ས་སྲོད་ཀྱི་སྐྱིད་ཆུ་ད་དུང་ཡང་གཟིམ་མེད
སེམས་པ་ལྟ་བུའི་བཞུར་རྒྱུན་ཞིག་གི་སྣེ་བཟུང་ནས
རི་ཚོགས་ཀྱི་རྔམ་བརྗིད་ཆུ་ངོགས་ནས་གསལ་སོང
བསམ་གཞིག་ལྟ་བུའི་རླབས་ཀྱི་ཟེགས་མ་གཏོར་གྱིན
ཡིད་འོང་གི་མཚན་མོ་ཞིག་བསུ་བར་བྲེལ་ནས་འདུག
གློག་ཕྲེང་གིས་བརྒྱན་པའི་ཕོ་བྲང་ཡཱ
སུ་ཞིག་གིས་སེམས་ཁོང་ནས་སྐྱེས་པའི་རྡོ་རིང་ཁེར་སྐྱེས
དགོང་ཁའི་ཉི་ཟེར་འོག་ཇི་འདྲའི་རྔམ་བརྗིད་ལྡན་ཨང
ཐག་རིང་གི་རེ་འབོད་ཞིག་གི་དབང་གིས
བདག་ནི་ཁྱེད་ཀྱི་པང་ཁར་ལོག་སྙིང་འདོད
བདག་གི་དྭངས་གཙང་གི་སེམས་པ
ཁྱེད་དང་ལྷན་དུ་འགྲོགས་འདོད
བདག་གི་ཚེ་སྲོག་གི་གོམ་སྒྲ་ཡང
ཁྱེད་ཀྱི་མནོ་བསམ་གྱི་བཞུར་རྒྱུན་དང་འདྲེས་འདོད

ལྷ་ས ང་ཁྱེད་ལ་ཕྱོགས་ནས་ཡོང་གིན་ཡོད
སེམས་པ་ཞིག་གི་ལོག་ཕེབས་ཀྱི་ལྗིད་ཚད་དེ་ཁྱེད་ཀྱིས་ཤེས་སམ
ཉི་མ་ལྷ་སའི་ཉི་ཟེར་གྱི་འཛུམ་ཕྲེང་དེ་དྲན་ཞིང
བདག་གི་བསམ་འདུན་དམར་པོ་ལམ་ལམ་འབར་སོང
དགོང་ཁའི་གྲིབ་སོའི་འོག་ཏུ་ང་ཞེད་ཀྱིན་འདུག
བདག་གི་ཕུགས་བསམ་གྱི་ལྷུན་པོར་གས་ཆག་ཡོང་རྒྱུར་སྐྲག
དེ་བས་ངས་ཡོད་ཚད་སྐྱུར་ནས
རང་སེམས་ཀྱི་འབོད་པ་ཁོ་ན་འཁྱེར་ནས
ཁྱེད་ལ་ཕྱོགས་ནས་ཡོང་གིན་ཡོད
ང་ཡི་ལྷ་ས་ལགས