མདང་ནུབ།  འདབ་མ་དྲུག་ལྡན་གྱི་མེ་ཏོག་དཀར་པོ་ཞིག  ས་འཛིན་མ་མའི་ཕང་བ་རུ་མཛེས་སྡུག་ངང་བཞད་འདུག་མོད།  བརྩེ་བ་དང་བྲལ་བའི་མི་རྣམས་ཀྱིས་ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོ་རྡོག་བརྫིས་བྱས་ཤིང་། དཀར་བོང་བོང་གི་ངོ་གདོང་ལ་ཅི་མི་སྙམ་པར་འགོམ་སྟེ་སོང་། ཡིན་ན་ཡང་། ངས་སེམས་ཆུང་ངང་གཞན་གྱི་བཤུལ་ལམ་དེད་ནས་སློབ་ཁང་གི་ཕྱོགས་སུ་འགྲོ་དུས། ལམ་འགྲམ་དུ། སྙིང་ཉེ་བའི་དགའ་མ་སྟེ་ལོ་མ་དང་བྲལ་བའི་ལྕང་སྡོང་དག་དྲན་གདུང་གི་མནར་བས་ལག་ཟུང་མཁའ་ལ་གཟེད་པའི་ཁུད་ན། འདབ་མ་དྲུག་ལྡན་གྱི་མེ་ཏོག་དཀར་པོ་ཞིག་ཚོམ་བུར་བཞད་པ་མཐོང་། དེ་ནི་ཉམ་ཐག་གི་ལྕང་སྡོང་དེ་དག་ལ་དབུགས་དབྱུང་མཛད་པ་དང་གཉིས་སུ་མ་མཆིས་ལ། རང་གི་དགའ་མ་སྟེ་ལོ་མ་དག་གིས་ཀྱང་དྲན་གདུང་གི་གཟིར་བས་ཉམས་ལ་ལྟ་མ་བཟོད་པར།  མིག་ཟུང་སེང་རས་ཀྱི་སྒྲིབ་བསམ་པ་ལ་རླུང་གིས་འཕྲོག་ནས་ཡན་ལག་དང་ཉིང་ལག་ཁེབས་ནས་ཡོད་པ་འདྲ། ང་དེ་ལྟར་མནོ་བསམ་གྱི་ཆུ་གཏེར་ངོགས་སུ་གཡོ་གྲུ་བཞིན་བསྐྱོད་སྐབས། གློ་རྡེག་ཏུ་ཁ་བ་ལེབ་མོ་ཞིག་ངའི་སྐེ་འཇིང་དུ་ལྷུང་། འཁྱག་སིབ་སིབ་ཀྱི་ཚོར་བ་དེའི་དམིགས་པ་གཅིག་ལ་གཞོལ་བའི་སེམས་བྱུང་དེ་གཞི་ནས་དཀྲོགས། སེམས་རྣལ་དུ་ཕབ་ནས་བལྟ་དུས་མི་རྣམས་སོང་ཤུལ་གྱི་ཁ་བ་བཞུ་ནས་ཚར་ལ་ཉེ།  དྲི་མེད་ཀྱི་ཁ་བ་ཆུ་རུ་གྱུར་ཏེ་གྲོང་ཁྱེར་གྱི་ལྗན་ལྗིན་དག་དང་འགྲོགས་ནས་སྙིགས་རོ་འདྲེས། འོན་ཀྱང་། དེ་ལ་སེམས་ཁུར་བྱེད་མཁན་།ཞིག་ཡེ་ནས་མེད་པ་འདྲ། མི་རྣམས་ཁ་བ་ལ་དེ་འདྲའི་སྙིང་བརྩེ་མེད་པ་མཐོང་ནས་ང་རང་ལྷག་ཏུ་ཇེ་དུང་ལ་ཕྱིན། ང་དང་ཁ་བའི་བར་ན་བཅོས་མིན་གྱི་བརྩེ་དུངས་ཟབ་མོ་ཞིག་ཡོད་པ་སུ་ལ་འང་གསལ་ཆ་བྲལ།   