རྩོམ་རིག་དགེ་རྒན་ཨ་འཁོར་བཟོད་པ་ལགས་སུ།

ཤེས་རིག་གི་གཞུང་ཤིང་དང་མུན་སེལ་གྱི་སྒྲོན་མེ། སྒྱུ་རྩལ་གྱི་བྱེད་པོ། བྱམས་བརྩེ་ཡི་བདག་ཉིད་ལགས། ཁྱེད་ནི་མི་ཡུལ་གྱི་སློབ་ཕྲུག་སྟོང་ཕྲག་གི་དཔུང་གཉེན་དང་། སློབ་མ་བརྒྱ་ཕྲག་གི་སེམས་ཀྱི་མཐོ་ས་ན་ཉར་བའི་དགེ་བའི་བཤེས་གཉེན་ཡིན།

རྒན་ལགས། ཁྱེད་ཀྱི་སྨྲ་དག་པའི་ལྕེ་རྩེ་ལས་བྱུང་བའི་རིག་གནས་ཀྱི་ཐ་སྙད་གསར་པ་དང་། ལུས་ཀྱི་ཉམས་འགྱུར་ལས་མངོན་པའི་སྒྱུ་རྩལ་གྱི་བཟི་ཁ། ད་དུང་སེམས་ཀྱི་གཏིང་རིམ་ནས་ངོམ་པའི་ཆགས་སྡང་གི་གཤིས་ཉམས་དེ་དག སེམས་པའི་རྟོག་ལྗོངས་ན་ནམ་མཁའ་ཡི་འཇའ་ཚོན་བཞིན་མངོན་འོང་དུས། ཁྱེད་ནི་ཅི་འདྲའི་དྲན་པ་ལ་ཨང་།

རྒན་ལགས། མི་ཡུལ་གྱི་མཐོ་ས་ཞིག་དང་རང་དབང་གི་མཁའ་དབུགས་གཙང་ས་ཞིག་ཏུ། སྤྱན་ཤེལ་སྒོར་སྒོར་དེ་དང་། ཀླད་པ་དམར་པོ་དེ་ཉིད་རང་གི་གཟི་བརྗིད་ཅིག་ཏུ་བསྒོམས་ཏེ། སྐྲ་སེར་མིག་ལྗང་ཡོད་ཚད་ཀྱི་དཀྱིལ་དབུས་སུ་འདྲ་མཉམ་གྱིས་བསྐྱོད་པ་མཐོང་ཚེ། ཁྱེད་ཀྱིས་མིག་ཤེལ་དེ་ཉིད་དོན་མེད་དུ་མནབ་པ་དང་། ཀླད་པ་རང་བཞིན་གྱིས་དམར་སོང་བ་ག་ལ་ཡིན་ཨང་།

རྒན་ལགས། བོད་ཀྱི་སློབ་གསོ་དང་བོད་ཀྱི་ཤེས་རིག་ལ་དགོས་མཁོ་ཆེ་བའི་གླེགས་བམ་དུ་མ་ཞིག་མིག་ཆུའི་ཕྲེང་བར་མ་བརྒྱུས་པར་དཀའ་ཚེགས་ཀྱི་རྔུལ་ཆུ་ལ་བསྲེས་པའི་གཏམ་རྒྱུད་དེ་དག་དང་། ཡང་ན་བག་ལེབ་སྐམ་པོ་གཅིག་གིས་ཉིན་རེའི་དུས་གསུམ་གྱི་ཞལ་ཟས་བྱས་པའི་དཀའ་སྡུག་གི་ལོ་རྒྱུས་དེ་དག་དྲན་ན། ཁྱེད་ཀྱི་ཐུགས་བརྩེས་ཟིན་པའི་ཁོ་བོའི་དཔྲལ་བའི་མིག་ཟུང་ལས་ཀྱང་མཆི་མ་ལྡོག་མེད་དུ་ལྷུང་བཞིན་འདུག

རྒན་ལགས། ཁྱེད་ཀྱིས་དཀའ་ཚེགས་ཀྱི་དུས་ཚིག་མང་པོ་ཞིག་བརྒྱུད་མཐར་ཁྱེད་ནི་མི་རིགས་ཀྱི་ཤེས་རིག་གི་དར་ཆ་དང་། སློབ་གསོ་ཡི་དེད་དཔོན་ཉིད་དུ་གྱུར་སོང་བས། ཁྱེད་ཀྱི་ཤེས་ཡོན་སློབ་གསོ་དང་། མི་གཞིའི་ཀུན་སྤྱོད་ལ་དགའ་བའི་སློབ་མ་ཅི་འདྲ་མང་པོ་ཞིག་ཡོད་ཨང་།

