གྲི་ཐུང་།

གཉིད་ཁུགས་མ་ཐག
མགོ་སྔ་དང་རིམ་པ་མེད་པའི་རྨི་ལམ་དག
ཤེལ་ལེབ་ཞིག་བར་སྣང་ནས་འགས་གཏོར་ཤོར་བ་བཞིན
བདག་གི་དབང་པོའི་བར་སྣང་དུ་མཐོ་ས་ནས་མར་འཐོར་ཡོང
མངོན་སུམ་ཁྲོད་ཀྱི་མི་ཁ་ཤས་དང་ཡང་ཕྲད་སྲིད
དེ་ཚོ་ནི་དབྱིབས་འགྱུར་བཏང་བའི་ཅ་ལག་རེ་དང་འདྲ་བར
ང་ཡིས་གྲོགས་པོ་དང་དགྲ་བོར་དགར་བའི་དབྱེ་མཚམས་ཡང་བཤིག་འགྲོ
རྨི་ལམ་དུ་ང་ཡིས་གཏན་ཁེལ་གྱི་ཁྱིམ་ཞིག་རྙེད་མ་མྱོང
དབུགས་ཧལ་ལེར
རྩྭ་རྩེར་རྡོག་པ་བརྒྱབ་ནས་འགྲོ་དུས
རླུང་གིས་ང་ལ་སྒོ་དང་ལམ་པ་ཕྱེས་ཡོང
ང་ཡི་ཁྱིམ་ནི་རས་ཡོལ་དཀར་བོ་ཞིག་གི་ཕག་གི
དུད་སྨུག་ལང་ལོང་ཞིག་ཡིན་འདུག
འཆི་བ་ནི་རྨི་ལམ་ནས་ཐུར་བརྡབས་ཏེ
མངོན་སུམ་ལ་ཟུག་པའི་ལྕགས་འགྱ་ཞིག་དང་འདྲ
ང་རང་གཡང་གཟར་དང་མཚོན་རྩེ་ལ་གཏད་ཐེངས་རེར
རྨི་ལམ་ནས་མངོན་སུམ་ལ་ལྟུང་འགྲོ
ཅི་ཞིག་འདྲོགས་ཡོང་སྟེ་སྔར་གྱི་ཁ་མལ་ལ་བབས་ཡོང
ངས་རང་ཉིད་འཕྲུལ་ཆས་ཤིག་ལྟར་མངོན་སུམ་ཁྲོད་དུ་ལྷུ་ལག་སྤྲོད་དགོས་འདུག
༢༠༡༤ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས།