དེབ་ཀློག་གི་ཡོད་པ་ལས་བོད་ཡིག་གི་དེབ་ཀློག་གི་མེད། ཨིན་ཡིག་གི་དེབ་མང་པོ་ཞིག་ནི་བོད་དོན་དང་འབྲེལ་བའི་སྐོར་ཡིན་པ་འདྲ་བོ་མཐོང་། ཡང་སྐབས་རེར་ཨིན་ཡིག་ཏུ་བྲིས་པའི་སྙན་ངག་འདྲ་བོ། བརྩམས་སྒྲུང་འདྲ་བོ། ལོ་རྒྱུས་འདྲ་བོ་དེ་ཚོ་སྨུན་མ་སྟུག་པོ་འགུལ་ཙམ་དང་། དབུགས་རིང་ཕྲ་མོ་གཏོང་ཙམ་བྱས་ནས་ཀློག་གི་ཡོད།

ཉིན་ཞིག་ཚེ་ལོ་རྒྱལ་དང་ངེད་གཉིས་ཀྱི་བར་ལ་སྐད་ཆ་རིང་པོ་ཞིག་བྱུང་། སྐད་ཆ་ལ་འདི་ལ་བརྟེན་ནས་ངེད་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་གྱུར། དེ་ནི་འདི་ཡིན། ང་ཚོར་རྒྱལ་ཁོངས་ཁེ་ན་ཊ་ཡིན་པའི་ཨིན་ཡིག་གི་དགེ་རྒན་ཞིག་ཡོད། ཕྱི་དྲོ་ཞིག་ལ་ཁོང་གིས་ང་ཚོ་སློབ་མ་སྐོར་ཞིག་ལ་བློ་བཟང་རམ་པས་བརྩམས་པའི་མིག་གསུམ་པ་ཞེས་པའི་དེབ་དེ་ངོ་སྤྲོད་སྟབས་བདེ་ཞིག་བྱས། དེས་ང་ཚོའི་འདོད་པ་ཁེངས་མེད་ལ། ཁོང་གི་འདོད་པའང་ཚིམ་མེད་པ་འདྲ། དེ་ནས་ཁོང་གིས་ང་ཚོར་ངོ་སྤྲོད་རྒྱས་པ་ཞིག་བྱས་ནའང་། སྔོན་དེར་ངས་ཟུར་ཙམ་ཤེས་སོང་སྙམ་པའི་བློ་དེ་ངོ་སྤྲོད་རྒྱས་པ་དེས་ཡོངས་སུ་གཏོར། ངས་ཨིན་སྐད་ཀྱི་ལམ་ནས་དྲི་བ་སྟབས་བདེ་ཞིག་ཀྱང་འདྲི་མི་ཤེས་སྟབས། ངས་ཚེ་ལོ་རྒྱལ་ལ་འདྲི་དགོས་གྱུར། ཡ་མཚར་བ་ཞིག་ལ། ཁོང་གི་གདོང་ན་ཡོད་པའི་སྡུག་མདོག་དེའི་ཤུལ་དུ་འཛུམ་ཞིག་ལངས་ནས“ངས་དེབ་དེ་བཀླགས་མྱོང་ཡོད།”ཅེས་དང་། དེ་ནས་ཁོང་གིས་ནུབ་ཕྱོགས་པ་མང་པོ་ཞིག་གིས་ཐོག་མར་དེབ་དེ་རྟོག་བཟོ་ཡིན་པ་མ་ཤེས་པར་བོད་ནི་གསང་བ་ལྐོག་གྱུར་གྱི་གནས་ཤིག་ཡིན་པ་ལ་འཁྲུལ་ནས་བོད་ལ་འགྲམ་ཆུ་ལྡང་བ་རེད་ཟེར། དེ་རྗེས་མིག་གསུམ་པ། བོད་ཀྱི་བླ་མ་ཞིག་གི་རྣམ་ཐར་ཞེས་པའི་དེབ་དང་། གནམ་སའི་འབྲེལ་མཚམས་ཡལ་པར་གྱུར་པ། བོད་ཀྱི་གསང་བ་འབྱེད་པའི་ལྡེ་མིག བོད་ཀྱི་རྒྱ་སེ་མེ་ཏོག་ཅེས་པའི་དེབ་འདི་དག་ནི་ནུབ་ཕྱོགས་པ་ཚོས་བྲིས་ནའང་། ནུབ་ཕྱོགས་པ་ཚོར་བོད་ལ་འཁྲུལ་སྣང་སློང་བྱེད་ཀྱི་དེབ་ཏག་ཏག་རེད་ཟེར། ཁོང་གིས་སླར་ཡང་བཤད་རྒྱུར། རྒྱ་སེ་མེ་ཏོག་ཅེས་པའི་དེབ་དེའི་ནང་དུ་བོད་ཀྱི་གྲྭ་པ་ཚོར་རྫུ་འཕྲུལ་ཆེན་པོ་ཡོད་པས་བར་སྣང་དུ་འཕུར་ཐུབ་ཅིང་། བཙུན་མ་རྣམས་ཆགས་སྲེད་ཆེ་ཞིང་རྒྱོ་ལ་མཁས་རབས་སོགས་བཤད་ཀྱིན་བཤད་ཀྱིན་མཚམས་འདིར་ཐོན་སྐབས། ཁོང་ལ་ཧབ་དགོད་ཆེན་པོ་ཞིག་ཤོར། ང་དང་ངའི་མདུན་དུ་ཡོད་པའི་སློབ་གྲོགས་ངེད་གཉིས་ལའང་རང་དབང་མེད་པར་ཧབ་དགོད་རེ་ཤོར་བར་གྱུར།

སྐབས་དེ་ནས་བཟུང་། དཔེ་མཛོད་ཁང་དུ་ངེད་གཉིས་ལས་མེད་པའི་དུས་སྐབས་རེ་བྱུང་ཚེ། ཁོང་གིས་ཐོག་མར་མདུན་གྱི་དེབ་དེའི་ཁ་བསུམས་ཤིང་། མིག་གཡོན་པ་དེར་སྨན་ཆུ་ཞིག་བཏིག དེ་ནས་མགོ་འདར་ཞིག་བརྒྱབ་རྗེས་སྐད་ཆ་འདྲ་མིན་གླེང་གི་ཡོད། ངའི་ཡིད་ལ་གསལ་པོ་དྲན་པ་ཞིག་ནི། ཉིན་ཞིག་གི་ཕྱི་དྲོར་ང་ཚོའི་དཔེ་མཛོད་ཁང་ནི་ཁུ་སིམ་མེར་ཡོད། སྟོང་འཇགས་སེ་ཡོད། ཚེ་ལོ་རྒྱལ་གྱིས་ངའི་མདུན་ཅོག་སྟེང་དུ་དེབ་ཅིག་བཞག་སྟེ། དེབ་འདི་ནི་རྩྭ་ལོ་ཚོམ་བུ་རེད་ཟེར། ངས་དེབ་དེ་ཐོས་མྱོང་བ་ལས་བཀླགས་མ་མྱོང་བས། ངས་བྲེལ་སྟབས་ཀྱིས་ཤོག་ངོས་ཤིག་གི་ཁ་ཕྱེས། ཤོག་ངོས་དེ་ན་མི་ཚེའི་གླུ་དབྱངས་ཞེས་པའི་སྙན་ངག་ཅིག་འདུག ཁོང་གིས་ཤོག་ངོས་དེར་བལྟས་རྗེས་མིག་གཉིས་བཙུམས་སོང་། དེ་མ་ཐག་སྙན་ངག་དེ་གྱེར་སོང་། སྙན་ངག་དེ་ཁོང་གི་བློ་ཐོག་ན་ཆུ་བཞུར་བཞུར་རེད། ཁོང་གིས་སྙན་ངག་དེ་གྱེར་སྐབས་སྐད་ངག་ཇེ་སྦོམ་དུ་བཏང་ནས་གྱེར་པས་དཔེ་མཛོད་ཁང་དུ་ལྡིར་སྒྲ་གྲག་ཅིང་། སྐབས་རེར་ལྡིར་སྒྲ་དེའི་བྲག་ཅ་འཁྱིལ།

ཉིན་ཞིག་གི་ཞོགས་པར་ངས་ཚེ་ལོ་རྒྱལ་གྱིས་བོད་ཡིག་གི་དཔེ་ཆར་བལྟ་ཀློག་བྱེད་ཀྱི་ཡོད་པ་མཐོང་བྱུང་། ཁོང་གིས་གྲུབ་མཐའ་རིན་ཆེན་ཕྲེང་བ་ཀློག་བཞིན་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་གྲུབ་མཐའ་ཆེན་མོར་ཟུར་མཇལ་བྱེད་ཅིང་། དེ་དང་མཉམ་དུ་གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ་ཞེས་པའི་དེབ་དེ་ཕར་སྒྱུར་ཚུར་སྒྱུར་བྱེད་པ་མཐོང་། གྲུབ་མཐའ་བཀླགས་པའི་ཤུགས་རྐྱེན་ཡིན་མིན་ཆ་མི་འཚལ་མོད། སྐབས་དེར། ངས་ཁོང་དང་གླེང་མོལ་བྱེད་སྐབས། ཁོང་གིས་ང་ལ“ཁྱོད་ཀྱི་སྐད་ཆ་དེ་ལྟག་མཐའ་ལ་ལྷུང་འདུག ཡང་སྐབས་རེར་ཁྱོད་ཀྱི་སྐད་ཆ་དེ་ཆད་མཐའ་ལ་ལྷུང་འདུག་”ཅེས་ཤོད་ཀྱི་ཡོད། དེར་བརྟེན་ངས་ཁོང་ལ་“ཁྱེད་རྟག་མཐའ་སྨྲ་པ་རེད། ང་ཆད་མཐའ་སྨྲ་པ་ཡིན།”ཞེས་བཤད་སྐབས། ཁོང་གི་མིག་གཡོན་པ་དེ་ཡང་འབྱེད་ཙམ་འབྱེད་ཙམ་བྱས་ནས་གད་མོ་དགོད་ཀྱི་ཡོད།

སྐབས་དེར། ཚེ་ལོ་རྒྱལ་གྱིས་ཁོང་གི་དུས་ཚོད་མང་ཤོས་ནང་ཆོས་དང་འབྲེལ་བའི་བོད་དེབ་ཕྱོགས་ལ་གཏོང་གི་ཡོད། ངས་ཁོང་གི་ཀློག་རྩལ་ཇི་འདྲ་ཡིན་མིན་མི་ཤེས་ཀྱང་། སྐབས་རེར་ཁོང་གིས་རྗེ་རིན་པོ་ཆེའི་ལམ་རིམ་དང་། དབུ་མ། ཚད་མ་རྣམ་འགྲེལ། མངོན་པ་མཛོད། རྣམ་འགྲེལ་ལྟ་བུ་ལའང་མཇལ་གྱིན་ཡོད། ཆོས་ཕྱོགས་ཀྱི་གླེགས་བམ་དེ་ཚོ་དགེ་བའི་བཤེས་གཉེན་ཞིག་གིས་དམར་ཁྲིད་མ་གནང་བར་ཁོང་གི་ལྷན་སྐྱེས་ཀྱི་རིག་པ་ཁོ་ནར་བརྟེན་ནས་ཅི་ལྟར་རྔོ་ཐོགས་ཨང་སྙམ་པའི་ཚོར་བ་ཞིག་ང་ལ་ཡོད། ཉིན་ཞིག ངས་ཁོང་ལ་ཡ་མཚན་ཆེ་མདོག་གིས་དྲི་བ་དྲིས་སྐབས། ཁོང་གིས་ང་ལ“ངས་གཞུང་ཆེན་མོ་མི་གོ་ནའང་། གཞུང་ཆེན་མོ་ཀློག་གི་ཡོད་པ་འདི་ངའི་བསོད་ནམས་རེད།”ཅེས་དང་། “ཆད་མཐའ་སྨྲ་པ་ཁྱོད་ཁ་རོག་སྡོད།”ཅེས་ལན་ཟློ་བར་བྱེད།

