ཁ་གྱའི་ཁྱུང་སྔོན། གཙོད་གྲོང་ཁྱེར།

བདེ་གཤེགས་ཀུན་གྱིས་བསྔགས་པའི་པད་མ་དཀར།།
བྱམས་འཇམ་ཀླུ་ཐོགས་དབྱིག་གཉེན་ཕྱོགས་ཀྱི་གླང་།།
ཟླ་གྲགས་ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས།།
ཐུབ་དགོངས་རང་དབང་འགྲེལ་མཛད་ལོ་པཎ་མཆོད།།

སྔོན་ཚེ་ཐུབ་པའི་དབང་བོའི་སྤྱན་སྔ་རུ།།
རླབས་ཆེན་སེམས་བསྐྱེད་དོན་དམ་ཡང་དག་ལྟ།།
སྟོན་པའི་བསྟན་པ་མདོ་སྔགས་ཟུང་འབྲེལ་གྱི།།
དགེ་ལྡན་བསྟན་པའི་སྲོལ་འབྱེད་གང་དེར་འདུད།།

དབུ་ཕར་འདུལ་མངོན་ཆོས་ཀྱི་སྙིང་བོའི་གནད།།
ཐེག་མཆོག་ཆོས་ཀྱི་ལམ་དུ་ལེགས་འཁྲིད་ཅིང་།།
སྐྱེ་དགུའི་བསོད་ནམས་ཞིང་དུ་སྨིན་མཛད་པའི།།
བསྟན་པའི་གཏད་རབས་རྣམས་ལ་གུས་པས་བསྟོད།།

མཁས་དབང་གསེར་རིའི་ཕྲེང་བ་དངར་བའི་དབུས།།
གཞུང་ལུགས་རིག་པའི་དམ་བཅའ་བརྟན་པོའི་འཕྲུལ།།
རྒྱལ་བསྟན་གངས་རིའི་ཞིང་ལ་འཇོག་མཁས་བུ།།
རླབས་ཆེན་སྐྱེས་བུ་རྣམས་ལ་གུས་པས་བསྟོད།།

ཆོས་དང་རིག་པས་ཆོས་མིན་ཕམ་མཛད་ཅིང་།།
ཡང་དག་ལྟ་བ་རྟེན་འབྱུང་ནང་ཆོས་གནད།།
སྤྱོད་པ་འཚེ་བ་མེད་པའི་དབུ་མའི་ལམ།།
གསལ་བར་ཕྱེ་མཛད་ལོ་པཎ་རྣམས་ལ་བསྟོད།།

བཙན་པོའི་མངའ་ཐང་གངས་རིའི་ཕྱི་ནང་ཁྱབ།།
སྲིད་ཀྱི་དར་ཆེན་ནམ་མཁའི་མཐོངས་སུ་བཙུགས།།
ལོ་རྒྱུས་མེ་ལོང་ཆོལ་གསུམ་དབུས་ལ་བཏབ།།
མེས་པོ་བཀའ་དྲིན་ཅན་ལ་གུས་པས་བསྟོད།།

བོད་ཡུལ་རྨོངས་པའི་མུན་པ་སེལ་བའི་སླད།།
འཇམ་དབྱངས་བླ་མ་མི་ཡི་གར་དུ་བྱོན།།
སྐད་ཡིག་གསེར་གྱི་ནོར་བུ་བོད་ལ་དྲངས།།
གངས་ལྗོངས་སློབ་དཔོན་མཆོག་ལ་གུས་པས་བསྟོད།།

ཐབས་དང་བློ་ཡི་གློག་རིག་མེ་ཆར་མཆེད།།
རྩལ་འཇོན་ནུས་པས་ཇོཤཱཀ་བོད་ལ་དྲངས།།
མཛའ་མཐུན་གསེར་སྐུད་བོད་རྒྱར་རལ་བ་བཞག།
ཤེས་པའི་བློན་ཆེན་སྟོང་བཙན་གུས་པས་བསྟོད།།

ཆོས་དང་སྲིད་ཀྱི་ལུས་སྟོབས་ཞན་པའི་ཚེ།།
སྲོག་དང་བསྡོས་ཏེ་སྐྱོབ་དང་སྐྱོང་བའི་ཕྱིར།།
ས་སྐྱ་འཁོན་གྱི་གདུང་རབས་རྣམ་པ་ལྔ།།
ཆོས་རིག་ལོ་པཎ་རྣམས་ལ་གུས་པས་བསྟོད།།

ཁ་བའི་མེ་ཏོག་གང་ལ་ཕོག་པའི་ལྷ།།
སྤྱན་རས་གཟིགས་དབང་ཞི་བདེའི་དེད་དཔོན་གང་།།
གངས་རིའི་མགོན་པོ་མཚུངས་མེད་རྒྱལ་བའི་སྡེ།།
ཡིད་བཞིན་ནོར་བུའི་ཞབས་པད་གུས་པས་བསྟོད།།