རྒན་ལགས། དགེ་རྒན་ལ་དབང་ཐང་ཆུང་ཞིང་རྩིས་ཐང་ཧ་དགེ་ཅང་དམའ་བའི་དུས་སྐབས་འདི་འདྲ་ཞིག་ཏུ་ཡང་ཁྱེད་ཀྱིས་མི་རིགས་ཀྱི་དཔལ་ཡོན་དང་རིག་གནས། ཡང་ན་མི་རིགས་ཀྱི་ཡོད་ཚད་གནམ་ལ་འདེགས་ཕྱིར་དཀའ་སྡུག་གི་རླུང་ཡན་གདོང་གིས་བསུས་ཤིང་། བདེ་སྐྱིད་ཀྱི་དགོད་སྒྲ་གང་མང་ཞིག་རྒྱབ་ལ་བསྐྱུར་ནས་ཕེབས་བཞིན་པ་མ་ཡིན་ནམ།

རྒན་ལགས། སྒྱུ་རྩལ་གྱི་བཟི་ཁ་འདྲེན་པའི་ནུས་པ་དབུལ་ཞིང་། ཚོར་བའི་གཏིང་མ་སྔོག་པའི་འདུ་བྲལ་གྱི་དགེ་རྒན་གང་མང་ཞིག་དང་བསྡུར་ན། ཁྱེད་ཀྱི་སློབ་ཁྲིད་ཀྱི་ཕན་ནུས་དང་། གཏིང་ཟབ་པའི་བསམ་བློ་ཡི་ངར་ཤུགས། ཡིད་དུ་འོང་བའི་སྒྱུ་རྩལ་གྱི་བཤད་པ་དེ་དག་དངོས་གནས་སློབ་ཕྲུག་གི་སྒེར་ཚུགས་འདུ་ཤེས་དང་། དཔྱོད་ཤེས་བསམ་བློ་མཐོོར་འདེགས་བྱེད་པའི་ལེགས་བཤད་འབའ་ཞིག་མ་ཡིན་ནམ།

རྒན་ལགས། དགེ་རྒན་ནི་མུན་སེལ་གྱི་སྒྲོན་མེ་དང་། དུས་རབས་ཀྱི་མིག་འབྱེད་དུ་ཁ་གཡང་སྒྲོག་ཅིང་། དོན་དུ་དགེ་རྒན་ནི་ལྕགས་འཁོར་གྱིས་རྡུང་རྡེག་བྱེད་པའི་འདུ་ཤེས་ལས་མེད་པའི་རང་རེ་ལ་མཚོན་ན། ཁྱེད་དང་ཁྱེད་འདྲ་བའི་ཐབས་མཁས་ཐུགས་རྗེ་ཅན་གྱི་དགེ་རྒན་ཤིན་ཏུ་མཁོ་ཨང་།

རྒན་ལགས། དབྱུག་པས་སློབ་གསོ་བྱེད་པར་ངན་གོམས་སུ་སོང་ཞིང་། ཐབས་ཀྱིས་སློབ་ཕྲུག་སྐྱོང་བའི་འདུ་ཤེས་བག་ལ་ཞ་བའི་དུས་སྐབས་འདི་འདྲ་ལ། གནའ་དེང་གི་བསམ་བློའི་བཅུད་ཀྱིས་གཏམས་པའི་དཔེ་ཆ་ཀློག་ཅིང་། ལེགས་བཤད་ཕན་པའི་བདུད་རྩི་སྙིང་གི་གསོས་སུ་ལེན་པའི་དགེ་རྒན་ཁྱེད་འདྲ་བ་ནི། དུས་རབས་ཀྱི་མིག་འབྱེད་པ་དང་། སྣང་གསལ་གྱི་སྒྲོན་མེ་ཉག་གཅིག་མ་ལགས་སམ།

རྒན་ལགས། དཔེ་ཀློག་ལ་ཐོས་པས་འཇུག་ཅིང་། རྩོམ་བྲིས་ལ་ཧུར་ཐག་གིས་འབད་པའི་ཁྱེད་ཀྱི་མི་གཞིའི་ཀུན་སྤྱོད་ལ་དགའ་ཞིང་།ལྷག་ཏུ་དགེ་རྒན་ནི་རྗེ་བོ་དང་སློབ་མ་ནི་བྲན་ཁོལ་དུ་ལྟ་བའི་རུལ་སུངས་ཀྱི་དགེ་རྒན་དག་དང་མི་འདྲ་བར། དགེ་སློབ་ནི་འདྲ་མཉམ་དུ་ལྟ་བའི་ཁྱེད་ཀྱི་ཁྱོན་ཡངས་པའི་བསམ་བློ་དེ་དྲན་ན། ང་ནི་ཧ་ཅང་ཧ་ཅང་གིས་ཁྱེད་ལ་དགའ་འོ།

