ལོ་བཅུའི་ཡར་སྔོན་གྱི་མི་མོ་ཞིག་ལ།

སྨུག་སྐྱ་བོ།༼ཆུ་དམར༽

ཁྱོས་བསམ་ཨེ་མྱོང་།
ང་འགྱུར་བཞིན་ཡོད།
ངའི་ལམ་བུ་དང་ཕུགས་འདུན་རྩ་བ་ནས་
འགྱུར་བཞིན་ཡོད།

ཁྱོས་ཐོས་ཨེ་མྱོང་།
ང་འགྱུར་བཞིན་ཡོད།
ང་འགྲོ་ས་དང་གནས་ས་རྩ་ནས་
འགྱུར་བཞིན་ཡོད།

ཁྱོས་དྲན་ཨེ་མྱོང་།
ང་འགྱུར་བཞིན་ཡོད།
ངའི་བརྩེ་བ་དང་དུངས་བ་རྩ་བ་ནས་
འགྱུར་བཞིན་ཡོད།

ཁྱོས་ཤེས་ཨེ་ཡོད།
ང་འགྱུར་བཞིན་ཡོད།
ངའི་བསམ་བློ་དང་ཀུན་སྤྱོད་རྩ་བ་ནས་
འགྱུར་བཞིན་ཡོད།

ཁྱོས་རིག་ཨེ་ཡོད།
ང་འགྱུར་བཞིན་ཡོད།
ངའི་གྱོན་པ་དང་ལས་ཀ་རྩ་བ་ནས་
འགྱུར་བཞིན་ཡོད།

ཁྱོས་བསམ་ཨེ་མྱོང་།
ང་འགྱུར་བཞིན་ཡོད།
ངའི་ཞྭ་མོ་དང་རྐང་ལྷམ་རྩ་ནས་
འགྱུར་བཞིན་ཡོད།