iw

སྙན་ངག་མཁན།  ཋཱ་ཀུར། (Tagore)

ཇོ་བོ་ཉི་དབང་མགོན་པོ་མཆོག

 

 

མེ་ཏོག་རྐང་དང་བོ་མོ།

 
མིན་ལགས།  བདག་གི་མཛའ་བཤེས་རྣམ་པ་ཚོ།

ང་ནམ་ཡང་དཀའ་ཐུབ་པ་ཞིག་བྱེད་པར་མི་འགྱུར་རོ།།

ཁྱོད་ཚོས་ཅི་ཞིག་བཤད་ཀྱང་བླ་ཡི།

གལ་ཏེ་མོས་ང་དང་མཉམ་དུ་དཀའ་ཐུབ་ཀྱི་སྡོམ་ཁྲིམས་མ་བཞེས་ན་ནི།

ང་ནམ་ཡང་དཀའ་ཐུབ་པ་ཞིག་བྱེད་པར་མི་འགྱུར་རོ།།

 

གལ་ཏེ་བདག་ལ་བསིལ་གྲིབ་སྟུག་པའི་གྲིབ་འོག་ཅིག་དང་།

ང་དང་མཉམ་དུ་དཀའ་ཐུབ་ལ་སྡོད་མཁན་ཞིག་མ་རྙེད་པ་ཡིན་ན།

ང་རང་དཀའ་ཐུབ་པ་ཞིག་བྱེད་པར་མི་འགྱུར་རོ་ཞེས་སེམས་ཐག་ཆོད་པ་ཡིན།

མིན་ལགས།  བདག་གི་མཛའ་བཤེས་རྣམ་པ་ཚོ།

གལ་ཏེ་ནགས་ཚལ་གྱི་བསིལ་གྲིབ་སྟུག་པོ་དེར་བདག་གིས་སུ་ཞིག་གི་དགོད་སྒྲའི་བྲག་ཆ་ཐོས་པར་མི་འགྱུར་ཞིང་།

གལ་ཏེ་སུ་ཞིག་གི་ངུར་སྨྲིག་གི་སཱ་རས་རླུང་ཁྲོད་དུ་ལྷབ་ལྷུབ་སྐྱོད་པ་སྲིད་པར་མི་འགྱུར་བ།

 

བརྒྱ་ལ་སྒྲ་ཤིན་ཏུ་མཉེན་པའི་གསང་གཏམ་ཤབ་ཤུབ་ཀྱི་སྒོ་ནས་ས་དེའི་ལྷིང་ཇེ་འཇགས་སུ་བསྒྱུར་བར་མི་འགྱུར་བ་ན།

ང་རང་རང་ཁྱིམ་དང་ཁ་བྲལ་ཏེ་དབེན་པའི་ནགས་ཚལ་དུ་གནས་པར་མི་འགྱུར་ལ།  དཀའ་ཐུབ་པ་ཞིག་ནམ་ཡང་བྱེད་པར་མི་འགྱུར་རོ།།

 
མེ་ཏོག་རྐང་གཉིས་པ་མོ།

 
ཀྱེ།  བདག་ཉིད་ཆེན་པོ།  ཉེས་ཅན་འདི་གཉིས་གུ་ཡངས་སུ་གཏང་བར་ཞུ།

དིང་གི་དཔྱིད་རླུང་རབ་ཏུ་བཟི་སྟེ་གཡུག་པར་བྱེད་ལ།

ས་འདོལ་དང་ལོ་མ་རྙིད་པ་དག་འཁུར་བར་བྱེད།

དེ་དག་དང་ལྷན་དུ་ཁྱེད་ཀྱི་ཁྲིད་ཚན་ཡང་བརླགས་པར་གྱུར།

ཡབ་ཆེན་ལགས།  མི་ཚེ་ལ་སྙིང་བོ་མི་འདུག་ཅེས་མི་གསུང་བར་ཞུ།

རྒྱུ་མཚན་ནི་བདག་ཅག་གིས་འཆི་བ་དང་ལྷན་དུ་ཞི་མོལ་བྱས་ཟིན་ལ།

ད་དུང་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་ངེད་གཉིས་ལ་འཆི་མེད་ཀྱི་གོ་འཕང་ཐོབ་པར་བྱས་ཡོད་པས་སོ།།

 