ཚེ་ལོ་རྒྱལ་གྱིས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་པར་མ་ཟད། རྣམ་ཐར་དང་གཏེར་མའི་རིགས་ལ་ཧ་ཅང་དགའ་བོ་བྱེད། ངས་ཐེངས་དང་པོར་མདོ་གཟེར་མིག་ཅེས་པའི་གཏེར་མའི་དཔེ་ཆ་དེ་ཁོང་གིས་ངོ་སྤྲོད་བྱས་པར་བརྟེན་ནས་བཀླགས་པ་ད་དུང་ཡང་མ་བརྗེད་པར་དྲན། སྐབས་དེར་ང་ལ་མཚོན་ནའང་དཔེ་ཀློག་དང་རྩོམ་འབྲི་ལ་ཨ་གསར་འཕར་བཞིན་པའི་དུས་སྐབས་ཤིག་ཡིན། ངས་དཔེ་ཀློག་བྱེད་ཀྱིན་རྩོམ་ཡིག་རེ་འབྲི་སྐབས། ཁོང་གིས་ང་ལ“དཔེ་ཆ་མང་པོ་ཀློགས། རྩོམ་ཡིག་ཉུང་ཙམ་ཕྲིས།”ཞེས་རྗོད་ཅིང་། མཚམས་རེར་“རྩོམ་རིན་མེད་ན་རྩོམ་བྲིས་ནས་ག་རེ་བྱེད་ཀྱི་ཡོད།”ཅེས་སྨྲ་བར་བྱེད་ནའང་། འདི་ཁོང་གི་ལྟ་བ་ངོ་མ་དེ་མིན།

 

བཞི།

 

ང་ཚོ་སློབ་མ་རྣམས་རིམ་གྱིས་ཚེ་ལོ་རྒྱལ་གྱི་གཤིས་ཀ་གྲང་མོ་དང་ཁོང་གི་གདོང་གི་སྡུག་མདོག་དེ་ལ་གོམས་ལོབས་སུ་གྱུར་པས། ཁོང་ལ་ཨིན་ཡིག་གི་སྐོར་ལ་དྲི་བ་འདྲི་མཁན་ཇེ་མང་དུ་སོང་། ཨིན་ཇིའི་བརྡ་སྤྲོད་ཀྱི་སྐོར་གྱི་དྲི་བ་དྲིས་ཚེ། ཁོང་གིས་འགྲེལ་བཤད་རིང་པོ་མི་བྱེད་ནའང་། འགྲེལ་བཤད་ཐུང་ཐུང་དེས་སེམས་ལ་ཟུག་འགྲོ་བ་བཟོ་གི་འདུག་ཅེས་ངའི་སློབ་གྲོགས་ཚོས་གླེང་། ལྷག་པར་དུ་བརྡ་རྙིང་གིས་བཅིངས་པའི་ཚིག་གྲུབ་དེ་འདྲ་བསྟན་ནའང་། ཁོང་གིས་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་སྟབས། ངའི་སློབ་གྲོགས་ཡིན་པའི་ལྷ་སའི་བུ་མོ་ཞིག་གིས“ཚེ་ལོ་རྒྱལ་ཨིན་ཡིག་ལ་མཁས་པ་འདུག”མི་ཟེར། “ཚེ་ལོ་རྒྱལ་ཞེད་སྣང་ཚ་པོ་འདུག”ཅེས་སྨྲ། ཡིན་ནའང་ཞེད་སྣང་ཆེ་བའི་ཚེ་ལོ་རྒྱལ་ལ་ང་རྒྱལ་དང་། ཕྲག་དོག བརྣག་སེམས་དེ་འདྲ་རྩ་ནས་མེད་ལ། ཁོང་གིས་གང་ཤེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་བཤད།

ནོར་གླིང་ཡིག་ཚང་གིས་ཀྱང་ཚེ་ལོ་རྒྱལ་གྱིས་ཨིན་ཡིག་ཡག་པོ་ཤེས་པ་མཁྱེན་པ་འདྲ། ནོར་གླིང་ཡིག་ཚང་གི་བཀའ་མངགས་ལྟར། ཁོང་གིས་ནོར་གླིང་གི་ལས་བྱེད་ཅིག་དང་མཉམ་འབྲེལ་གྱིས་མཛད་རྣམ་གསེར་གྱི་ཡང་སྙིང་ཞེས་པའི་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་རིན་པོ་ཆེ་བོད་ཡིག་ཏུ་སྒྱུར་འགོ་བཙུགས། ཁོང་གིས་ཀྱང་ལས་ཀ་དེ་ཧ་ཅང་རྩ་ཆེན་པོ་བྱས་ནས་ལྷག་བསམ་རྣམ་དག་གིས་ཧུར་པོ་བྱེད་ཀྱི་འདུག ཡིན་ནའང་། རྒྱུ་མཚན་ཅི་ཡིན་མ་ཤེས་ཀྱང་། ཁོང་གིས་མཛད་རྣམ་གྱི་འགྱུར་དེའི་སྐོར་ལ་ལས་ཀ་རྒྱུན་རིང་པོ་ལས་མ་སོང་། དེའི་རྗེས་སུ་ཁོང་གིས་ཨིན་དེབ་ཅིག་བོད་ཡིག་ཏུ་བསྒྱུར་གྱིན་འདུག་ལ། ནོར་གླིང་གི་ཉམས་ཞིབ་པ་རེ་ཟུང་ལ་ཨིན་ཡིག་སློབ་ཁྲིད་བྱས་ནས་མ་ཁོམ་པར་བདོག

ངས་ཁོང་གིས་ཨིན་ཡིག་ཏུ་རྩོམ་ཡིག་འབྲི་གི་ཡོད་པ་མ་མཐོང་མོད། ངྷ་རམ་ས་ལ་ནས་མི་ཁ་ཤས་ཀྱིས་མཉམ་རུབ་ཀྱིས་འདོན་བཞིན་པའི་འབྲེལ་བ་ཞེས་པའི་ཨིན་ཡིག་རྐྱང་པའི་གསར་འཕྲིན་ལྟ་བུ་ཞིག་གི་སྟེང་དུ་ཚེ་ལོ་རྒྱལ་གྱི་རྩོམ་ཡིག་མཐོང་རྒྱུ་ཡོད་པའི་དུས་སྐབས་ཤིག་ཤར། ཁོང་གིས་བྲིས་པའི་རྩོམ་ཡིག་མང་ཤོས་ཤིག་གི་རྩོམ་ལུས་སྙན་ངག་ཡིན་པ་དང་། ཁོང་གི་ངག་གི་ཕྲེང་བ་ལས་ཐོན་པའི་སྙན་ངག་དེ་དག་ཕྱིས་སུ་ཁོང་བཙོན་དུ་ཡོད་སྐབས་ཀྱང་གསར་འཕྲིན་དེའི་སྟེང་དུ་ཆད་མེད་དུ་སྤེལ་བཞིན་ཡོད། སྐབས་དེར་ངས་ཁོང་གི་ཨིན་ཡིག་གི་འབྲི་རྩལ་ལ་ཤེས་འདོད་ཆེན་པོ་བྱས་ཀྱང་། ངའི་ཨིན་ཡིག་གི་ཆུ་ཚད་ཤིན་ཏུ་སྐྱོ་སྟབས་ཁོང་གི་འབྲི་རྩལ་ཤེས་པའི་བསྐལ་པ་རིང་དུ་གྱུར།

ཚེ་ལོ་རྒྱལ་གྱིས་ཐེ་ཝན་གྱི་དགེ་སློང་མ་ཞིག་གིས་བྲིས་པའི་དེབ་དེ་བསྒྱུར་ཚར་ནས་པར་སྐྲུན་བདག་དབང་གི་ཡི་གེ་ཞིག་བྲིས་ཡོད་པ་དེ་ང་ཚོའི་ཨིན་ཡིག་དགེ་རྒན་ལྕམ་སྐུ་ཞིག་ཡོད་པ་དེར་ཞུ་དག་གཏོང་བར་སྤྲད་འདུག མོས་ང་ལ“ཁྱོད་ཀྱིས་ཡི་གེ་འདི་ཚེ་ལོ་རྒྱལ་ལ་སྤྲོད་ཐུབ་བམ་

།”ཟེར། དེ་ནས་མོས་ཧང་སངས་མདོག་གིས“ཚེ་ལོ་རྒྱལ་གྱི་ཨིན་ཡིག་གི་ཤེས་ཚད་ཧ་ལས་པ་རེད། ཁྱོད་ཚོས་ཀྱང་ཁོང་ནང་བཞིན་ཨིན་ཡིག་ཡག་པོ་ཤེས་ན་ཅི་མ་རུང་།”ཞེས་སྨོན་པ་འདྲ་པོ་ཞིག་གནང་སོང་། ཡང་ཁོ་མོ་ན་རེ། “ཚེ་ལོ་རྒྱལ་གྱི་ཡི་གེ་འདི་གཅིག་པུ་མ་རེད། ཁོང་གིས་བྲིས་པའི་རྩོམ་ཡིག་དག་གི་ཁ་དམ་ནའང་། འབྲི་རྩལ་ཧ་ཅང་ཡག་པོ་འདུག འདི་རྒྱ་གར་གྱི་ཚགས་ཤོག་དང་དུས་དེབ་ཁག་གི་རྩོམ་ཡིག་གི་ཤུགས་རྐྱེན་མིན་ནམ་སྙམ།”གསུངས། ཕྱི་ཉིན་ངས་ཚེ་ལོ་རྒྱལ་ལ་པར་སྐྲུན་བདག་དབང་གི་ཡི་གེ་དེ་སྤྲོད་བཞིན་དུ“ཨ་རོ། ང་ཚོའི་ཨིན་ཡིག་དགེ་རྒན་གྱིས་ཀྱང་ཁྱོད་ཀྱི་ཨིན་ཡིག་ལ་སྨོན་པ་འཆོར་གྱི་འདུག”ཅེས་བཤད་སྐབས། ཁོང་གིས་ཐོག་མར་སྨིན་མ་སྟུག་པོ་གཟེང་ལྷེམ་ལྷེམ་འགུལ་ཞིང་། དེ་ནས་ཅི་མི་སྙམ་པར་ཧབ་དགོད་རིང་པོ་ཞིག་བྱས་བྱུང་།

