མི་སེམས་ལྷད་མེད་ལ་བསམ་གཞིག་རྒོད་པས།།
མྱི་ཁའི་མདའ་ཁ་ནས་གཙབས་ཀྱང་ཆོག་གི།
གཡོ་མེད་དག་གཙང་གི་གཏམ་ཞིག་བརྗོད་ན།།
མི་ཡི་སེམས་དཔའ་ཚོར་སེམས་འགུལ་ལོས་འཆོར།།

མི་ལ་དོགས་སློང་དང་མཚར་འཛིན་མེད་ན།།
མི་སེམས་གསོན་པོ་འདི་རྨོངས་པར་འགྱུར་སྲིད།།
མི་ཡི་དཔོན་ཆེན་ཚོར་བློ་མིག་ཡོད་མེད།།
གསེར་ཁྲི་སྟོང་པ་དེར་དྲིས་ན་གསལ་འདུག།

ཡིད་འོང་ཡིད་འཕྲོག་གི་བཞིན་དཔལ་མི་དགོས།།
བརྩེ་བ་མིག་ཆུ་ཡི་བཞུར་རྒྱུན་མི་དགོས།།
རང་བློ་ཡིད་མཐུན་གྱི་བུ་མོར་འགྲོགས་ནས།།
ཚེ་གཅིག་བརྩེ་འཛུམ་གྱིས་རོལ་ན་དེས་ཆོག།

རྨོངས་དད་ལྕགས་ནག་གི་སྨྲ་ལྕེ་བར་ནས།།
རྣམས་རྟོག་དྲུག་མདུད་ཀྱི་བཀའ་ཆད་ཕོག་སོང་།།
བསླུ་མེད་བརྩེ་དུང་ལ་ནོར་འཁྲུལ་མེད་ཀྱང་།།
གཞིས་ཁྱིམ་དྲོན་མོ་ཞིག་འཁྱག་པར་བཏང་སོང་།།

ཆོས་དང་ཆོས་ལུགས་པའི་ཐོབ་ཐང་ཁུར་ནས།།
གོ་ཐོབ་རྒྱུ་སྙོབ་ལ་ཧུར་བརྩོན་བྱས་ཡོད།།
གྲྭ་བཙུན་ལ་ལ་ཡི་ཆ་ལུགས་དེའང་།།
བསྟན་པའི་དགོངས་པ་དང་འགལ་ནས་ཡོད་ལགས།།

ཅ་དག་སེམས་རྒྱུད་ལ་དགེ་མཚན་ལྡན་ཚུལ།།
ཆོས་དང་ཆོས་གཞུང་ནས་མང་དུ་ཐོས་མྱོང་།།
ཇ་ཆང་ཧམ་སྲེད་དེ་འགྲོ་དོན་ཡིན་ཚུལ།།
ས་ཐོབ་སེམས་དཔས་ཀྱང་གསུངས་པ་མ་བྱུང་།།

བླ་སྤྲུལ་དཔོན་ཆེན་གྱི་རྒྱབ་རྩ་མི་དགོས།།
ན་མཉམ་གྲོགས་པོ་ཡི་འུད་བསྟོད་མི་དགོས།།
བློ་མིག་དྲང་བཞག་གི་བདེན་ལུགས་རྐྱང་རྐྱང་།།
མི་བུའི་སེམས་ཁོང་ནས་ཐོལ་གྱིས་ཤོར་ཐལ།།

འདི་ལ་དཔྱོད་ཤེས་ཀྱི་བློ་སྤོབས་རྒྱས་ཡོད།།
འདི་ལ་བསམ་གཞིག་གི་རྣོ་ངར་ལྡན་ཡོད།།
འདི་ནས་ལྐོག་གྱུར་གྱི་གསང་རྒྱ་བསེད་ཡོད།།
འདི་ནས་བདེན་དོན་གྱི་ཟུར་ཞིག་མངོན་ཡོད།།
༢༠༡༢、༠༤、༠༦