རྒན་ལགས། འུ་ཚོའི་ཕ་ཡུལ་གྱི་དགེ་རྒན་ཆུང་ཆུང་འགའ་རེ་ལ་དོན་དངོས་ཀྱི་བྲིས་རྩོམ་གྱི་འབྲས་བུ་མེད་ལ། དཔེ་ཀློག་གི་འདུ་ཤེས་རྩ་བྲལ་ཏུ་སོང་ཡོད་ནའང་། ཡིད་ཕངས་པ་ཞིག་ལ་ད་དུང་ཡང་ང་རྒྱལ་དང་ཁེངས་དྲེགས་ཀྱིས་མགོ་བོ་བཏེགས་ཏེ། མང་ཚོགས་དཀྱུས་མ་འགའ་རེ་ལ་ཅི་ཞིག་ཡིན་མདོག་གིས་སྐད་ཆ་རྫིག་པོ་རེ་བཤད་བཞིན་པའི་སྐྱོ་གར་ལ་བསམས་ན། དཔེ་ཀློག་ལ་གོམས་ཤིང་སློབ་ཕྲུག་ལ་བྱམས་པའི་དགེ་རྒན་ཧམ་མེར་ལྟ་བུའི་ཁྱེད་རང་ཤིན་ཏུ་དྲན་ཨང་།

རྒན་ལགས། ཁྱེད་ཀྱི་མཐར་མ་ལྷུང་བའི་བསམ་བློ་དང་། རིས་སུ་མ་ཆད་པའི་སློབ་གསོ། རྒྱ་ཆེ་བའི་སློབ་སྦྱོང་གི་གོ་རིམ་འདི་དག་ཅི་འདྲའི་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ངོ་མ་དེ་རེད་ཨང་།
རྒན་ལགས། བུ་ཆུང་ཧྥོ་ལུང་ཧྲི་ལྟ་བུའི་བློ་རིག་རྒོད་ལ། པྲ་ཤིན་ཏུ་ཚགས་པའི་རང་རེའི་བོད་ཕྲུག་དག་ལ། དགེ་རྒན་མེད་སོང་བའི་དཀའ་ངལ་གཏན་དུ་མེད་མོད། སློབ་ཕྲུག་ལ་སྙིང་ཉེ་ཞིང་མི་རིགས་ལ་ཤ་ཚ་བ། སྐད་ཡིག་རྒུད་མཐར་ཐུག་པར་ཞེ་མེར་བའི་དགེ་རྒན་ཧམ་མེར་ལྟ་བུའི་ཁྱོད་འདྲ་བ་ནི་ཉུང་སོང་བས་ཡིན་ནོོ།།

རྒན་ལགས། ཐབས་མཁས་ཀྱི་སློབ་གསོ་ལ་གོམས་པ་མ་སོང་ཞིང་། བརླང་སྤྱོད་ཀྱི་འདུལ་སྦྱོང་ལ་གཡེར་ཚ་བ་མེད་པའི་རང་རེའི་སློབ་གསོ་བ་དག་དང་། རང་གཤིས་གྱོང་ལ་རྒོད་དུ་ཤོར་བའི་འུ་ཅག་གི་སློབ་ཕྲུག་ཚོའི་བར་ལ་ཁྱོད་གཤིས་ང་གསོན་གྱི་གཡུལ་ལ་ཞུགས་པའི་སྣང་ཚུལ་ཡ་ང་བ་རྣམས་རྣ་བས་ཐོས་ཐེངས་རེར། ལྷག་ཏུ་དེང་རབས་རིག་གནས་ལ་སློབ་གཉེར་བྱས་ཤིང་། མི་རིགས་སྲོལ་རྒྱུན་ལ་ཐོས་བསམ་བྱས་པའི་རྒན་ལགས། ཁྱེད་དང་ཁྱེད་འདྲ་བའི་དགེ་རྒན་མང་དག་ཅིག་ཡོད་ན་སྙམ་ཨང་།

རྒན་ལགས། ཁྱེད་ཉིད་རྒྱལ་ཕྱི་ནང་གང་སར་འགྲུལ་བཞུད་བྱེད་བཞིན་པ་ནི། རང་གི་འཚོ་གནས་ཙམ་པོ་བའི་ཆེད་དུ་མ་ཡིན་པར་མི་རིགས་ཀྱི་སློབ་གསོ་གོང་དུ་འདེགས་པའི་སློབ་སྦྱོང་གི་དོན་དུ་ཡིན་པས། ངེས་པར་མ་འོངས་པར་རང་རེ་མི་རིགས་འདིའི་ཕྱི་རབས་ཡོད་དོ་ཅོག་གི་མུན་སེལ་གྱི་སྒྲོན་མེ་ཞིག་དང་། དུས་རབས་ཀྱི་མིག་འབྱེད་པ་ཞིག་བྱེད་རོགས།