ཕ་ཡུལ་ནས་དགུན་ལ་ཁ་བ་བབས་པ་ཡིན་ན་ཡག་པོ་ཞིག་ཏུ་བརྩི། ཨ་མས་རྒྱུན་དུ་ཁ་བ་ཞིག་འབབ་པར་རེ་སྨོན་བྱེད། རྒྱུ་མཚན་ནི་ཁ་བས་མཁའ་རླུང་ནང་གི་ས་རྡུལ་དང་འགྲོགས་པའི་འཆམ་ནད་རྣམས་མེད་པར་བཟོ་ལ། མི་རྣམས་ལ་ཁམས་དྭངས་ཤིང་རྣམ་རིག་གསལ་བའི་བདེ་སྣང་སྟེར།  ང་ལ་མཚོན་ན་ཡང་ཆུང་དུས་སུ་གངས་མི་བཟོ་བ་དང་གངས་ཤུད་རྒྱག་པར་ཤིན་ཏུ་དགའ་ཞིང་། ཁ་ལག་ཕྱིད་ནས་དམར་པོར་གྱུར་པ་འང་ཐེངས་གཅིག་མིན།  ད་དུང་ངེད་ཚང་གི་ཁྱི་རྒན་རྒྱ་དམར་ཡང་དགའ་སྟེ་ཁ་བའི་ནང་དུ་འགྱེལ་ལོག་བྱེད་པ་དང་། གནམ་ལྡིང་ས་ལྡིང་བྱེད་པའི་ངང་ཚུལ་རྣམས་ཡིད་ལ་འཁོར་འོང་ཚེ།  ངའི་སེམས་སུ་བཟོད་བསྲན་དཀའ་བའི་ན་ཟུག་དྲག་པོ་ཞིག་མེ་རི་བཞིན་འཕྱུར་ཞིང་ཆུ་ཁོལ་ལྟར་གདུ། རྒྱུ་མཚན། ཁ་བ་ང་ཚོ་དང་ཁ་ཐག་རིང་དུ་ཕྱིན་གྱི་ཡོད་པ་འདྲ་ལ། ང་ཚོས་ཁ་བ་དང་འབྲེལ་བའི་གཏམ་རྒྱུད་མོད་པོ་ཞིག་བརྗེད་ཀྱིན་འདུག ངའི་ཉེ་འཁོར་གི་མི་དག་ཁ་བར་རྒྱུས་མངའ་མེད་ལ་བརྩེ་དུང་ཀྱང་མེད། ཐ་ན་ཁ་བར་ཞེད་སྣང་ཆེན་པོ་བྱེད་ཀྱིན་བདོག ཡིན་ཡང་། ངས་མགོ་བོ་ཡར་དགྱེ་ནས་བལྟ་དུས། ཁ་བ་རླངས་པར་གྱུར་ནས་བར་སྣང་ན་རྒྱུ་བ་མཐོང་། དེ་ནི་གླང་ཆེན་དང་རྟ་མཆོག རི་རབ་དང་ཕོ་བྲང་ལྟ་བའི་སྤྲིན་པ་དག་རེད། དེ་རྣམས་དྲི་བཞོན་གྱི་རྒྱུ་བ་དང་བསྡོངས་ནས་ཕ་ཡུལ་གྱི་ཕྱོགས་སུ་ཆས་དུས། ང་ལ་སྨྲ་བསམ་བརྗོད་འདས་ཀྱི་དགའ་སྤྲོ་དཔག་མེད་ཅིག་སྐྱེས།  མ་གཞི་ངའི་ཕ་ཡུལ་གྱི་ཁ་བ་དང་སྤྲིན་པ་ད་དུང་ཡང་ཕ་ཡུལ་ལ་འཁོར་གྱིན་ཡོད་པས་སོ།།