བདེ་ལྡན་ཞིང་དང་འོག་མིན་གནས་སུ་ནི།།
ནུབ་ཕྱོགས་སྣང་བ་མཐའ་ཡས་སྤྲུལ་བའི་སྲས།།
བྱང་ཆུབ་སེམས་དཔའ་མི་ཡི་གཟུགས་འཆང་བ།།
མགོན་པོ་འོད་དཔག་མེད་པར་གུས་པས་བསྟོད།།

གཞུང་ཆེན་བཀའ་པོད་མདོ་སྔགས་རྒྱ་མཚོའི་མཛོད།།
དཀའ་གནད་མདུད་གྲོལ་གསལ་བར་ཡོངས་ཕྱེ་སྟེ།།
རྗེ་བློ་སྒོ་ཡི་ཐུན་མིན་བཞེད་དགོངས་སོགས།།
ལེགས་པར་སྟོན་མཛད་ཡིག་ཆའི་བྱེད་པོར་བསྟོད།།

རིག་པ་གློག་གི་མེ་སྟག་ཆེམ་ཆེམ་འཕྲོ།།
ལུང་ཚིག་ཆུ་གཏེར་རྦ་རླབས་མཁའ་ལ་འཕྱོ།།
རྩོད་ངག་འབྲུག་གི་སྒྲ་བརྒྱ་ལྡིར་བ་ཡི།།
མི་ཚེ་ཐོས་པར་བསྟིམ་ལ་ཕྱག་གིས་བསྟོད།།

ཀ་ཁའི་དབྱངས་རྟ་སྲོག་ལ་སྦྱར་བ་ཡི།།
ཁ་བ་ཅན་གྱི་ལས་རླུང་དབང་ཐང་ཆེད།།
ག་ལེར་རང་གི་རིགས་ལ་གཅེས་མཁན་ཚོར།།
ང་ཡི་ལུས་ངག་ཡིད་ཀྱིས་གུས་པས་བསྟོད།།

རིགས་ཞེན་དུང་ཟླའི་ལང་ཚོ་འཛུམ་པའི་དབུས།།
བརྡ་སྤྲོད་སྐད་ཀྱི་རླུང་རྟའི་དབུ་འཕང་གི།
རྒྱལ་མཚན་གླིང་བཞིར་སྤུར་བའི་ལ་རྒྱའི་བུ།།
རེ་བའི་བུ་ཆུང་རྣམས་ལ་བདག་གིས་བསྟོད།།

ལྔ་རིག་སྤྲིན་པ་རྒྱུ་བའི་སྡིངས་ཀ་རུ།།
རྣམ་དཔྱོད་གློག་དམར་འཁྱུག་པའི་དབྱར་རྔའི་བུ།།
ཤེས་རིག་སྦྲང་ཆར་འབེབས་ལ་མངོན་བརྩོན་པའི།།
རིག་སྨྲ་སྟག་སེང་ཚོགས་ལ་སོར་མོས་བསྟོད།།

དབྱངས་ཅན་ཞལ་དང་ཉི་མའི་འོད་ཟེར་འབུམ།།
སྙན་ངག་སྐར་རྩིས་སྡེབས་སྦྱོར་རིན་ཆེན་རྒྱུ།།
སྣ་མང་རིག་པའི་གཞུང་ལ་འཇུག་པ་ཡི།།
དེང་གི་རྩོམ་རིག་མཁན་པོ་རྣམས་ལ་བསྟོད།།

གསལ་བྱེད་ཉི་ཟླའི་གུར་ཁྱིམ་འོད་ཕུང་དབུས།།
དབྱངས་བཞིའི་རྒྱུ་བ་བརྟན་པའི་གནམ་སྔོན་མདངས།།
དུས་ཀྱི་མཐར་ཡང་མི་ནུབ་སྤེལ་མཛད་པའི།།
དེང་གི་སློབ་གསོ་བ་རྣམས་གུས་པས་བསྟོད།།

ཡབ་མེས་སྲོལ་བཟང་ངག་གི་དབྱངས་རྟའི་དབུས།།
གནའ་དེང་ཟུང་གི་སྙན་མོའི་ཚིག་གི་འགྲོས།།
བདེ་སྡུག་གླུ་རུ་གྱེར་བའི་སྲིད་པའི་བུ།།
དུས་ཀྱི་གླིང་བུ་རྣམས་ལ་བདག་གིས་བསྟོད།།

གངས་ཅན་བསིལ་མོ་སྨན་གྱི་ལྗོངས་ཆེན་པོར།།
གངས་རི་ལྟ་བུའི་མཁས་གྲུབ་མང་བྱོན་ཏེ།།
གངས་ཀྱི་རིག་གཞུང་འོ་མའི་མཚོ་ཆེན་བསྐྱིལ།།
གངས་ལྗོངས་ལུང་བའི་རྒྱན་དུ་རྒྱས་གྱུར་ཅིག།

༢༠༡༤/༦/༦/དུས་ཆེན་ལ་ཁ་སྟོད་ལྔ་རིག་པདྨའི་དགའ་ཚལ་སློབ་གླིང་དུ།