ཚེ་ལོ་རྒྱལ་གྱིས་རང་གི་མ་སྐད་ཀྱི་ལམ་ནས་རྩོམ་ཡིག་འབྲི་བར་དང་དོད་མི་བྱེད་ནའང་། ཁོང་གིས་བོད་ཡིག་གི་དཔེ་ཆ་སྣ་ཚོགས་ཀློག་གི་ཡོད་སྟབས་ལྟ་རྒྱ་ཐོས་རྒྱ་ཆེན་པོ་ཡོད། ང་ཚོ་སློབ་གྲྭ་ཆེན་མོ་བ་རྣམས་ཀྱིས་ཡིག་རྒྱུགས་ཀྱི་ཚབ་ཏུ་ལོ་རེར་ཁྲིད་གཞི་རེ་ལ་དཔྱད་རྩོམ་གཉིས་རེ་འབྲི་དགོས་ཡོད། སྐབས་རེར་ངས་དཔྱད་རྩོམ་འབྲི་སྐབས་ཚེ་ལོ་རྒྱལ་གྱི་རྣམ་དཔྱོད་ལ་བརྟེན་དགོས་པའང་བྱུང་མྱོང་།དཔེར་ན། ངས་བོད་ཀྱི་བརྡ་སྤྲོད་རིག་པའི་འགྱུར་པ་ཞེས་པའི་དཔྱད་རྩོམ་མིན་པའི་དཔྱད་རྩོམ་ཞིག་འབྲི་ཁུལ་བྱེད་སྐབས། ཁོང་གིས་ས་པཎ་གྱི་དུས་ཙམ་ནས་ཐོབ་ཐང་རྩ་ཚིག་དང་། དག་ཡིག་སྣ་ཚོགས་བྱུང་བའི་དབང་གིས་བོད་ཀྱི་བརྡ་སྤྲོད་རིག་པ་ལ་སུམ་རྟགས་དག་གསུམ་དུ་གྲགས་པ་དང་། གཤེན་མཁས་གྲུབ་ཀྱིས་ཡ་སྟ་ར་སྟ་སོགས་ཀྱང་བརྡ་སྤྲོད་རིག་པའི་དངོས་བསྟན་དུ་བྱས་ཤིང་། དགག་པའི་སྒྲ་ལ་མ་དང་མི་གཉིས་ལས་མེད་པ་གསུངས་པ་གླེང་བར་མ་ཟད། བསྟན་པ་རྒྱ་མཚོས་ལ་སྒྲའི་འཇུག་ཡུལ་རྣམ་ལྔའི་མཐུན་ཆོས་དང་། ཁྱད་པར་ལ་སྒྲ་ཞིབ་འཇུག་གནང་ནས་བརྡ་སྤྲོད་རིག་པའི་མ་ལག་འཐུས་ཚང་དུ་བཏང་བ་སོགས་བཤད།

སྐབས་ཤིག་ངས་ཚམ་ཚོམ་མེད་པར་རྒྱ་གར་གྱི་སྙན་ངག་རིང་མོ་མ་ཧ་བྷ་ར་ཏའི་སྐོར་ལ་ངོ་སྤྲོད་ཀྱི་རྩོམ་ཡིག་ཅིག་འབྲི་འདོད་སྐྱེས་ཏེ་དཔྱད་གཞི་ཡིག་ཆ་བཙལ་སྐབས། ཁོང་གིས་ང་ལ“ཁྱོད་ཀྱིས་རྩོམ་དེ་འབྲི་འདོད་ན་ཕྲིས། ཡིན་ནའང་མི་གཞན་གྱིས་བྲིས་ཚར་འདུག”ཅེས་བཤད་ཀྱིན་ཡར་ལངས་ནས་བོད་ལྗོངས་ཞིབ་འཇུག་གི་དེབ་ཕྲེང་ཞིག་དང་། ངས་ད་ལྟ་གསལ་པོར་མི་དྲན་ཡང་བོད་ནང་གི་མི་ཞིག་གིས་ཧྲོ་ཧྲི་དམ་བཅའ་འཇོག་སྐབས་བྲིས་པའི་དཔྱད་དེབ་ཅིག་ལངས་ནས་ངའི་མདུན་ཅོག་སྟེང་གཡུགས་སོང་། སླར་ཡང་ཁོང་གིས“ཁམས་སྤྲུལ་གྱི་སྙན་གཞུང་ལའང་ལྟོས། ཐར་ཐོར་ཞིག་ཡོད་པ་འདྲ་ཞིག་མཐོང་སོང་།”ཟེར།

ངས་བོད་ཀྱི་བཙན་པོ་དག་གི་བང་སོའི་སྐོར་གྱི་དཔྱད་རྩོམ་ཐེབས་ཆག་ཅིག་འབྲི་སྐབས་ཀྱང་། ཁོང་གིས་ང་ལ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། ཐང་ཡིག་གསར་རྙིང་། དེབ་ཐེར་དམར་པོ། བོད་ཀྱི་གནས་བབ་སོགས་ཀློག་དགོས་པ་བཤད་ལ། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནི་གླེང་གླེང་བ་ཡིན། ཡིན་ནའང་། སྐབས་དེར་ཁོང་གིས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལ་ཞྭ་སྒབ་པའི་ཀླད་པ་ཞེས་མི་འབོད། ཅི་སྟེ་ངས་རྒྱལ་རབས་ལོ་རྒྱུས་དེ་ཚོ་ཀློག་འགོ་ཚུགས་ཙམ་ཡིན་སྟབས། ཁོང་གིས་བཀླགས་ཚར་ནས་ང་ལ་ངོ་སྤྲོད་འདི་ལྟར་བྱས་ཡོང་སྐབས། འདིས་གཞོན་ནུ་ངའི་ང་རྒྱལ་དང་འཕྲུལ་སྣང་སིལ་བུར་གཅོག་གི་ཡོད།

འདི་དང་འདི་འདྲ་བའི་སྒྲུང་མང་། ཡིན་ནའང་ངས་ཧ་ཅང་གསལ་པོར་དྲན་པའི་སྒྲུང་གཅིག་ནི། ཉིན་ཞིག་ང་ཚོའི་འདུལ་བ་འཛིན་པའི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཚེ་དབང་མཆོག་གིས་ང་ཚོར་ཕར་ཕྱིན་གྱི་སྐབས་དང་པོ་ཁྲིད་སྐབས་ཤིག་ལ། ཁོང་གིས་ང་ཚོ་སློབ་མ་རྣམས་ལ“ཁྱོད་ཚོས་བྱང་ཕྱོགས་སོ་བདུན་གྱི་གྲངས་འདྲེན་འཁྱེར་ཤོག”གསུངས་བྱུང་། གསུང་སྐད་འདི་གོ་མ་ཐག ངའི་ཀླད་པའི་ནང་ནག་འཐོམས་མེར་གྱུར། ངའི་སློབ་གྲོགས་ཚོས་ཀྱང་ཤེས་ཀྱི་མེད་པ་འདྲ། ང་ཚོས་རེ་ཞིག་གཅིག་གིས་གཅིག་གི་གདོང་ལ་ལྟ་རེས་བྱས། དེ་ནས་ང་ཚོ་འཛིན་གྲྭ་ལས་ཕྱི་ལོགས་སུ་བུད། ནོར་གླིང་གཙུག་ལག་ཁང་གི་མདུན་གྱི་རྡོ་སྐས་ཤིག་གི་སྟེང་དུ་ཚེ་ལོ་རྒྱལ་བཙོག་འདུག ངས་ཁོང་ལ་བྱང་ཕྱོགས་སོ་བདུན་གྱི་གྲངས་འདྲེན་དགོས་པའི་སྐོར་གླེང་ཙམ་བྱས་མ་ཐག ཁོང་གི་མཆུ་ཏོ་འགུལ་ཙམ་བྱས་ནས་“དེ་ནི་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་སྤངས་པ་བཞི། རྫུ་འཕྲུལ་་་། མ་རེད། མ་རེད།”ཅེས་བཤད་ནས་འགགས་སོང་། དེ་ནས་བསྐྱར་ཟློས་ཀྱིས་ “དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་སྤངས་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། ཨུམ། ཨུམ། ་་་ འཕགས་ལམ་ཡན་ལག་བརྒྱད། ད་དྲན་མ་སོང་། དཀོན་མཆོག་གསུམ། གྲངས་འདྲེན་དེ་དག་རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་ནང་དུ་ཡོད་པ་རེད།”ཅེས་བཤད་སྐབས། ང་ཧ་ལས་པར་གྱུར། ང་ཧ་ལས་བཞིན་དེབ་དེ་འཚོལ་བར་བརྒྱུགས་པ་ཡིན།

བར་མཚམས་ཤིག་ལ་ངས་ཚེ་ལོ་རྒྱལ་ལ་རྩོམ་ཡིག་འབྲི་དགོས་པའི་རེ་བ་ཐེངས་ཁ་ཤས་བཤད་པ་ཡིན། ཁོང་གིས་ང་ལ་རྩོམ་ཡིག་འབྲི་བར་དབྱིངས་མི་འདུག་ཟེར་ལ། ཁྱད་པར་དུ་སྙན་ངག་ནི་སུའི་ཆེད་དུ་འབྲི་གི་ཡོད་པའང་མི་ཤེས། ཚོར་བ་ནི་མི་ཐམས་ཅད་ལ་ཡོད་པ་རེད། མི་གཞན་དག་ལ་མེད་པའི་ཚོར་རྟོག་ཐུན་མོང་མ་ཡིན་པ་ཞིག་ང་ལ་མེད་ཅེས་བརྗོད་ནའང་། ཉིན་ཞིག་ཁོང་གིས་སྙན་ངག་ཅིག་བྲིས་ནས་ང་ལ་བསྟན་བྱུང་། ངས་ཀྱང་སྙན་ངག་དེ་ཡག་པོ་འདུག་རབས་བཤད་པ་ཡིན། ཕྱིས་སུ་ཁོང་གི་ངག་གི་ཕྲེང་བ་དང་ཚོར་བའི་ཁོང་གསེང་ནས་ཐོན་པའི་སྙན་ངག་དེ་ནོར་ལྡེའི་སྐྱེས་འཕྲིན་ཞིག་གི་སྟེང་དུ་སྤེལ་འདུག མ་གཞི་ནས་ཚེ་ལོ་རྒྱལ་ལ་སྐད་ཆ་ག་རེ་བཤད་ཀྱང་ཁོང་གིས་ཕ་རོལ་པོ་དེ་ལ་ལམ་སེང་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ནའང་རྩོད་པ་འདྲ་བྱེད་སྐབས་ཁོང་གིས་ཡིད་ཆེས་མི་བྱེད་ལ། རིག་པ་རྣོ། ཁོང་ཁྲོ་ཆེ། སུམ་པ་དང་ལི་ཡུལ་གྱི་སྐོར་ལ་རྩོད་པ་བྱེད་སྐབས་ཤིག་ལ། ངས་ཚེ་ལོ་རྒྱལ་གྱི་རིག་པ་རྣོན་པོ་དང་། ཁོང་ཁྲོ་ངར་མ་དེ་མཐོང་བྱུང་། ཚེ་ལོ་རྒྱལ་ལ་ཆ་རྒྱུས་ཡོད་པའི་སྦིར་སློབ་གྲྭའི་སློབ་མ་སྐོར་ཞིག་གིས་ཁོང་དོམ་ནག་སྨྱོན་པ་ཞིག་ཡིན་ཟེར་བའི་སྐད་ཆ་དེ་ཡང་བདེན་པ་ཡིན་པའི་སྣང་བ་བསྐྱེད།

 

ལྔ།

 