ཅི་སྟེ་རྒྱལ་བོའི་དམག་དཔུང་ཐོན་ཏེ་ངེད་གཉིས་ལ་ཤུགས་ཀྱིས་རྒོལ་འཛིང་བྱེད་ན་ཡང་།

ངེད་གཉིས་ཀྱིས་སྐྱོ་བའི་ཉམས་དང་བཅས་ཏེ་མགོ་བོ་འཕྲེད་དུ་གཡུག་ཞོར་འདི་སྐད་དུ།

སྤུན་མཆེད་ཚོ།  ཁྱོད་ཚོས་ངེད་ཅག་གི་ལྷིང་འཇགས་དཀྲོག་ཅིང་མཆི།

གལ་སྲིད་ངེད་ཅག་དང་ལྷན་དུ་ཅ་ཅོའི་རྩེད་མོ་འདི་ངེས་པར་རྩེ་བར་འགྱུར་ན་ནི།

སོང་ཞིག   རང་རང་གི་མཚོན་ཆ་ས་གཞན་ཞིག་ཏུ་བརྡབས་རོགས་ཞེས་བརྗོད་ཆོག

རྒྱུ་མཚན་ནི།

དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་ངེད་གཉིས་ལ་འཆི་མེད་ཀྱི་གོ་འཕང་ཐོབ་པར་བྱས་ཡོད་པས་སོ།།

 

གལ་ཏེ་སྙིང་ཉེ་བའི་མི་རྣམས་ཕེབས་ཏེ་ངེད་གཉིས་བསྐོར་བར་བྱས་ན།

གུས་འདུད་དང་བཅས་མངོན་པར་དགའ་བར་བྱས་ཏེ་འདི་སྐད་དུ།

ཁྱད་དུ་འཕགས་པའི་བསོད་ནམས་འདི་བདག་ཅག་ལ་མཚོན་ན་ཁ་སྐྱེངས་བྱེད་ཅིག་ལགས།

ངེད་གཉིས་གནས་སའི་མཐའ་མེད་པའི་ནམ་མཁར་དགོད་བྲོ་བ་ཞིག་ལ་བར་སྟོང་ཁྱོན་ནས་མི་གདའ།

རྒྱུ་མཚན་ནི་དཔྱིད་དུས་ཀྱི་མེ་ཏོག་ཚོགས་འཚང་ཁ་ཤིག་ཤིག་ཐོན་པར་གྱུར་ལ།

བྲེལ་འཚུབ་ཆེ་བའི་སྦྲང་མའི་གཤོག་པ་དག་ཀྱང་ཕན་ཚུན་གཙུབས་བརྡར་བྱེད་ཅིང་མཆི།

ངེད་གཉིས་ཀྱི་དག་ཞིང་ཆུང་ཆུང་སྟེ།

གང་དུ་འཆི་བ་མེད་པའི་ངེད་གཉིད་ཁོ་ན་གནས་ས་དེ་དགོད་བྲོ་བ་ཞིག་ལ་ཧ་ཅང་དོག་ཅེས་ཞུས་ཆོག

 

མེ་ཏོག་རྐང་གསུམ་པ་མོ།

 

མཚན་གྱི་ཆུ་ཚོད་འདི་འདྲ་འཕྱི་བོ་ཞིག་ལ་ཁྲོམ་རའི་སྒོ་ཡང་བརྒྱབ་ཟིན་པས།

ཁྱེད་ཀྱིས་སློ་མ་ཞིག་བཟུང་སྟེ་གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཅིང་མཆི?

ཁོང་ཚོ་ཚང་མ་ཁུར་བོ་དང་ལྷན་དུ་ཁྱིམ་ལ་ལོག་པར་གྱུར་ཞིང་།

ཟླ་བས་སྡེ་བའི་སྡོང་མགོ་ནས་ལྐོག་ལྟ་བྱེད་ཅིང་མཆི།

གྲུ་གཟིངས་འབོད་ཀྱིན་པའི་བྲག་ཆ་ནི་ཆུ་མོ་ནག་པོ་དེ་བརྒྱུད་ནས།

རྒྱང་རིང་གི་རི་སྐྱེས་ངང་བ་གཉིད་སའི་འདམ་རྫབ་ཡོད་སའི་བར་དུ་འཁྱིལ་ཞིང་གདའ།

ཁྲོམ་རའི་སྒོ་ཡང་བརྒྱབ་ཟིན་པས་ཁྱེད་ཀྱིས་སློ་མ་བཟུང་སྟེ་གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཅིང་མཆི?

 

ས་ཡི་གོ་ལའི་མིག་ཟུང་ནི་གཉིད་ཀྱི་མཛུབ་མོས་བཀབ་པར་གྱུར།

ཁ་ཏའི་ཚང་ཡང་ད་ནི་དལ་ཅག་གེར་གྱུར་ལ།

སྨྱུག་མའི་ལྐོག་ལབ་ཤབ་ཤུབ་ཀྱང་དལ་རྨེག་གེར་གྱུར།

ལས་ཀ་བ་རྣམས་ཞིང་ཁ་ནས་ཕྱིར་ཁྱིམ་དུ་ལོག་ཟིན་ནས་ལྷས་རར་རང་རང་གི་གདན་འདིང་ཞིང་གདའ།

ཁྲོམ་རའི་སྒོ་ཡང་བརྒྱབ་ཟིན་པས་ཁྱེད་ཀྱིས་སློ་མ་བསྣམས་ནས་གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཅིང་མཆི?

 

<<མེ་ཏོག་ཕྲེང་རྒྱུད>>་ལས་དྲངས།