“མི་ལོ་བརྒྱ་ཕྲག་དུ་མའི་སྔོན་དུ་གསེར་ནག་ལུང་པ་འདི་འབྲོང་རྒྱུད་གདོང་ཟུར་བཅོ་བརྒྱད་དང་གཡག་རྒྱུད་ལུང་ཁུག་ཁྲི་འབུམ་གྱིས་གྲུབ་ཅིང་། ལུང་པའི་རི་ཟོམ་དུ་འབྲོང་གཡག་གི་ངུར་སྒྲ་མཚམས་མེད་དུ་གྲགས་ཏེ། ཁྱི་སྤྱང་གི་རིགས་རྣམས་དབང་པོའི་སྣང་ཡུལ་དུ་མ་མཆིས་པས། རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་བག་ཕེབས་ཀྱིས་འཚོ་ཞིང་གནས་པར་གྱུར་ཡོད།དུས་བཞིའི་འགྱུར་ལྡོག་གི་བར་མཚམས་ཏེ་ཁངས་དང་ཁ་བ་འཚུབ་པའི་དཔྱིད་དུས་ཤིག་ཏུ། གསེར་ནག་ལུང་པའི་རི་རྒྱུད་ཀུན་ལ་ཁངས་ཆག་ཆེན་པོ་ཞིག་བྱུང་ནས་འབྲོང་གཡག་གི་རུས་རྒྱུད་མང་ཤོས་ཤིག་ཁ་བའི་གྲང་རེག་གི་ཁྲོད་ཤ་ཟད་རུས་ལ་གཏུགས་ནས་འཇིག་རྟེན་ལྔ་ལམ་དུ་ཕྱིན་ཅིང། སྐོར་ཞིག་ཁངས་ཆག་གི་འཇིགས་ཉེན་ལ་དོགས་ཏེ་སྔ་ས་ནས་གསེར་ནག་ལུང་པའི་རི་རྒྱུད་ཕ་རོལ་ལ་ཉེན་གཡོལ་དུ་ཕྱིན་པས། གསེར་ནག་ལུང་པ་འདི་ཕར་ནང་གཉིས་སུ་དབྱེ་འགོ་ཚུགས།      ཡིན་ནའང་། འུ་ཅག་སྒོ་ཕྱུགས་རིགས་རྣམས་རི་བོའི་སྐེད་དང་གཤམ་དུ་འཚོ་བཞིན་ཡོད་སྟབས། ཁངས་ཆག་གི་གནོད་པ་ཆེར་མ་ཐེབས”ཅེས་རྟ་རྒན་ཐོད་དཀར་གྱིས་སྐྱོ་ཉམས་དང་བཅས་ལུག་ཁྱུའི་དབུས་སུ་དེ་སྐད་དུ་འཚེར། མོ་ལུག་སྒལ་ནག་མས་རྟ་རྒན་ཐོད་དཀར་གྱི་འཚེར་སྐད་དེར་གདུང་སེམས་མཉམ་བསྐྱེད་ཀྱི་སླད་དུ“ཁངས་ཆག་མ་བྱུང་བའི་སྔོན་དུ། ཉིན་མོར་རི་ངོས་ཀུན་ལ་འཁྱམས་ཤིང་རྩྭས་ལྟོ་བ་འགྲངས་རྗེས། རང་གི་གཞིས་ར་དྲོན་མོར་རང་ཤུགས་ཀྱིས་ལོག་སྟེ། མཚན་མོར་རང་གི་ལུག་ཁྱུ་རྣམས་དང་ལྷན་དུ་རང་དབང་གིས་སོ་ལྡད་བགྱིས་ནས་ཞིབ་མོ་རྣམ་འཐག་བྱས་ཆོག་ཀྱང་། ཁངས་ཆག་བྱུང་རྗེས་ནས་བཟུང་། རི་ལུང་ཀུན་ལ་རང་དབང་གིས་རྨིག་རྗེས་སྤོ་བར་ཚད་བཀག་བཟོས་བརྟེན། ལུས་ཀྱི་ཟུངས་ཤུགས་ཉམས་ཏེ། སོ་ལྡད་བྱེད་རྒྱུ་ཡང་ཞེ་དྲག་མི་འདུག་ལ། ངའི་ལུ་གུ་སུག་ནག་གི་ལྟོ་བའང་འགྲེང་གིན་མེད་པས། ངེད་ལ་སེམས་ཁྲེལ་གཅིག་ཡོད་པ་ནི། འབྱུང་འགྱུར་ཕྲུ་གུ་རྣམས་ཀྱི་ཚེ་སྲོག་གི་ཉེན་ཁ་དེ་རེད”ཅེས་ལུས་པོ་དཀྲུག་འདར་ཞིག་བརྒྱབས་ཏེ་སོ་ལྡད་བྱེད་ཀྱིན་གདའ། འབྲི་མོ་རྭ་ཆག་མས་ནམ་ཞག་རྒྱུན་དུ་གསེར་ནག་ལུང་པའི་ཉག་ཁ་དེར་ཅེར་ནས་སུ་ཞིག་གི་ལོག་ཕེབས་ལ་རེ་ཞིང་སྒུག་ནས་སྡོད་པ་ལས་སོ་ལྡད་ཀྱང་ཅི་ཡང་མི་བྱེད་པར་བསྐུམས་ཏེ་འདུག རྟ་རྒན་ཐོད་དཀར་གྱིས་མོ་ལུག་སྒལ་ནག་ལ“ ཁྱེད་ཀྱི་ལུ་གུ་སུག་ནག་གི་ལྟོ་བ་མ་འགྲེང་ནས་ཚེ་སྲོག་ལ་གནོད་པ་འབྱུང་མི་སྲིད་ཀྱང་། གཅིག་ཏུ་ན། ཁྱེད་ཀྱི་ལུ་གུ་སུག་ནག་དང་འདྲ་བའི་རིགས་རྣམས་ཀྱི་གཤིས་ཀ་འགྱུར་ནས་གསེར་ནག་ལུང་བའི་རི་ཆུ་དང་གྲང་ངར་ལ་མི་དགའ་བའི་ཉེན་ན་འབྱུང་སྲིད། འུ་ཅག་གི་གསེར་ནག་ལུང་བ་འདིའི་གྲང་ངར་རེ་རེའི་གསེང་ན་ང་ཚོའི་གཏམ་རྒྱུད་ཡོད་ལ། འུ་ཚོའི་རྣམ་ཤེས་ཀྱང་ཡོད། དེའི་གསེང་ན་ད་དུང་འུ་ཚོའི་མིག་ཆུ་དང་འཛུམ་མདངས་འདྲེས་མའི་སྐྱིད་སྡུག་གི་ལོ་ཟླའང་ཡོད། ཅིས་ཀྱང་བརྗེད་མི་རུང་བ་ཞིག་ནི། གྲང་ངར་གྱི་དྲན་པ་དེ་ཡིན”ཅེས་སྐྱ་ཟད་དུ་གྱུར་པའི་གང་དེའི་རྔོག་མ་ཡོམ་ཡོམ་དུ་དཀྲིགས་ནས་ཤུགས་ཀྱིས་འཚེར་བས། སྨག་མཐུག་པོའི་མཚན་ནུབ་ཀྱི་ལྷིང་འཇགས་སྟུག་པོ་དེ་ཡོངས་སུ་དཀྲོག་སྟེ། ཁྱི་སྤྱང་དག་ཀག་སེ་ཡར་ལང་ནས་མེལ་ཚེ་བྱས།

