ཕྱི་སྒོམ་ཐག་གིས་ཀུན་སྤྱོད་བསྡམས་ཤིང་།།
ནང་ཉམས་རྟོགས་ཀྱིས་སྣང་སྲིད་གཟིགས་པའི།།
དོན་ཆོས་ཉིད་ཀྱི་རྟ་བདུན་འདྲུད་པའི།།
སེམས་རྟོག་བྲལ་གྱི་བླ་མ་དྲན་ནོ།།

རྒྱུ་ཉོན་སྒྲིབ་ཀྱི་རས་ཡུག་ཕྱེས་ཤིང་།།
བློ་ཤེས་སྒྲིབ་ཀྱི་སྤྲིན་པ་ཡལ་བའི།།
བྲག་རྟ་སོ་ཡི་སྒོམ་ཆེན་གཅེར་བུ།།
དོན་སྟོང་ཉིད་ཀྱི་རྒྱལ་བོ་དྲན་ནོ།།

ཕྱི་ལྟོ་གོས་ཀྱི་ཞེན་པ་བཅད་ནས།།
ནང་གདམས་ངག་གི་རྒྱག་བྲོ་མངར་བ།།
ཕ་རྒོད་པོ་སྟེ་སྒྲ་བསྒྱུར་སྨྲ་བའི།།
བུ་རྟུལ་ཕོད་ཀྱི་བྱ་བཏང་དྲན་ནོ།

ཐུགས་འཛིན་བྲལ་གྱི་བྱ་ལམ་ཡངས་བོར།།
རྫུན་ཀུན་རྫོབ་ཀྱི་བཀག་རྡོ་དབེན་ཞིང་།།
དོན་བདེན་པ་ཡི་ཉི་ཟླ་འཚེར་བའི།།
གངས་ཏི་སེ་ཡི་རྟོགས་ལྡན་དྲན་ནོ།།

ཟས་ཏིང་འཛིན་གྱི་སྔོ་ལྡུམ་གསོལ་ཞིང་།།
ལུས་འབྱུང་བཞི་ཡི་མལ་དུ་གཟིམས་པའི།།
སེམས་བརྗོད་འདས་ཀྱི་བདེ་བར་རོལ་བའི།།
སྡེ་གོང་ཐང་གི་རི་ཁྲོད་དྲན་ནོ།།