སྤྱི་ལོ་༡༩༩༩ལོའི་དགུན་ཁ་ཞིག་ལ། བསྟན་འཛིན་མགོན་པོ་ལགས་དང་། ཚེ་ལོ་རྒྱལ། ང་བཅས་ལྡི་ལི་ནས་མེ་འཁོར་དུ་བསྡད་དེ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་རུ་བསྐྱོད། ཚེ་ལོ་རྒྱལ་གྱིས་བསྟན་འཛིན་མགོན་པོ་ལགས་ལ་ཨ་ཞང་ཞེས་འབོད་ཅིང་། ཚེ་ལོ་རྒྱལ་ནི་ཁོང་གི་ཚ་བོ་ཡིན་པ་ཤེས། སྐབས་དེར་ངས་བསྟན་འཛིན་མགོན་པོ་ལགས་ཐོག་དང་པོར་མཐོང་བ་ཡིན། ཁོང་གི་གདོང་དབྱིབས་ཅུང་རིང་ཞིང་། གདོང་ཤ་སེར་པོ། སྐྲ་རྫོང་སྲབ་པ། འགྲོ་བའི་ཚེ་ན་ཅུང་སྒུར་སྒུར་གྱིས་འགྲོ་ཞིང་། སྐབས་དེའི་ཁོའི་ལུས་ལ་གོན་པའི་གྱོན་ཆས་ནི་ཁོང་ལ་ཆེ་ཙམ་ཡོད་པའི་སྣང་བ་དེ་ད་དུང་ཡང་ངའི་བློ་ན་འབྱར་འདུག གང་ལྟར་ང་སྦིར་སློབ་གྲྭར་ཡོད་སྐབས། ངས་ཟམ་གདོང་རིན་པོ་ཆེ་དང་ཁོང་གཉིས་ཀྱི་བར་ལ་རྩོད་གཞི་ཞིག་བྱུང་སྟེ། ཁོང་གིས་ཟམ་གདོང་རིན་པོ་ཆེ་དང་ལྷན་དུ་རྩོད་པ་རྒྱག་ཆེད་བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་ངམ་ཡང་ན་ཁང་པ་གང་རུང་ཞིག་གཏན་འཁེལ་བྱས་ནའང་། ཟམ་གདོང་རིན་པོ་ཆེ་ཕེབས་ཐུབ་ཡོད་པ་མ་རེད་ཅེས་ཐོས་པས། ངས་ཁོང་མ་མཐོང་སྔོན་ནས་བརྩི་བཀུར་གྱི་བློ་ལྡིང་གི་ཡོད། ཡིན་ནའང་ཁོང་ལ་ཆེ་ཚུགས་མི་འདུག མི་དྲང་མོ་དྲང་རྐྱང་དང་། ཁ་རུ་ཁ་ཐུག་ཅིག་རེད། ཁོང་གིས་ཚེ་ལོ་རྒྱལ་དང་ངེད་གཉིས་ལ་སྐབས་སྐབས་སུ་སྲིད་དོན་འདྲ་གླེང་།མཚམས་མཚམས་སུ་ཀུ་རེའི་གཏམ་མང་པོ་བཤད་པས། ཆོས་ཞུའི་ལམ་ཐག་རིང་ནའང་ང་ཚོར་ཉོབ་སྣང་མ་སྐྱེས།

མེ་འཁོར་ནང་དུ། ཚེ་ལོ་རྒྱལ་གྱིས་ང་ལ་ཨིན་བོད་ཤན་སྦྱར་གྱི་ཚིག་མཛོད་ཅིག་འབྲི་འདོད་ཡོད་པའི་སྐོར་གླེང་བ་འདི་ལྟར། ཁོང་གིས་ང་ཚོས་ཨིན་ཡིག་སྦྱོང་སྐབས་གཞིས་བཞུགས་མཁྱེན་ཡངས་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བསྒྲིགས་པའི“དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད”ཞེས་པ་བེད་སྤྱོད་གཏོང་གི་ཡོད་ནའང་། ཚིག་མཛོད་དེ་ནི་ཧ་ཅང་རྒྱས་པ་ཞིག་མིན་སྟབས། ཨིན་ཇིའི་སྐད་དུ་ཡོངས་གྲགས་སུ་ཡོད་པའི་ཐ་སྙད་དང་མིང་བརྡ་མང་པོ་ཞིག་ཚིག་མཛོད་དེའི་ནང་དུ་མེད་པས། ང་ཚོར་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་དང་། དཀའ་ངལ་འདི་སེལ་དགོས་ན་ཚིག་མཛོད་རྒྱས་པ་ཞིག་དགོས་མཁོ་འདུག་ཅེས་དང་། ཁོང་གིས་ད་ལྟ་ཡོད་པའི་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་དང་། དེ་མིན་གྱི་ཚིག་མཛོད་ཆུང་བ་ཁག ཨིན་ཡིག་ཏུ་རྒྱུགས་ཆེ་བའི་ཚིག་མཛོད་རྒྱས་པ་དེ་ཚོར་ཟུར་ལྟ་བྱས་ཏེ་ཨིན་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ་ཞེས་པ་ཞིག་བསྒྲིག་རྒྱུ་ཡིན་པ་དང་། བོད་ཡིག་གི་ཚིག་འགྲེལ་དེ་ཚོ་ཧ་ཅང་རྒྱས་པ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གླེང་སོང་། གླེང་མོལ་དེ་དག་གི་ཞོར་དུ་ངས་འབྲི་འདོད་ཡོད་པའི་སྒྲུང་ཐུང་དེ་དག་ཀྱང་ཁོང་གིས་ཨིན་ཡིག་ཏུ་བསྒྱུར་བར་ཁས་ལེན་བྱས།

ལོ་མཇུག་བསྒྲིལ་རྗེས། ཚེ་ལོ་རྒྱལ་གྱིས་ཨིན་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ་ཞེས་པ་དེ་སྒྲིག་འགོ་ཚུགས། ཁོང་གིས་བསྒྲིག་བཞིན་པའི་ཚིག་མཛོད་དེའི་གཞུང་ཤིང་ལྟ་བུ་ནི་ཨིན་ཇིའི་ཨོ་ཁི་སི་ཧྥོལ་ཊི་ཞེས་པའི་གཙུག་ལག་སློབ་ཆེན་གྱིས་བཏོན་པའི་ཚིག་མཛོད་ཆེན་མོ་ཞིག་ཡིན། འོན་ཀྱང་། ཁོང་གི་མདུན་ཅོག་སྟེང་དུ་ཚིག་མཛོད་སྣ་ཚོགས་ཀྱི་དེབ་མང་། ཁོང་གིས་ཚིག་མཛོད་ཆེ་འབྲིང་ཆུང་གསུམ་དེ་དག་གི་ནང་ནས་ཐ་སྙད་དང་མིང་བརྡ་སོགས་འཐུ་གསོག་གིས་འབྲི་དེབ་མཐུག་པོ་ཞིག་གི་སྟེང་དུ་ནག་འགྲོས་ཀྱིས་བཤུ་འབྲི་བྱེད། ཁོང་གིས་ཐ་སྙད་དང་མིང་བརྡ་དེ་དག་བཤུ་འབྲི་བྱེད་པ་དང་ཆབས་ཅིག་བློ་སྔོན་དུ་བཏང་བའི་ཚིག་མཛོད་ཀྱི་འཆར་གཞི་ལའང་འགྱུར་བ་ཐེབས་ཀྱི་ཡོད་པ་འདྲ། ཉིན་ཞིག་ཁོང་གིས་ང་ལ་འགྲིམ་འགྲུལ་ཡོ་བྱེད་ཀྱི་རིགས་དང་། འཕྲུལ་ཆས་ཀྱི་རིགས། དེང་རབས་ཉེར་སྤྱད་གསར་པའི་རིགས་དེ་དག་ཚིག་མཛོད་སྤྱི་ཡོངས་ལྟར་བསྒྲིག་དགོས་བསམས་མོད། ད་ཡིན་ན་ངས་ཚིག་མཛོད་འདིའི་མཇུག་ཏུ་ཚན་པ་བྱས་ནས་འགོད་ཀྱི་ཡིན་ཞེས་གླེང་།

སྐབས་དེར་ནོར་གླིང་ཡིག་ཚང་གིས་དཔེ་མཛོད་ཁང་ལྟ་རྟོག་བྱེད་མཁན་གྱི་མི་གཞན་པ་ཞིག་ལའང་ལས་ཀ་སྤྲད། དེ་ནས་ཚེ་ལོ་རྒྱལ་དང་ཁོང་གཉིས་ཀྱིས་རེས་མོས་ཀྱིས་དཔེ་མཛོད་ཁང་དུ་ལས་ཀ་བྱས། ཡིན་ནའང་། ཁོང་ག་དུས་ཡིན་ཡང་དཔེ་མཛོད་ཁང་དུ་ཡོད། ཉིན་ཞིག་གི་ཕྱི་དྲོ་ཞིག་ལ། ཁོང་གིས་ང་དང་ངའི་སློབ་གྲོགས་ཤིག་ལ་ཚིག་མཛོད་རྩོམ་པའི་ལས་ཀ་འདི་ལོ་རེ་ཟུང་གི་ལས་ཀ་མིན་པར་ལོ་ནས་ལོར་བསྟུད་དགོས་པ་ཞིག་ཡིན་སྟབས། ལས་ཀ་འདིའི་ཞོར་དུ་ནུབ་ཕྱོགས་པ་ཚོས་བོད་ཀྱི་སྐོར་ལ་བྲིས་པའི་དེབ་རྒྱ་སེ་མེ་ཏོག་དང་། གནམ་སའི་འབྲེལ་མཚམས་ཡལ་བར་གྱུར་པ་སོགས་བོད་ཡིག་ཏུ་བསྒྱུར་འདོད་ཡོད་པའི་སྐོར་བརྗོད་ཅིང་། གྷོལ་སྒྲི་སི་ཐེན་གྱིས་བྲིས་པའི་བོད་ཀྱི་དེང་རབས་ལོ་རྒྱུས། བླ་མའི་རྒྱལ་ཁབ་ཉམས་རྒུད་དུ་གྱུར་པ་ཞེས་པའི་དེབ་དེ་ཅིས་ཀྱང་བོད་ཡིག་ཏུ་བསྒྱུར་ཐུབ་པ་བྱ་རྒྱུ་ཡིན་ཟེར། ཁོང་གིས་དེབ་འདི་ནི་བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ཤིག་ཡིན་པ་དང་། ལྷག་པར་དུ་སྐུ་དྲག་དང་བླ་སྤྲུལ་སྐོར་ཞིག་གི་ལོ་རྒྱུས་རེད་ཟེར་ལ། འདིའི་ནང་དུ་སྔོན་ཆད་ང་ཚོས་མ་གོ་བའི་ལོ་རྒྱུས་གསར་པ་སྟེ་རྒྱལ་པོ་རྭ་སྒྲེང་གི་སྒོང་རྡོག་གཉིས་ཀ་བཙུར་བའི་ལོ་རྒྱུས་དང་། དེ་མོ་རིན་པོ་ཆེ་ཆུས་བཀང་བའི་ཟངས་ཀྱི་བུམ་པ་ཞིག་གི་ནང་དུ་བསད་པ། དགེ་འདུན་ཆོས་འཕེལ་ལགས་ཀྱིས་འགྱིག་གི་བུ་མོ་རྫུན་མ་ཉར་བའི་ལོ་རྒྱུས་སོགས་འཁོད་འདུག་ཅེས་བརྗོད། ཉིན་དེར་ཁོང་གིས་ང་ལ་ནན་ཏན་གྱིས་བཤད་དོན། དེབ་འདིའི་ནང་དུ་བདེན་རྫུན་གྱི་ཆ་མང་པོ་ཡོད་ནའང་། རྩོམ་པ་པོས་དེབ་ཀྱི་ཁོག་འབུབས་སྟབས་དང་། དཔྱད་པ་གཏོང་སྟབས། བཅའ་འདྲི་བྱས་ནས་དེབ་ཀྱི་ཟུར་བརྒྱན་སྟངས་སོགས་ལ་བོད་རིགས་དཔྱད་རྩོམ་འབྲི་མཁན་ཚོས་སློབ་སྦྱོང་གནང་དགོས་པའི་བསམ་ཚུལ་བཏོན།

