དགུང་ལྷོ་ནས་སྤྲིན་དཀར་ལང་ལོང་གཡོ།།
ཆར་ཟིལ་མའི་དངོས་གྲུབ་ཟིམ་ཟིམ་བབ།།
ངའི་སྙིང་སྡུག་གྲོགས་མོའི་ཞལ་རས་དྲན།།
ངག་དུང་བའི་ཚིག་གསུམ་དབང་མེད་ཤོར།།

གནས་བདེ་ཆེན་ཆོས་ཀྱི་ཕོ་བྲང་ན།།
ཐུགས་འོད་གསལ་སྙིང་རྗེ་གཡོ་མེད་པ།།
མ་འགྲོ་བའི་དོན་ཏུ་བརྩོན་པའི་སྨན།།
ངས་འབྲི་དྲུག་ཚིག་གི་དབྱངས་ཀྱིས་བསྟོད།།

སེམས་རིག་པ་རང་བྱུང་རང་བབ་ལ།།
ཡུལ་དག་པ་འོད་ཀྱི་ཐིག་ལེར་བཀྲ།།
གང་སྣང་གྲགས་ཞི་ཁྲོའི་དཀྱིལ་འཁོར་ལྷ།།
གསུང་འཛབ་དབྱངས་སྔགས་ཀྱི་རང་སྒྲ་ཅན།།

གནས་འོག་མིན་མཁའ་སྤྱོད་ཞིང་ཁམས་ནས།།
གྲོགས་རིག་འཛིན་མཁའ་འགྲོའི་ལྕམ་གྲལ་ཏུ།།
ཆོས་གསང་ཆེན་ཚོམ་བུ་ཚོགས་སྒྲུབ་དྲན།།
ལུས་སྐྱེ་བའི་འཕྲེང་བར་སྨོན་ལམ་ཡོད།།

ངའི་ཡ་ཆུང་སྙིང་གི་ཁང་བཟང་ན།།
འདང་བརྗེད་མེད་མཛེས་སྡུག་ལྷ་ཡི་སྨན།།
མ་མཁའ་འགྲོ་ཡིད་དགའ་ཆོས་ཀྱི་གྲོགས།།
ཉམས་གསལ་སྟོང་ངང་ལ་ལྷང་ངེར་དྲན།།

གླིང་ལྷ་སྡེ་ཕྱུག་མོའི་ལྷ་རྒྱུད་མ།།
ལྡོང་འབུམ་པ་དཀར་བོའི་གདོང་རྒྱུད་མ།།
འབྲོག་བོད་པའི་བུ་མོ་བབ་ཆགས་མ།།
ངའི་སེམས་ཀྱི་སེང་ལྕམ་འབྲུག་མོ་དྲན།།

ཆེ་རྒན་པ་བཀུར་བའི་སྤྱོད་བཟང་མ།།
ཆུང་བྱིས་པ་བྱམས་པའི་བརྩེ་ལྡན་མ།།
གྲོགས་མཛའ་བ་མི་འགྱུར་གཞུང་བཟང་མ།།
ངའི་བརྗེད་མེད་སྙིང་གི་གཏན་གྲོགས་དྲན།།

ཕྱི་སྡེ་ཆེན་ཁྲ་མོའི་ཁྲོམ་པའི་རྒྱན།།
ཁྱིམ་གཡང་ཚང་གྲུ་བཞིའི་ནང་གི་བཅུད།།
གཉེན་ཉེ་རིང་ནང་གི་གཅེས་ཕྲུག་མ།།
ངའི་གངས་དཀར་སེམས་ཀྱི་མར་ལོ་ཡིན།།

གྲོང་རི་སྡེའི་ནང་གི་དེང་རྩེ་མ།།
ཆུང་ན་ཟླའི་ནང་གི་སྐྱེ་ཡག་མ།།
འདང་མཛའ་མཐུན་གསེར་གྱི་མདངས་ལྡན་མ།།
ངས་ཉིན་རེ་ཞག་རེ་ཁྱོད་རེ་དྲན།།

གནས་གངས་ལྡན་གཡང་གི་འབྲོག་ཡུལ་ཏུ།།
ལུས་སྨྱུག་དྲུག་ལང་ཚོ་དར་ལ་བབ།།
གནས་འཁོར་བའི་ལས་ལ་རྟག་ཏུ་འབད།།
བྱམས་བརྩེ་བ་ལྡན་པའི་རོགས་ལོ་དྲན།།

གྲོང་འཇིག་རྟེན་མི་ཡི་རྒྱལ་ཁམས་ན།།
ཡིད་མཐུན་པའི་བུ་མོ་ལྷ་ཡི་གཟུགས།།
སེམས་གངས་དཀར་ཨོཾ་ཡིག་མ་འགྱུར་བའི།།
ངའི་ཚེ་རབས་ལས་ཀྱི་གཅེས་གྲོགས་མ།།

སྐྱིད་གཡང་ཁྱིམ་གྲུ་བཞིའི་ནང་བཅུད་དུ།།
ལག་ལས་ཀ་རླུང་ནག་འཚུབ་མ་འདྲ།།
སྒོ་ཕྱི་ཁྱིམ་འཛིན་པའི་གཞི་སྲུང་མ།།
འཛུམ་བརྩེ་བ་འཁྱིལ་བའི་བདག་མོ་དྲན།།

