མགར་རྩེ་ཨུ་རྒྱན།

སྔོན་བྱོན་གླེགས་བམ་སྟོང་ལས་མ་བསྟན་པ།།
ད་ལྟ་ཚིག་རྐང་འགའ་ཡིས་བསྟན་ཡོད་ཟེར།།
འདི་ནི་དེང་མིར་རིག་པ་རྒོད་རྟགས་མིན།།
གཡོ་སྒྱུའི་བ་ཚ་བཏུང་བར་གོམས་རྟགས་ཡིན།།

རྒྱན་དྲུག་མཆོག་གཉིས་མཁས་པས་མ་ཤོད་པ།།
དེང་མི་གསར་ཞེན་འགའ་ཡིས་བཤད་ཡོད་ཟེར།།
འདི་ནི་ཁོ་ཚོར་རིག་པ་རྒོད་རྟགས་མིན།།
ཧ་ཅང་སླ་མོའི་ལས་ལ་དགའ་རྟགས་ཡིན།།

དཔྱོད་ལྡན་སྒོམ་ལ་བཞུགས་ནས་མ་རྟོགས་པ།།
དེང་རབས་ཟང་ཟིང་ཁྲོད་ནས་རྟོགས་ཡོད་ཟེར།།
འདི་ནི་དེང་མིར་ཤེས་རབ་ལྡན་རྟགས་མིན།།
གཞན་ལ་མགོ་བོ་བསྐོར་བར་གོམས་རྟགས་ཡིན།།

རོལ་རྩེད་ཙམ་གྱིས་གཞན་མིར་འཕྱ་ལ་སྤྲོ།།
ཚིག་དུམ་འགའ་ཡིས་གཞུང་ཆེན་དགག་ལ་དགའ།།
མི་མང་ཁྲོད་དུ་ཆེ་མདོག་སྟོན་ལ་མོས།།
ལྟོ་རྒྱབ་དོན་དུ་མི་རིགས་འཚོ་ལ་ཞེན།།

མིང་གྲགས་ཆེད་དུ་དགག་སྒྲུབ་བྱེད་ཀྱིན་ཡོད།།
རྒྱུ་འབྱོར་དོན་དུ་ལས་ཀ་ལས་བཞིན་ཡོད།།
ང་ཆེ་བསམ་པའི་ཀུན་སློང་ལྡན་གྱིན་ཡོད།།
འཇུག་གི་འབྲས་བུ་མེ་ཡིས་ཚིག་གིན་ཡོད།།

སྔོན་བྱོན་མཁས་པས་པོ་ཏི་རི་ལྟར་བརྩིགས།།
དེང་མི་གླེན་པས་གད་སྙིགས་ཟོ་གང་ཉར།།
མ་རྟོགས་གོང་ནས་གཞན་སྐྱོན་རྗོད་ལ་དགའ།།
མ་ཤེས་གོང་ནས་ཞྭ་མོ་གཡོག་ལ་སྤྲོ།།

མདུན་གྱི་གཡང་ས་མིག་གིས་མཐོང་གིན་མེད།།
མུན་ནག་ཁྲོད་དུ་སྔོན་ལ་འགྲོ་བཞིན་ཡོད།།
རང་སྲོག་འཆད་བར་གླེན་རྟགས་སྟོན་གྱིན་ཡོད།།
སུ་ཡི་ལམ་སྟོན་རྣ་བར་སྙན་གྱིན་མེད།།

ཞིབ་འཇུག་དགོས་ཞེས་ཁ་ནས་གླེང་གིན་ཡོད།།
ཉིན་མཚན་ཀུན་ཏུ་བག་མེད་གཡེང་གིན་ཡོད།།
འདོད་རྩེད་ཙམ་ལས་དཀའ་སྤྱད་ཐུབ་ཀྱིན་མེད།།
ཁ་ནས་བཤད་པ་རླངས་པར་འགྱུར་གྱིན་ཡོད།།

༣༠༡༣ ༡༡ ༢༢ཉིན་བྲིས།