སྟོན་ཀ་གསེར་གྱི་དུས་ཚིགས་ཤར་བའི་ཉིན་ཞིག འདས་པོ་ཀླུ་ཚང་བློ་བཟང་ཡེ་ཤེས་ལགས་དང་། ཚེ་ལོ་རྒྱལ། ང་ཚོ་སྐོར་ཞིག་ནོར་གླིང་གི་ཕྱི་རོལ་གྱི་སྤང་ཐང་གཡེར་མོ་ཞིག་ཏུ་འཛོམས་ནས་གོང་གི་བརྗོད་གཞི་འདིའི་སྐོར་ལ་ཁ་བརྡ་བྱས། ཁ་བརྡ་འདི་ཐོག་མར་ནོར་གླིང་ཉམས་ཞིབ་པ་དག་ལས་འཕྲོས། ཚེ་ལོ་རྒྱལ་གྱིས་ནོར་གླིང་ཉམས་ཞིབ་པ་རྣམས་ཀྱིས་ཨིན་ཡིག་ལ་དོ་སྣང་མི་གནང་བ་དང་། བོད་ཡིག་གི་སྟེང་ནས་རིག་པ་འཚོལ་བ་མ་གཏོགས་ཨིན་ཇིའི་རིག་གནས་ལྟ་བུའི་སྟེང་ནས་རིག་པ་འཚོལ་བ་ལ་དོ་སྣང་མི་འདུག་ཅེས་བཤད་སོང་ལ། འདི་ནི་བོད་ཀྱི་ཤེས་ཡོན་པ་ཕལ་མོ་ཆེའི་ན་ཚ་ཞིག་རེད་ཟེར། ནུབ་ཕྱོགས་ཀྱི་རིག་གནས་ལ་སློབ་སྦྱོང་གནང་ཐུབ་ན་ཐ་ན་རང་གི་རྩོམ་ཡིག་ལའང་རྣམ་ཤེས་གསར་པ་ཞིག་སྐྲུན་ཐུབ་མིན་ལ་དོགས་པ་རྣམ་རྟོག་མེད་ཚུལ་དང་། ང་ཚོར་དཔྱད་རྩོམ་འབྲི་ཐབས་ཀྱི་རིག་པ་གསར་པ་མེད་སྟབས། དཔྱད་རྩོམ་རྐྱང་པའི་དུས་དེབ་དཔེར་ན་ནོར་མཛོད་དང་། ཟ་མ་ཏོག་གི་སྟེང་དུ་དཔྱད་རྩོམ་ལེགས་པོ་ཉུང་བ་ཡོད་ཚུལ་གླེང་། སྐབས་དེར་ཀླུ་ཚང་བས་ལག་གཡས་འཕྱར་ནས་ཚེ་ལོ་རྒྱལ་ལ་ནུབ་ཕྱོགས་པའི་དཔྱད་རྩོམ་འབྲི་སྟངས་ག་འདྲ་ཞིག་རེད་ཅེས་དྲིས་པའི་ལན་དུ། ཚེ་ལོ་རྒྱལ་གྱིས་ངྷ་ས་དཔེ་མཛོད་ཁང་གིས་དཔེ་སྐྲུན་བྱས་པའི་མཁས་དབང་མཁར་རྨེའུ་བསམ་གཏན་གྱི་དར་མ་འུ་དམ་བཙན་གྱི་དེབ་དེ་དཔེ་བཞག་སྟེ་གསལ་བཤད་བྱས་པ་དང་། དེའི་རྗེས་ཁོང་གིས་བོད་ཀྱི་དེང་རབས་ལོ་རྒྱུས། བླ་མའི་རྒྱལ་ཁབ་ཉམས་རྒུད་དུ་གྱུར་པ་ཞེས་པའི་དེབ་དེ་དང་། གཞན་པ་ཁག་ཅིག་བོད་ཡིག་ཏུ་བསྒྱུར་འདོད་པའི་དམིགས་ཡུལ་ནི་ཕྱི་སྐད་མི་ཤེས་པའི་བོད་ཀྱི་ཤེས་ཡོན་པ་ཚོར་དམིགས་ཀྱི་ཡོད་ཚུལ་གླེང་། མཐར་ཚེ་ལོ་རྒྱལ་གྱི་ལྟ་བ་སྟེ་ཤེས་ཡོན་པ་ཞིག་ཡིན་ཚེ་མ་མཐའ་ཡང་སྐད་ཡིག་གཉིས་པ་ཞིག་མཁྱེན་དགོས་པ་དེར། ང་ཚོས་ཁས་ལེན་བྱེད་དགོས་གྱུར།

དུས་སྐབས་དེར། ངས་བཙན་བྱོལ་བོད་མིའི་གནས་སྟངས་མཚོན་པའི་སྒྲུང་ཐུང་བརྒྱ་དང་བརྒྱད། བཙན་བྱོལ་བོད་མིའི་ལས་དབང་ཞེས་པའི་དེབ་དེ་འགྲུབ་པར་སྒྲུང་ཐུང་རེ་འབྲི་ཁུལ་བྱེད་ཀྱིན་ཡོད། སྒྲུང་ཐུང་དང་པོ་ལྷ་སའི་ཉི་མ་དམར་པོ་ཞེས་པ་དང་། གཉིས་པ་བཙན་བྱོལ་པའི་ལམ། གསུམ་པ་མི་ཡུལ་གྱི་གནམ་འོག་སོགས་བཅུ་གྲངས་ཤིག་བྲིས་རྗེས། ཚེ་ལོ་རྒྱལ་གྱིས་ལས་ཞོར་དུ་ཁོ་བོའི་སྒྲུང་ཐུང་དང་པོ་དང་། གཉིས་པ། གསུམ་པ་སོགས་བོད་ཡིག་ཏུ་བསྒྱུར་ཅིང་། ཁོང་གིས་བསྒྱུར་བའི་སྒྲུང་ཐུང་ལྷ་སའི་ཉི་མ་དམར་པོ་ཞེས་པ་ད་ལྟའང་ངའི་ཤོག་སྙིགས་ཁྲོད་དུ་མ་འཇིག་པར་ཡོད། ཁོང་གིས་ངས་བྲིས་པའི་སྒྲུང་ཐུང་དག་ལ་བལྟས་རྗེས། བཙན་བྱོལ་པའི་ལམ་ཞེས་པའི་ནང་གི་ཡུལ་ལུང་དང་། ཆུ་བོ་སོགས་ཀྱི་མིང་དངོས་མིང་འབྲི་དགོས་པ། ང་དགུ་ལོར་བོད་མི་རྣམས་བསྡེབས་གཅིག་ཏུ་ལམ་བུ་གཅིག་བརྒྱུད་ནས་བྱེར་པ་མིན་སྟབས། ལམ་བུ་གཞན་དག་གང་དང་གང་བརྒྱུད་ནས་འོངས་པར་ཞིབ་འཇུག་བྱེད་དགོས་པ་དང་། ཡང་། མི་ཡུལ་གྱི་གནམ་འོག་ཅེས་པའི་ནང་དུ་བོད་པ་སྐོར་ཞིག་རྒྱ་གར་དུ་འབྱོར་རྗེས། བོད་པ་མང་པོ་ཞིག་ལྟོགས་སྐོམ་དང་། ཚ་གདུག་གི་རྐྱེན་པས་འདས་གྲོངས་སུ་གྱུར་པ་སོགས་རྟོག་པ་འཆར་ཡན་རིང་ལུགས་ལས་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ལམ་ནས་བྲིས་ན་ལེགས་པོ་ཡོད་རབས་ཀྱི་གཏམ་དང་ངར་བླུད་པས། སྐབས་དེའི་ངའི་རྩོམ་འབྲིའི་དུས་ཀྱི་སྣང་བ་ཧ་ཅང་ཞིམ།

ཚེ་ལོ་རྒྱལ་གྱིས་ང་ལ་སྐབས་རེར “ཁྱོད་ཀྱིས་ཚོར་བ་དང་ཚོར་བ་བསྡེབས་ནས་ཚོར་བའི་སྙན་ངག་མི་འབྲི་བར། བརྗོད་བྱ་ཆུང་ཆུང་རེ་བདམས་ནས་རྩོམ་ཡིག་རྣོན་པོ་དེ་འདྲ་འབྲི་ཐབས་ལ་འབད་པ་བྱོས།”ཞེས་འཆད་ཀྱིན་ཡོད། ཉིན་ཞིག ཁོང་གིས་ང་ལ་རྩོམ་བསྐུལ་ཞིག་བྱས་མྱོང་། སྐབས་དེར་སྙེམས་བློའི་དབང་གིས་མ་བྲིས་ཀྱང་། དེང་སང་འདང་བརྒྱབ་ན་ཅི་མ་བདེན་སྙམ་པ་ཞིག་དྲན། འདི་ལྟར་ཡིན། ཚེ་ལོ་རྒྱལ་གྱིས་ཁོ་བོའི་སྒྲུང་ཐུང་རེ་རེ་ཨིན་ཡིག་ཏུ་བསྒྱུར་གྱིན་ཡོད་སྟབས། ངེད་གཉིས་ལྷ་བཟང་ཚེ་རིང་ལགས་ཀྱི་དཔེ་ཁང་དུ་སོང་སྟེ་ངས་ཁོང་ལ་གནས་སྐབས་ཀྱི་བསྒྱུར་གླའི་དོད་དུ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བརྩམས་པའི་ཤེལ་ལོག་ཧོལ་ལི་སིའི་དཀྱིལ་འཁོར་ཞེས་པའི་དེབ་དེ་ཉོས་པ་ཡིན། དེ་ནས་ངེད་གཉིས་རྒྱལ་བ་རིན་པོ་ཆེའི་བཞུགས་སྒར་གྱི་ལྟག་རྒྱབ་ཀྱི་གདོང་ཁ་དེ་བརྒྱུད་ནས་མར་བབས། ལམ་བར་དུ་ཁོང་གིས་ང་ལ་དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་དུ་བོད་དུ་ཡེ་ཤུའི་ཆོས་སྤེལ་དུ་ཡོང་མྱོང་མཁན་ཁ་ཤས་ཀྱི་ལོ་རྒྱུས་ཐར་ཐོར་རེ་བཤད་ཀྱིན་བཤད་ཀྱིན་མཚམས་ཤིག་ལ་ཐོན་སྐབས། ཁོང་གིས་མིག་བརྡ་ཞིག་བྱས་ཏེ“སྙན་བཟང་། ཕ་གིར་ལྟོས་དང་།”ཟེར། ལུང་ཤུར་ཞིག་གི་ནང་དུ། རྒྱ་གར་པ་ཞིག་གིས་ལག་གཡོན་པའི་ནང་དུ་ཤེལ་དུམ་ཞིག་བཟུང་སྟེ་སྒབ་རྩ་དང་འཕར་རྩ་ཀུན་ཇེ་ལྷོད་དུ་བཏང་ནས་གཉེ་མའི་ནང་གི་སྙིགས་རོ་སེར་སྣ་མེད་པར་ས་ལ་འདེད་བཞིན་འདུག ཚེ་ལོ་རྒྱལ་གྱིས“ཁྱོད་ཀྱིས་དགེ་ཆོས་ཀྱི་གསེར་ཐང་དུ་རིག་གནས་འདིའི་སྐོར་ཡོད་པ་མཐོང་བྱུང་ངམ་”ཞེས་དྲིས་བྱུང་། ངས་“དྲན་གྱི་མི་འདུག”ཅེས་ལན་བཏབ། ཁོང་གིས་“ཁྱོད་ཀྱིས་འདིའི་སྐོར་ལ་ཞིབ་འཇུག་ཅིག་བྱས་ནས་རྩོམ་ཞིག་འབྲི་རོགས། ང་ཚོ་རྒྱ་གར་གྱི་ས་ཐོག་ཏུ་བསྡད་ནས་རྒྱ་གར་གྱི་རིག་གནས་སྣང་མེད་དུ་འཇོག་གི་འདུག”ཟེར།

ཚེ་ལོ་རྒྱལ་བཙོན་ཁང་དུ་མ་སོང་བའི་བདུན་ཕྲག་གཅིག་ཙམ་གྱི་གོང་ལ། ཁོང་གིས་ང་ལ་ཁོང་གི་མིག་ནད་དེར་སྨན་ཆུ་གསར་པ་ཞིག་བླངས་ཡོད་པ་དེ་བཏིག་ནས་དགའ་རབ་ཅིག་ཕན་སོང་ཟེར་ནས་དགའ་བཞིན་བསྡད་འདུག ངས་ཉན་ལོབས་སུ་གྱུར་པའི་ཁོང་གི་ཧབ་དགོད་རིང་པོ་དེ་ཡང་ཐེངས་མང་ཐོས་རྒྱུ་ཡོད། ཡིན་ནའང་། ལས་འབྲས་དང་རྟེན་འབྲེལ་གྱི་རྣམ་གཞག་བསྒུལ་དུ་མེད་པའི་སྟོབས་དེས་ཡིན་ནམ་གང་ལྟར། གློ་བུར་དུ་ཁོང་གིས་སྒྲུབ་བཞིན་པ་དང་བསྒྲུབ་འདོད་པའི་ལས་ཀ་དེ་དག་གློག་ལྟར་ཆད་པ་ལྟ་བུར་གྱུར།

 

དྲུག

 

སྤྱི་ལོ་༢༠༠༠ལོའི་དབྱར་མཇུག་གི་རེས་གཟའ་ཟླ་བའི་ཞོགས་པ་ཞིག་ལ། ང་ཚོ་སློབ་མ་ཚོས་འཆར་ཅན་གྱི་ཞལ་འདོན་སྐྱོར་གྲུབ་ནས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཐོན། སྔ་དགོང་དེར་ཆར་བ་ཆེན་པོ་བབས་པས་ནོར་གླིང་གི་ཐང་དུ་བཏིངས་པའི་རྡོ་གཅལ་ཐམས་ཅད་རླན་ཤུར་ཤུར་བྱེད། ང་ཚོ་སློབ་མ་ཁ་ཤས་ཀྱིས་ལངས་བཤད་ཅིག་བྱས་ནས་ཅང་མ་འགོར་པར། སློབ་གྲོགས་ཤིག་འཚབ་འཚུབ་ཀྱིས་རྒྱུགས་ཡོང་ནས‘‘གནས་ཆུང་དང་དཔལ་ལྡན་ལྷ་མོ་གཉིས་བརྐུས་ཚར་འདུག’’ཟེར། ཐོག་མར་ང་ཚོས་སྐད་ཆ་འདིའི་དོན་མ་རྟོགས། སྐབས་དེར་དཀོར་གཉེར་བླ་རྒན་ཞིག་ཡོད་པའང་དབུགས་འཚང་བཞིན་ང་ཚོའི་མདུན་དུ་ཡོང་ནས‘‘ཡིད་བཞིན་ནོར་བུ། སྲུང་མ་དམར་ནག་གཉིས་བཞུགས་མི་འདུག་’’ཟེར། དེ་མ་ཐག ང་ཚོ་དཔེ་མཛོད་ཁང་དུ་བརྒྱུགས། ཉི་མ་ཤར་ཡོད་ཀྱང་དཔེ་མཛོད་ཁང་གི་སྦུག་ཏུ་ཡོད་པའི་མགོན་ཁང་གི་ནང་དུ་ད་དུང་ཡང་མུན་པ་སྲབ་བུ་ཞིག་གིས་གཡོགས་ཤིང་། སྤོས་དྲི་ཞིམ་པོ་ཞིག་ཐུ་ལུ་ལུ་འཁྱིལ། བདེན་པ་རེད། སྲུང་མ་དམར་ནག་གཉིས་བརྐུས་ཚར་འདུག ‘‘ཨ་ཡ་མཚན། སྲུང་མ་དམར་ནག་གཉིས་རྐུ་མཁན་གྱི་རྫུ་འཕྲུལ་གྱི་བྱེད་པོ་དེ་སུ་ཡིན་ནམ།’’ ངའི་སློབ་གྲོགས་ཤིག་གིས་འདི་ལྟར་བཤད། སློབ་གྲོགས་གཞན་པ་ཞིག་གིས་ཀྱང་དེ་ལྟར་བརྗོད། “ཨ་ཡ་མཚན། སྲུང་མ་དམར་ནག་གཉིས་ཀྱིས་རང་གི་སྐུ་ལའང་བདག་པོ་གནང་མི་ཐུབ་པ་འདི་ཅི་ཡིན་ནམ།” ངའི་ཁ་ནང་ནས་ཚིག་འདི་ཤོར་གྲབས་བྱས།

ནོར་གླིང་ཡིག་ཚང་གིས་ངྷ་ཤོད་ཀྱི་ས་གནས་ཉེན་རྟོག་ལས་ཁུངས་ལ་གཏུགས་པ་འདྲ། ཉིན་དེའི་ཕྱི་དྲོར། རྒྱ་གར་ཉེན་རྟོག་པ་འགས་ང་ཚོ་སློབ་མ་རྣམས་ནོར་གླིང་གསོལ་མགྲོན་ཁང་དུ་སྐད་བཏང་ནས་ཤོག་བུ་དཀར་པོ་ཞིག་གི་སྟེང་དུ་མཛུབ་རྗེས་སྤར་དུ་བཅུག ཉེན་རྟོག་པ་གྲོད་ལུག་ཞིག་གིས་དབྱུག་དུམ་ཞིག་འཕྱར་ཏེ་‘‘སྔ་ས་ནས་རང་སྐྱོན་ངོས་ལེན་བྱས་པ་ཡིན་ན་ཁྲིམས་ཁང་དུ་མི་འཁྲིད་’’ཅེས་རྫུག་གཏམ་བཤད་པས། ང་ཚོས་ཕན་ཚུན་གྱི་གདོང་ལ་ལྟ་རེས་བྱས། ཡིན་ནའང་ང་ཚོ་ནང་ཁུལ་དུ་དོགས་པ་མ་སྐྱེས། ངོ་མ་བཤད་ན་དོགས་པ་སྐྱེ་སའི་མི་མེད། དེ་ནས་ང་ཚོ་སྐོར་ཞིག་དཔེ་མཛོད་ཁང་དུ་ཡོང་། ང་ཚོས་ཚེ་ལོ་རྒྱལ་དང་མཉམ་དུ་ཁ་བརྡ་བྱས། ཁོང་གིས‘‘ཁ་སང་ང་ཉིན་གང་པོར་དཔེ་མཛོད་ཁང་དུ་བསྡད་པ་ཡིན། མཇལ་བ་འགའ་རེ་བསླེབས་སོང་། ཡིན་ནའང་ངས་སྲུང་མ་དམར་ནག་གཉིས་ལ་དོ་སྣང་ཡང་མ་སྤྲད།’’ཅེས་བཤད་སོང་། ཕྱིས་སུ་ཤེས་གསལ་ལ་དཀོར་གཉེར་གྱིས་ཀྱང་དགོང་མོ་དེར་ཁོང་གི་ཤག་ཆུང་གི་ཀླད་དུ་ཡོད་པའི་སྒོ་ཆུང་དེར་ལྕགས་ཟ་བརྒྱབ་མིན་དྲན་སོས་ཀྱི་མེད་པ་ཐོས། སྒོ་ཆུང་དེ་ནི་ལྟག་སྒོ་ལྟ་བུ་ཞིག་ཡིན། འདི་མ་བརྒྱུད་པར་གཙུག་ལག་ཁང་གི་ཀླད་དུ་ཡོད་པའི་རྒྱལ་བ་རིན་པོ་ཆེའི་གཟིམ་ཆུང་དང་། དཔེ་མཛོད་ཁང་། དེ་བཞིན་དུ་མགོན་ཁང་སོགས་སུ་འགྲོ་མི་ནུས།

ཉིན་ཤས་ཀྱི་རྗེས་སུ། ཚེ་ལོ་རྒྱལ་དཔེ་མཛོད་ཁང་ནས་གར་སོང་ཆ་མེད་དུ་གྱུར། ང་ཚོས་ཁོང་མ་མཐོང་བར་བདུན་ཕྲག་གཅིག་ཙམ་འགོར་རྗེས། ཁོང་གི་ལས་རོགས་ཨ་མདོ་རྡོ་སྦིས་ཕྱོགས་ནས་ཡིན་པའི་བློ་གྲོས་ལགས་ཀྱིས་ང་ཚོར་ཚེ་ལོ་རྒྱལ་གྱིས་སྲུང་མ་དམར་ནག་གཉིས་བརྐུས་པར་བསྙད་དེ་ཀ་ཅ་རལ་གྱི་བཙོན་ཁང་དུ་ཡོད་ཚུལ་བཤད། གཏམ་འདི་ང་ཚོ་སློབ་མ་རྣམས་གཙོས་པའི་ཉམས་ཞིབ་པ་རྣམ་པ་དང་། ཁོང་གི་ངོ་ཤེས་ཚོའི་བློ་ཡིད་དུ་མ་ཤོང་བ་ལྟ་བུ་བྱུང་། རྗེས་སུ་གོ་ཐོས་ལྟར་ན། རྒྱ་གར་ཉེན་རྟོག་པ་འགའ་ཡོང་ནས་ཚེ་ལོ་རྒྱལ་འཛིན་བཟུང་བྱས་སྐབས། ཁོང་དང་མཉམ་དུ་དཀོར་གཉེར་བླ་རྒན་དེ་དང་། ནོར་གླིང་གི་ཁོར་ཡུག་གཙང་སྤྲ་བྱེད་མཁན་གྱི་རྒྱ་གར་གྱི་རྒད་པོ་ཞིག་ཀྱང་ཡོད་ནའང་། ཉིན་དེའི་དགོང་དྲོར། ནོར་གླིང་ཡིག་ཚང་གིས་དཀོར་གཉེར་པ་དང་རྒྱ་གར་པ་གཉིས་རྐུན་མ་མིན་པའི་ཁག་ཐེག་བྱས་པ་ལ་བརྟེན་ནས་གློད་གྲོལ་བཏང་འདུག གནས་ཚུལ་འདི་རེ་ཞིག་ནོར་གླིང་གི་གསར་འགྱུར་ཚ་བོ་དང་གནས་ཚུལ་རློན་པ་ཞིག་ཏུ་གྱུར། རིམ་གྱིས་གནས་ཚུལ་འདི་བོད་ཀྱི་དུས་བབ་གསར་ཤོག་གི་སྟེང་དུའང་ཐོན། སྐབས་དེར་ནོར་གླིང་གི་ལས་བྱེད་རེ་ཟུང་གིས“ཚེ་ལོ་རྒྱལ་ཟེར་བ་སུ་རེད།”ཅེས་འདྲི་མཁན་ཀྱང་ཡོད། ང་ཚོས་ཁོང་ཚོར་འགྲེལ་བཤད་བྱས་པ་ན། ཁོང་ཚོས“ཨ་ཁ། རྟག་པར་མཆན་འོག་ཏུ་དེབ་ཅིག་བཙུར་ནས་འགྲོ་མཁན་དེ།”ཟེར། ཁོང་ཚོས་གཞི་ནས་ཚེ་ལོ་རྒྱལ་ངོ་ཟིན་གྱི་ཡོད།

ངོ་མ་བཤད་ན། ཚེ་ལོ་རྒྱལ་གྱིས་སྲུང་མ་དམར་ནག་གཉིས་བརྐུས་པའི་བདེན་དཔང་སུ་གཅིག་ལའང་སྟོན་རྒྱུ་མེད། འོན་ཀྱང་ཁོང་འཛིན་བཟུང་བྱས་དོན་ལ་གཏན་ཚིགས་མེད་པའི་བཤད་ཡམས་ཁ་ཤས་ཤིག་བྱུང་། དང་པོ་ནི་འདི་འདྲ་རེད། བསྟན་འཛིན་མགོན་པོ་ལགས་ཀྱིས་བོད་ཀྱི་དུས་བབ་འདོན་ཐེངས་ཤིག་གི་སྟེང་དུ་བཙན་བྱོལ་བོད་གཞུང་གི་སྐུ་དྲག་མི་དྲག་ཁ་ཤས་ཀྱི་མཚན་གསལ་པོར་བཏོན་ནས་དགག་རྩོམ་ཞིག་བྲིས་ཡོད་པ་དེས། དགག་རྩོམ་དེའི་ནང་དུ་མཚན་སྨྲས་པའི་མི་རེ་ཟུང་ལ་ཕོག་ཐུག་ཤོར་བ་འདྲ། དེ་ནས་མི་དེ་དག་གིས་ངན་པ་ལག་སྦྲེལ་བྱས་ཏེ་ གསང་བའི་ངང་ནས་མི་མངགས་ཏེ་ནོར་གླིང་གི་སྲུང་མ་དམར་ནག་གཉིས་བརྐུས་བཅུག་པར་མ་ཟད། རྒྱ་གར་གྱི་གསང་བའི་ལས་ཁུངས་ལའང་འབྲེལ་བ་བྱས་ནས་ཚེ་ལོ་རྒྱལ་ནི་རྐུན་མ་ཡིན་ཚུལ་བཤད་པ་རེད་ཅེས་དང་། གཉིས་པ་ནི་གོང་དང་འདྲ་སེ་བ་ཞིག་ཡོད། བསྟན་འཛིན་མགོན་པོ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་པ་ཚོའི་ནང་དུ་དོལ་རྒྱལ་བསྟེན་མཁན་རེ་ཟུང་ཡོད་པ་དེ་དག་གི་མིང་ཐོ་བྲིས་ནས་རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུས་པར་བརྟེན། མི་དེ་དག་སྙན་གསེང་དེ་ལ་མ་དགའ་བར་གྱུར་ནས་བསྟན་འཛིན་མགོན་པོ་ལགས་ལ་དཀའ་ངལ་བཟོ་ཆེད་སྲུང་མ་དམར་ནག་གཉིས་བརྐུས་པ་དང་། དེ་ནས་རྒྱ་གར་གྱི་གསང་བའི་ལས་ཁུངས་ཤིག་ལ་ལྐོག་རྔན་སྤྲད་ནས་ཚེ་ལོ་རྒྱལ་འཛིན་བཟུང་བྱས་བཅུག་པ་རེད་ཅེས་དང་། བཤད་ཡམས་གསུམ་པ་ནི་ང་ཚོས་སྲུང་མ་དམར་ནག་གཉིས་བརྐུས་པ་ཤེས་པའི་གོང་སྟེ་རེས་གཟའ་ཉི་མའི་ཉིན། ནོར་གླིང་གི་རྟེན་བཞེངས་པ་སྤེན་པ་རྡོ་རྗེ་ལགས་ཀྱིས་མཇལ་པ་སྐོར་ཞིག་ཁྲིད་ནས་མགོན་ཁང་དུ་བསྐྱོད་སྐབས་སྲུང་མ་དམར་ནག་གཉིས་བཞུགས་སུ་གསོལ་བ་མཇལ་ཡོད་ནའང་། ཚེ་ལོ་རྒྱལ་མཐོང་མི་འདུག དེར་བརྟེན་ནོར་གླིང་ཡིག་ཚང་གིས་སྤེན་པ་རྡོ་རྗེས་ཉིན་དེར་ཚེ་ལོ་རྒྱལ་མ་མཐོང་བས་ཁོང་གི་སྟེང་ལ་དོགས་པ་ཟོས་ཏེ་འཛིན་བཟུང་བྱས་བཅུག་པ་རེད་ཅེས་ཐོས། གོང་གི་བཤད་ཡམས་འདི་དག་ང་ཚོས་ཐོས་པ་རང་མ་གཏོགས། འདི་དག་གི་སྨྲ་བ་པོ་སུ་ཡིན་མི་ཤེས། སྐབས་དེར་ནོར་གླིང་ཡིག་ཚང་གིས་ཀྱང་ང་ཚོར་གསལ་བཤད་གནང་མེད་ལ། ཕྱིས་སུའང་གསལ་བཤད་གནང་བའི་སྐད་ཆ་མི་འདུག ལོ་གཉིས་ཀྱི་གོང་དུ། ངས་བཤད་ཡམས་འདི་དག་གི་སྐོར་ལ་བསྟན་འཛིན་མགོན་པོ་ལགས་ལ་སྐད་ཆ་དྲིས་སྐབས། ཁོང་གིས་སྐད་ཤུགས་ཆུང་ངུས“གནས་ཚུལ་འདི་གསལ་པོར་ཆགས་ངེས་རེད། གནས་ཚུལ་འདི་གསལ་པོར་ཆགས་ངེས་རེད།”ཅེས་བསྐྱར་ཟློས་ཤིག་བྱས་པ་ལས་ལན་གསལ་པོར་མ་གནང་སྟབས། ངས་ཀྱང་ཨུ་ཚུགས་ཀྱིས་འདྲི་དོགས་མ་ཆོད།

ཚེ་ལོ་རྒྱལ་བཙོན་ཁང་དུ་ཡོད། བསྟན་འཛིན་མགོན་པོ་ལགས་ལ་རྒྱ་གར་ཉེན་རྟོག་པ་ཚོར་སུག་རྫོང་བྱེད་ཀྱི་དངུལ་ཞོ་མེད་སྟབས། ཁོང་གིས་ཚེ་ལོ་རྒྱལ་སྐྱོབ་ཐུབ་པའི་རེ་བ་ང་ཚོར་མེད་ལ། ཁོང་གིས་སྐབས་དེར་ག་རེ་གནང་གི་ཡོད་མེད་ཀྱང་ང་ཚོས་གོ་ཐོས་མ་བྱུང་། འོན་ཀྱང་ང་ཚོའི་ནང་དུ་ནོར་གླིང་ལྟ་བུར་མཚོན་ན་དཔལ་འབྱོར་ཡག་པོ་ཡོད་པ་དང་། ས་གནས་ཉེན་རྟོག་ལས་ཁུངས་ལའང་འབྲེལ་ལམ་ཡག་པོ་ཡོད་པས། གལ་སྲིད་ཚེ་ལོ་རྒྱལ་རྐུན་མ་ངོ་མ་དེ་ཡིན་པའི་དབང་དུ་བཏང་ནའང་། ནོར་གླིང་ཡིག་ཚང་གིས་དངུལ་ཞོ་སྤྲད་ནས་ཚེ་ལོ་རྒྱལ་གློད་གྲོལ་ཡོང་བར་ཐབས་ཤེས་ཏན་ཏན་གནང་གི་རེད་ཅེས་སྨྲ་མཁན་ཡོད་ནའང་། ཚེ་ལོ་རྒྱལ་ཉེན་རྟོག་ལས་ཁུངས་ལ་རྩིས་སྤྲོད་བྱེད་མཁན་ལྟེ་བ་དེ་ནོར་གླིང་ཡིག་ཚང་ཡིན་སྟབས། ད་ནི་ནོར་གླིང་ཡིག་ཚང་གིས་ཚེ་ལོ་རྒྱལ་ལ་རོགས་པ་གནང་ཐབས་ཡོད་པ་མ་རེད་ཅེས་དགག་པ་བྱེད་མཁན་ཀྱང་བྱུང་། དེ་ནས་ཚེ་ལོ་རྒྱལ་ནི་མདོ་སྨད་ཀྱི་མི་ཡིན་སྟབས། མདོ་སྨད་ས་གནས་རྒྱུན་ལས་ལྟ་བུས་ཀྱང་རོགས་རམ་གནང་སྲིད་པ་རེད་ཅེས་བཤད་མཁན་རེ་ཟུང་བྱུང་མོད། འོན་ཀྱང་ང་ཚོ་བསྡད་ཀྱིན་བསྡད་ཀྱིན་རེ་བ་ཡོད་ཚད་ཆུ་ལ་བྲིས་པའི་རི་མོ་བཞིན་དུ་གྱུར།

ངའི་སློབ་གྲོགས་ཁ་ཤས་ཚེ་ལོ་རྒྱལ་ལ་བལྟ་རུ་ཕྱིན། ངའི་ལག་དེབ་སྔོན་པོའི་སྟེང་ལ་ངྷ་རམ་ས་ལར་སྡོད་ཆོག་པར་ལག་དེབ་བཟོ་ཡུལ་གྱི་ཐམ་ག་མེད་སྟབས། ང་དུས་ཡུན་གང་འཚམ་ཞིག་ལ་འགྲོ་མ་ཐུབ། ཚེ་ལོ་རྒྱལ་གྱིས་མངགས་དོན་ལྟར་ཕྱིས་སུ་ངས་མཁས་དབང་ཟླ་བ་ནོར་བུ་ལགས་ཀྱིས་བརྩམས་པའི་སྐར་མ་དམར་པོའི་སྟེང་གི་བོད་ཅེས་པ་དང་། ཐེ་ལྦན་ནས་དཔེ་སྐྲུན་བྱས་པའི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གཉིས་ཁྱེར་ནས་སོང་བ་ཡིན། སྐབས་དེར་ཚེ་ལོ་རྒྱལ་བདེ་མོ་རེད། གདོང་ན་བཅོས་མ་མིན་པའི་འཛུམ་ཞིག་ཀྱང་འདུག ངེད་གཉིས་ཀྱིས་ཁ་བརྡ་གློད་སྐབས། ཁོང་གིས་ཀྱང་ཁོང་འཛིན་བཟུང་བྱས་དོན་ནི་བསྟན་འཛིན་མགོན་པོ་ལགས་ལ་གནོན་ཤུགས་སྤྲོད་ཆེད་ཡིན་པ་ཤེས་འདུག་ནའང་། འཆར་གཞི་དེ་ལྐོག་ནས་གཏོང་མཁན་དེ་ངའི་ཨ་ཞང་གི་དགག་རྩོམ་དུ་གསལ་པའི་སྐུ་དྲག་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ནམ། ཡང་ན་གཞུང་ཞབས་ནང་གི་དོལ་རྒྱལ་བསྟེན་མཁན་དེ་དག་ཡིན་ནམ་ཞེས་དང་། ནོར་གླིང་གི་ང་རང་རྐུན་མ་མིན་པ་གསལ་པོ་མཁྱེན་གྱི་ཡོད་ནའང་། སྒང་གི་མི་ཞིག་གིས་ནོར་གླིང་ལ་གནོན་ཤུགས་སྤྲད་པ་མིན་ནམ་ཞེས་ཁོང་གི་སེམས་ཀྱིས་འཁྲུན་ཐག་མ་ཆོད་པའི་དྲི་བ་འདི་དག་ང་ལ་ལབ་བྱུང་། དེ་ནས་ཁོང་གིས་རྒྱ་གར་གྱི་ཉེན་རྟོག་པ་ཚོ་ལའང་ང་རང་རྐུན་མ་ཡིན་པའི་བདེན་དཔང་སྟོན་རྒྱུ་མི་འདུག དྲང་མོར་བཤད་ན་ང་ནི་ཟངས་སྐུ་གཉིས་རྐུ་མཁན་གྱི་རྐུན་མ་མིན་ཞེས་བཤད་པར་འགྱུར། དེ་ནས་ཁོང་གིས་མིག་རྡེབ་ཅིག་བྱས་ཏེ་མུ་མཐུད་དུ་བཤད་རྒྱུར་“འོན་ཀྱང་ང་ལ་དངངས་སྐྲག་མི་འདུག ནོར་གླིང་གིས་ང་རང་གློད་གྲོལ་ཡོང་བར་ཐབས་ཤེས་གནང་གི་རེད། ཐབས་ཤེས་གནང་གི་རེད་”ཟེར། དེའི་རྗེས་ངེད་གཉིས་ཀྱིས་སྤྱིར་བཏང་གི་ཁ་བརྡ་ཞིག་བྱས་ནས་ཁ་གྱེས། འདི་ནི་ཐུག་འཕྲད་དང་པོ་ཡིན།