      ནམ་ཞག་སྟོན་ཟླ་དགུ་པའི་ཚེས་ཤར་ལ་ཝ་སྐྱེས་འདུ་འཛོམས་ཀྱི་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཝ་རྒན་མགོ་དམར་གྱིས་ལོ་རེའི་ར་ལུག་འཚོ་སྐྱོང་གི་དགེ་སྐྱོན་དམིགས་བཀར་གྱིས། “གལ་སྲིད། ས་སྒང་ཆེན་མོའི་སྟེང་ང་ཚོ་ཝ་སྐྱེས་རིགས་ཀྱི་ལུས་པོའི་བོངས་དང་གཟུགས་ཀྱི་དཔངས་མཐོ་རུ་མངོན་དགོས་ཚེ། ང་ཚོ་ལས་གཟུགས་གཞི་ཆེ་བའི་ར་ལུག་གི་རིགས་ལ་དོགས་ཟོན་མི་བྱེད་ཀ་མེད་རེད་ལ། དེའི་ནང་ནས་ཀྱང་ཤ་གཟན་དག་ལ་བྱ་ར་གཟབ་ནན་བྱེད་དགོས་ཡོད། ངས་བསམ་ན། ཤ་གཟན་དག་ལ་ཞེད་སྣང་ཆེན་པོ་སྐྱེ་མི་དགོས་ཏེ། གཅིག་ནས་ཁོ་ཚོའི་གྲངས་འབོར་ལ། གཉིས་ནས་རྫི་བོ་དག་གིས་ཁོ་ཚོ་འཕྲོ་རིམ་འཕྲོར་མེད་པར་གཏང་འཇོག་པ་ཡིན། ཁོ་ཚོའི་གོ་ས་ཤིན་ཏུ་ཆུང་། འདི་ནི་ང་ཚོའི་གོ་སྐབས་ལེགས་ཤོས་ཤིག་ཡིན། སྤྱིར་ན། ང་ཚོ་ཝ་སྐྱེས་རིགས་ནི། སྒོ་ཕྱུགས་ར་མའི་གཤིས་ལ་ཅུང་མཐུན་ཆ་ཆེ་མོད། ང་ཚོར་སྐྱེས་ཙམ་ནས་འདྲོག་འབྲོས་བརྒྱག་པའི་གོམས་གཤིས་ཤིག་འཇགས་ནས་ཡོད་སྟབས། འབྲོང་གཡག་གི་གཤིས་ལ་མཐུན་ཆེ་བའི་གཡང་དཀར་ལུག་ལ་ཐད་ཀར་གྱིས་གདོང་གཏད་ཀྱང་གྲུབ་འབྲས་ཆེར་མེད། རྒྱུ་མཚན་ནི། ཁོ་ཚོའི་གྲངས་འབོར་མང་ལ་འཚར་བསྐྱེད་ཀྱང་མགྱོགས་པས་ཡིན། དེར་བརྟེན། ང་ཚོས་རང་གི་གཤིས་དང་མཐུན་ཆེ་བའི་ར་མ་རྣམས་ལ་རྩྭ་ཆུ་ལོངས་སྤྱོད་ཀྱི་བདག་དབང་ཆེན་པོ་སྤྲད་ནས་ལུག་གི་རང་གཤིས་ར་མའི་རང་གཤིས་ལ་འདྲེས་སྒྱུར་བྱེད་དགོས་འདུག”ཅེས་དོགས་སྣང་དང་བཅས་བཤད། འདུ་ཚོགས་ཁང་གི་གཡས་གྲལ་ནས་ཁྱི་སྤྱང་རིག་ཡག་ཡར་ལངས་ཏེ། “ཝ་རྒན་ལགས་ཀྱིས་གསུངས་པ་ཚང་མ་ང་ཚོའི་རྒྱ་བསྐྱེད་ལ་འབྲེལ་བ་ཡོད་པ་རྐྱང་རེད་འདུག་ཀྱང་། ངས་བསམ་ན། ཆོས་ཉིད་འདིའི་སྟེང་ནས་ཕུགས་བསམ་ཇི་ལྟར་བཞེངས་ན་མངོན་འགྱུར་དེ་ལྟར་དཀོན། གང་ལ་ཞེ་ན། རྗི་བོ་ཐབས་མཁས་ཤིག་གིས་ར་ལུག་གཉིས་མཉམ་དུ་འཚོ་སྐྱོང་བྱེད་ཐུབ་ཀྱང་། ར་ལུག་འདྲེས་བསྒྱུར་བྱེད་ཐུབ་ཀྱི་མི་འདུག་སྟེ། དེ་གཉིས་ཀྱི་བསྐྱེད་རྒྱུ་ཁག་ཁག་སོ་སོ་རེད”ཅེས་ལྡོག་སྟེ་བཤད་པའི་སྐབས། ཝ་རྒན་མགོ་དམར་གྱིས་ཁྱི་སྤྱང་རིག་ཡག་གི་ཚིག་མཚམས་བཅད་དེ། ད་ང་ཚོའི་ཚོགས་འདུ་འདི་ནས་གྲོལ་ཅེས་བཤད།

           གསེར་ནག་ལུང་བ་འདི་འབྲོང་གཡག་གི་མཚེར་ཤུལ་གྱུར་ནས་ལོ་མང་འདས་ཕྱིན། ད་ཆ་ར་ལུག་འདྲེས་མའི་འཚོ་གཞིས་སུ་གྱུར་ཅིང་། ཁྱི་སྤྱང་རྣམས་ར་ལུག་གི་རྗི་བོ་བྱས་ཏེ། གྲོས་བསྡུས་སྣ་མང་གི་བྱེད་ཐབས་སྤྱད་ནས་ར་ལུག་འདྲེས་འགྱུར་གྱི་འཚོ་སྐྱོང་ཐད་ལ་དམིགས་ཀྱིས་ཤུགས་རྒྱག་གིན་ཡོད།གྲང་ངར་འཚུབ་འཚུབ་པའི་མཐར། གསེར་ནག་ལུང་བའི་རི་རྒྱུད་འདི། ར་ལུག་གཉིས་འདྲེས་ཀྱིས་ཁེངས་ཏེ། ར་མ་རྒན་མོ་དང་མོ་ལུག་གཡང་དཀར་གཉིས་ཀྱིས་གསེར་ནག་ལུང་པའི་ཉིན་སྲིབ་ཀྱི་རྩྭ་ཆུ་ལོངས་སྤྱོད་བྱེད་སྐབས། ནག་ཞག་གདོང་ཐུག་བརྒྱབས་ནས་རྩྭ་ཆུའི་བདག་དབང་ཐད་ནས་རྩོད་གླེང་བྱེད་ཅིང་། མོ་ལུག་གཡང་དཀར་གྱིས“ར་མ་རྒན་མོ་ལགས། མ་གཞི་ནས་ཁྱེད་ཅག་གི་རིགས་ནི་རི་བོའི་གཤམ་དང་བྲག་རིའི་ངོས་སུ་འཚོ་སྡོད་བྱེད་ཀྱིན་ཡོད་སྟབས། གསེར་ནག་ལུང་པའི་སྐེད་དང་རི་བོའི་ཟོམ་ངོས་ཀུན་ལ་ཁྱེད་ཅག་གི་རྨིག་རྗེས་དགོད་པའི་དབང་མེད་ལ། ངེད་ཅག་གི་བདག་པོའི་སྒོ་ཕྱུགས་སུ་གྱུར་པའི་འབྲོང་གཡག་གི་མཚེར་ཤུལ་བདག་བཟུང་བྱེད་པའི་ཐོབ་ཐང་ཡང་རྦད་དེ་མེད་པས། ཁྱེད་ཅག་ཕྱིར་ལོག་སྟེ་རང་ས་རང་གིས་སྤྱད་ན་ལེགས”ཚུལ་གྱིས་རྩྭ་ཧྲིལ་ལྡད་པའི་ཅིར་སྒྲ་ཤུགས་ཀྱིས་གྲགས། ར་མ་རྒན་མོའི་རྣ་བ་དྲང་བོར་ལངས་ཤིང་རྔ་མ་འགུལ་ཙམ་བྱེད་བཞིན། “མོ་ལུག་གཡང་དཀར། ཁྱེད་ཅག་རི་མགོར་བསྡད་དྲགས་ཤིང་རྫ་དུག་ཕོག་དྲགས་པས་རི་བོའི་གཤམ་གྱི་མཚོ་མོའི་ནང་གི་ཀླུའི་ཕོ་བྲང་གི་གཟི་དཔལ་རྨད་དུ་བྱུང་བ་གང་དེ་མཐོང་བཏུབ་མེད་ལ། གསེར་ནག་ལུང་པའི་བདག་དབང་ཐད་ནས་ཀྱང་ཁྱེད་རང་མགོ་བོ་རྨོངས་འདུག་པ་ལམ་སེང་ཚོར་ཐུབ། གསེར་ནག་ལུང་པ་མ་ཟད། རི་རྒྱུད་ལ་ལུང་ཀུན་ཀྱང་། མཚོ་མོར་རོལ་པའི་ས་བདག་ཀླུའི་རིགས་ལ་བདག་པས། ཁྱེད་ལ་གསེར་ནག་ལུང་པའི་བདག་དབང་ཤོད་པའི་ཐོབ་ཐང་གང་ནས་ཡོད། ང་ཚོ་ནི་ས་བདག་ཀླུའི་རིགས་ཀྱིས་ཡར་བཏང་བ་ཡིན། ང་ཚོས་ཁྱེད་ཚོའི་རྒོལ་བག་ཚ་པོ་རྣམས་གཡང་མོ་ལུག་ཏུ་བཏང་ནས་ཀླུའི་ཕོ་བྲང་དུ་འཁྲིད་བསམ་ཡོད། ཁྱེད་ཚོ་ཀླུའི་ཕོ་བྲང་དུ་ཐོན་རྗེས་ཁྱེད་ཀྱི་བླུན་རྟགས་དེ་ཡང་རང་བཞིན་གྱིས་ཞི་བར་འགྱུར་བ་ཡིན”ཅེས་ཁ་མུར་མུར་གྱིས་དེ་སྐད་བཤད།

    ཡ་གའི་གསེར་ནག་ལུང་བའི་བྱང་རྒྱུད་ནས་ཤ་གཟན་ཚོན་པོ་ཞིག་གིས‘རང་ས་རང་ལ་བདག་ཅིང་། རང་ས་རང་གིས་སྤྱོད’ཅེས་སུག་རྐང་ཤུགས་ཀྱིས་རྩེན་ཏེ་ལུ་གུ་རྣམས་ཀྱི་རྣ་ལམ་དུ་རིགས་རྒྱུད་ཅིག་གི་གཏམ་རྒྱུད་བསྒྲགས་པས། ལུ་གུའི་ཁྱུ་རྣམས་ཀྱིས་ཀྱང་འདས་ཟད་དུ་གྱུར་པའི་རང་གི་ཕ་མེས་རྣམས་ཀྱི་སྐྱིད་སྡུག་གི་ལོ་ཟླ་བརྩིས་ཏེ། གྲང་ངར་གྱི་དྲན་པ་ཡང་ཡང་བསྒོམས། བརྩེ་བའི་ཀློག་མཁན་རྣམ་པ་ལགས། གསེར་ནག་ལུང་བའི་བྱུང་རྒྱུད་ནས་ཐོན་པའི་ཤ་གཟན་ཚོན་པོ་དེ། མོ་ལུག་སྒལ་ནག་མའི་དྲོད་ཀྱིས་བསྐྱངས་པའི་ལུ་གུ་སུག་ནག་དེ་ཡིན་ནམ། འོ་ན། རྟ་རྒན་ཐོད་དཀར་དང་། འབྲི་མོ་རྭ་ཆག་མ། མོ་ལུག་སྒལ་ནག་མ་བཅས་པ་གང་དུ་ཕྱིན་པ་ཡིན་ནམ།

                                                       2014-7-4མཚན་གྱི་དུས་ཚོད12:25ཐོག་ཡོངས་སུ་གྲུབ།