ལུས་རིན་ཆེན་དཀར་འཇམ་པད་མ་ལ།།
གོས་དར་ཟབ་གསེར་དངུལ་རྒྱན་ཆས་སྤྲས།།
སེམས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཅན།།
ཡིད་དེངས་བའི་མཁའ་ལ་ལྷམ་མེར་དྲན།།

ཞལ་ཚུར་འཁོར་ཟླ་བ་གང་འདྲ་ལ།།
མིག་ཁྲ་ཆེན་མཐའ་ཡི་རི་མོས་མཛེས།།
རྒོད་ཐང་གཤོག་བརྐྱངས་འདྲའི་སྨིན་མ་ཅན།།
ཁྱོའི་ངོ་སྟོད་དུང་དཀར་བཤམ་འདྲ་དྲན།།

མཁུར་ཀུ་ཤུ་སྨིན་པའི་ཚོན་མདངས་ལ།།
སོ་དུང་འཕྲེང་མུ་ཏིག་འོད་དཀར་འཕྲོ།།
མཆུ་ཨུལ་པད་དམར་པོའི་འདབ་མ་འདྲ།།
ཁྱོའི་ངོ་སྨད་བྱུ་རུའི་མདོག་འདྲ་དྲན།།

ཕར་འཁོར་ན་འཇའ་ཚོན་བརྐྱངས་བ་འདྲ།།
ཚུར་ཡོང་ན་སྨིན་དྲུག་འཆར་བ་འདྲ།།
གསུང་གོ་ན་ཁུ་བྱུག་གྲགས་པ་འདྲ།།
དྲོད་ལྷོད་ཤ་ཅན་གྱི་བུ་མོ་དྲན།།

དྲན་དྲན་པའི་སྙིང་གི་ཐིག་ལེ་ཁྱོད།།
བསྒུག་བསྒུག་པའི་ཉིན་མོ་དེ་རིང་འཕྲད།།
དུང་དུང་བའི་སྙིང་གཏམ་གླེང་ཞོར་ཏུ།།
དགའ་དགའ་བའི་སྤྲོ་གར་དགྱེས་རོལ་མཛོད།།

དགའ་ལྷང་ལྷང་ཀུ་རེ་གཏམ་གྱིས་བརྒྱན།།
ཕྲ་ལྷེམ་ལྡེམ་གོམ་པའི་འདེག་འཇོག་ཡང་།།
ལག་མི་དལ་ཁྱིམ་གྱི་ལས་ལ་འབད།།
གཟའ་ཚེ་རོགས་དུང་བས་འགྲོགས་མཁས་མ།།

ཡིད་དད་པའི་མཁའ་ལ་བླ་མ་བཞུགས།།
ལས་དགེ་བའི་འབད་པ་རྒྱུན་མི་ཆད།།
ངག་ཟབ་དོན་ཆོས་ཀྱི་སྒྲ་དབྱངས་སྒྲོགས།།
དོན་ཡེ་ཤེས་མཁའ་འགྲོ་མི་ཡི་ཚུལ།།

ཁྱོའི་སྐུ་ལུས་རྒྱལ་བའི་དཀྱིལ་འཁོར་ན།།
ལྷ་ཞི་ཁྲོ་རབ་འབྱམས་སྤྲིན་ལྟར་འཐིབ།།
མགོན་རྩ་གསུམ་རྒྱལ་སྲས་མ་གཏོག་པ།།
རང་ཐ་མལ་རེག་ན་གྲུབ་ཉེན་ཡོད།།

ངའི་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན།།
འདང་གསེར་གྱི་འཁོར་ལོ་གཡས་འཁོར་ཡོད།།
ཡིད་དུང་བའི་སྐོར་དང་ཚེ་འཁོར་ཡིན།།
དོན་བྱམས་པས་སྐོར་དང་རང་འཁོར་ཡིན།།

སྟེང་ཡིད་འཕྲོག་ཡག་རུང་ལྷ་ཡུལ་རེད།།
ཚེ་ད་རབས་ལྷ་ལུས་མི་ལོན་གི །
སྨན་མེ་བཟའ་མཛེས་པ་ཁྱོད་ཙམ་རེད།།
ངས་ཁྱོད་མིན་མ་ལོན་མི་འགྱོད་གི །

ཁྱོད་རྒྱན་དང་ལང་ཚོས་ཕྱི་ན་མཛེས།།
ཁོག་ཤེས་རྒྱའི་རི་མོ་ནང་ན་མཛེས།།
དོན་འགྱུར་མེད་ཁྲེལ་གཞུང་གཏིང་ན་མཛེས།།
མཛེས་གསུམ་འཛོམ་བུ་མོ་གཡང་གིས་སྲུང་།།

སྐུ་འགྱུར་མེད་དྲང་ལ་ལྡེམ་ཤ་ཅན།།
གསུང་འགག་མེད་ལྷོད་ལ་འཇམ་ཤ་ཅན།།
ཐུགས་འཁྲུལ་མེད་བྱམས་ལ་བརྩེ་བ་ཅན།།
ཁྱོད་འཛོམ་གསུམ་གཡང་ལ་འཛོམ་པར་ཤོག །