ཐུག་འཕྲད་གཉིས་པ་ནི་ང་སློབ་མཐར་ཕྱིན་ཏེ་ཡུ་རོབ་ཏུ་འགྲོ་འཆར་ཡོད་པའི་དུས་སྐབས་ཤིག་ཡིན་ལ། ཐུག་འཕྲད་དེ་ནི་སེམས་སྐྱོ་བ་ཞིག་ཀྱང་ཡིན། ཉེན་རྟོག་པ་གཉིས་ཀྱིས་ཚེ་ལོ་རྒྱལ་ཁྲིད་ནས་བསླེབས་བྱུང་། ཁོང་གིས་ང་མཐོང་བ་དང་ཨོལ་མདུད་འགུལ་ཙམ་འགུལ་ཙམ་བྱས་ཤིང་། མིག་ཀོང་ནས་གཤེར་གཟུགས་སུ་འགྱུར་ལ་ཁད་ཅིག་བྱས་པས། ངའི་སེམས་ཀྱང་གཉོམ་པར་གྱུར། ཚེ་ལོ་རྒྱལ་གྱི་རྣམ་རིག་འགྱུར་འདུག མིག་རྩའང་དམར་པོར་གྱུར་ཡོད་པས་ཁོང་ཉིན་ཞག་འགའ་ལ་གཉིད་མ་ཁུགས་པ་འདྲ། ངས་འཚམ་འདྲི་ཞིག་བྱེད་སྐབས། ཁོང་གིས་ང་ལ“ཉེན་རྟོག་པ་ཚོས་ང་ལ་གཅར་རྡུང་ཚད་མེད་བྱས་སྟབས། ད་ནི་ངའི་རྣ་བ་གཉིས་ཀྱིས་ཅི་ཡང་ཐོས་ཐུབ་ཀྱི་མི་འདུག ཁྱོད་ལ་སྐད་ཆ་ཡོད་ན་ཤོག་བུ་ཞིག་གི་སྟེང་དུ་འབྲི་རོགས། སྙན་བཟང་། ཁྱོད་འདིར་ཡོང་བར་ཐུགས་རྗེ་ཆེ།”ཞེས་བཤད་སྐབས། ཡུད་ཙམ་ཞིག་ལ་ངས་སྐད་ཆ་ག་རེ་བཤད་དགོས་པ་མ་ཤེས་པར་ལུས། ཡིན་ནའང་། ཚེ་ལོ་རྒྱལ་གྱིས་སྐད་ཆ་གསར་པ་ཞིག་བཤད་པ་འདི་ལྟར། རྒྱ་གར་གྱི་ཉེན་རྟོག་པས་ཁོང་ནི་ནོར་གླིང་གི་ཟངས་སྐུ་གཉིས་རྐུ་མཁན་ཡིན་པ་དང་། རྒྱ་ནག་གི་སོ་མྱུལ་བའང་ཡིན་སྟབས། མི་འགྱངས་པར་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་དང་། ནོར་གླིང་གིས་ཀྱང་ང་ལ་རོགས་པ་གནང་མ་སོང་ཞེས་པ་འདི་རེད། སྐབས་དེར་ངས་ཁོང་ལ་ད་ལྟ་གཤེགས་ཟིན་པའི་བོད་ཀྱི་བླ་མ་ཞིག་གི་སྐོར་བཤད་ཅིང་། གཅིག་བྱས་ན་ཁོང་གིས་དཔལ་འབྱོར་གྱི་ཐད་ནས་རོགས་རམ་གནང་གི་རེད་ཅེས་བཤད་པ་ཡིན། ཕྱིས་སུ་ངས་བླ་མ་དེར་ཚེ་ལོ་རྒྱལ་གྱི་སྐོར་ཞུས་སྐབས། ཁོང་གིས་ཀྱང་ཐབས་ཤེས་གནང་བར་ཁས་ལེན་མཛད་ནའང་། དོན་ངོ་མའི་ཐབས་ཤེས་མཛད་མིན་ངས་མི་ཤེས། གོང་གི་སྐད་ཆ་འདི་དག་བཤད་རྗེས་ཚེ་ལོ་རྒྱལ་དང་ངེད་གཉིས་ཁ་བྲལ་བ་ཡིན། ཁ་གྱེས་སྐབས་ཁོང་གི་གདོང་ན་སྡུག་མདོག་ཅིག་ཡོད་པ་མཐོང་བྱུང་། མིན། ངས་སྔོན་ཆད་མཐོང་བའི་སྡུག་མདོག་དེའི་སྟེང་ལ་སྡུག་མདོག་གཞན་པ་ཞིག་གིས་བསྒྲིབས་འདུག

དེའི་རྗེས་སུ་བྱུང་བའི་གནས་ཚུལ་རྣམས་ངས་མི་ཤེས། ང་ཡང་ཡུ་རོབ་ཏུ་འབྱོར། རེ་ཞིག་ཟང་ཟུང་ཆེ་བའི་སྤྱི་ཚོགས་གསར་པའི་ནང་དུ་ཐིམ།  སྤྱི་ལོ་༢༠༠༢ལོའི་སྟོན་མཇུག་ཞིག་ལ། ངས་ཚེ་ལོ་རྒྱལ་གྱིས་ང་ལ་སྦིར་སློབ་གྲྭ་ནས་སྤྲད་པའི་ཞྭ་སྒབ་པའི་ཀླད་པ་ཀློག་སྐབས་ཤིག་ལ། ང་གཉིད་ལས་སད་པ་ལྟ་བའི་ཚོར་སྣང་ཞིག་བྱུང་བས། ངའི་གྲོགས་པོ་ཚེ་ལོ་རྒྱལ་དྲན་བྱུང་། དེ་མ་ཐག ངས་དེང་སང་འཇར་མན་དུ་ཡོད་པའི་སློབ་གྲོགས་ཤིག་ལ་ཁ་པར་བཏང་ནས་ཚེ་ལོ་རྒྱལ་གྱི་སྐོར་དྲིས་སྐབས། ཁོང་གིས་སྐད་ཤུགས་ཆེན་པོས“ཚེ་ལོ་རྒྱལ་ཡོད་པ་མ་རེད།”ཟེར། བསྟན་འཛིན་མགོན་པོས་ཚེ་ལོ་རྒྱལ་གློད་གྲོལ་ཡོང་བར་ཐབས་ཤེས་ཅི་ལྟར་བཏང་ནའང་། གྲུབ་འབྲས་མ་བྱུང་བ་རེད། ངྷ་ཤོད་ཀྱི་ཉེན་རྟོག་ལས་ཁུངས་ཀྱིས་ཚེ་ལོ་རྒྱལ་སིམ་ལའི་ཉེན་རྟོག་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་དང་། ལས་ཁུངས་དེས་ཁོང་ཨ་སམ་ཕྱོགས་ནས་ཁྲིད་དེ་རྒྱ་ནག་གི་ཉེན་རྟོག་པར་སྤྲད་འདུག ཕྱིས་སུ་ཆབ་ཆ་གྲོང་རྡལ་གྱི་ཉེན་རྟོག་ལས་ཁུངས་ཀྱིས་ཚེ་ལོ་རྒྱལ་ནང་མིར་རྩིས་སྤྲོད་བྱས་སྐབས། ཁོང་ནི་ནུས་མེད་ཟུངས་ཟད་དུ་གྱུར་པའི་ནད་པ་ཞིག་ཏུ་གྱུར་ཡོད་སྟབས། ནང་མི་ཚོས་ཁོང་ཕྱི་ལུགས་ཀྱི་སྨན་པར་བསྟན་འདུག་ནའང་། ཁོང་གི་ནད་གཞི་ཧ་ཅང་ལྕི་སྟབས། ཡུན་རིང་མ་འགོར་པར་ཁོང་འདས་གྲོངས་སུ་གྱུར་འདུག་ཅེས་བརྗོད་སོང་། སྐབས་དེར་ངས་ཅི་ཞིག་འདྲི་འདོད་སྐྱེས་ནའང་ཁ་ནང་ནས་ཚིག་མ་ཐོན། དར་ཙམ་ཞིག་གི་རྗེས་ནས་ཁ་པར་གྱི་གློག་གི་རྦ་རླབས་ཀྱང་ཆད་སོང་།

(ཁ་སང་ཕྱི་དྲོར་ཕྲན་གྱིས་བལ་ཡུལ་དུ་སྡོད་པའི་གྲོགས་པོ་ཞིག་ལ་ཁ་བརྡ་བྱས། ཁོང་ནི་ཕྲན་བུ་སློབ་གྲྭ་ཆེན་མོར་ཡོད་སྐབས་ཤག་རོགས་ཡིན་ལ། ཚེ་ལོ་རྒྱལ་གྱི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་ཡིན། ངེད་གཉིས་ཀྱིས་ཁ་བརྡ་གང་འཚམ་ཞིག་བྱས་རྗེས་གྲོགས་པོ་ཚེ་ལོ་རྒྱལ་གྱི་སྐོར་གླེང་ཞིང་། ཁོང་གླེང་རྗེས་ཕྲན་གྱི་སེམས་སྐྱིད་པོ་མ་བྱུང་། ད་ནངས་ཞོགས་པར་ཡར་ལངས་སྐབས་ཀྱང་ཁ་སང་གི་ཚོར་བ་དེ་རང་འཇགས་སུ་བསྡད་འདུག ཇ་འཐུང་ཞོར་དུ་རྩོམ་ཡིག་འདི་སེམས་ལ་དྲན། རྩོམ་ཡིག་འདི་ནི་དྲ་བ་ཞིག་ཏུ་བཀོད་ཟིན་མོད། དེ་རིང་དྲ་བ་འདིར་བསྐྱར་འགོད་བྱེད་འདོད་སྐྱེས་ཏེ་བཀོད་པ་ཡིན། བཀའ་དྲིན་ཆེ།)