སྤྲིན་གྱི་མེ་ཏོག་དགུང་ཁའི་མཚམས་སུ་བཞད།།
ཆར་བ་ཤག་ཤག་འབྲུག་སྟོང་ལྡིར་ཙ་ན།།
རྩ་མགོར་ཟིལ་ཐིག་རྡོག་རེ་ས་གཞིར་འཐིམ།།
མིག་གི་མཐོང་ཚད་སེམས་ཀྱི་རི་མོ་ཞིག།

རླུང་ལ་གཤོག་པ་ཐོགས་ཏེ་གནམ་ལ་འཕུར།།
གནམ་གྱི་སྒོ་གླེགས་ཕྱེ་བའི་དུས་ཚོད་འདིར།།
རྨུ་མག་སྣེ་ངོར་འཛེག་ནས་ས་གཞིར་བབ།།
ལྟོ་བ་རླུང་གིས་གསེད་པས་མ་གྲང་ངམ།།

འདུར་སྣང་སེམས་ཀྱི་ཁ་དོག་སྣ་ཚོགས་ཤིག།
མཛེས་མའི་སྐྲ་ལོ་དུམ་བུར་ཆད་པ་བཞིན།།
སྟག་མོ་ནགས་ལ་འཁོར་བའི་རྗེས་ཤུལ་དུ།།
ཁྲག་གི་རྐང་རྗེས་ཕབ་ནས་རྒྱང་ལ་བྱོན།།

རྦབ་རྡོ་བྲང་ལ་འགྲུལ་བའི་འཇིག་རྟེན་དུ།།
མ་བརྟག་དྲི་ཞིན་འཐུལ་བའི་སྒོ་ཆེན་ནས།།
ཟམ་པ་རྐང་གཅིག་འཛུགས་པའི་རྨི་ལམ་དེ།།
མིག་གིས་ཞིབ་མོར་བལྟས་ན་འཁྱམ་ཆེན་ཞིག།

སྟོན་ཟླ་ཕར་ལ་བཞུད་པའི་མཚན་ངོགས་སུ།།
ཙན་དམ་ལོ་མའི་སྟེང་གི་ཁུ་བྱུག་འདི།།
ཞོགས་ཁའི་ཉི་ཟེར་ཀློང་ནས་སེམས་ལ་འཕུར།།
སེམས་ཀྱི་ན་བུན་མཐའ་དག་སངས་ནས་འགྲོ།།

ཁྲུང་ཁྲུང་ཆ་གཅིག་སེམས་ཀྱི་གཤོང་དུ་ལྡང་།།
ཕར་ཕར་རྒྱང་ལ་བཀྱེད་པའི་མེ་ལོང་ངོར།།
རྗང་སྒང་རྡུལ་གྱིས་གཡོག་པའི་ཁ་དོག་དེ།།
རིག་པས་ཞིབ་མོར་དཔྱད་ཀྱང་རྟོགས་མི་སྲིད།།

རྒྱ་མཚོ་མཁའ་ལ་འཕྱོ་བའི་གསེར་དངུལ་ཞིག།
མ་སྒོམ་སྙིང་ལ་བཅངས་བའི་མདུད་པ་ཞིག།
རྡུལ་གྱིས་ཁེབས་པའི་མཚོ་མོ་ལྟེངས་ཀ་ནས།།
འོད་ཟེར་ལམ་ལམ་གཙང་བོ་གང་དུ་བཞུར།།

ཚེ་གཅིག་ལས་ཀྱི་བྲན་པའི་མེ་ཏོག་འདི།།
མར་མེ་མཚན་ཐུན་ཞིག་གི་སོལ་བ་རུ།།
སྡོང་ཤིང་ཡུན་གྱིས་འབར་ནས་གཟིམ་སོང་ན།།
བདུད་རྩི་ཕོར་གང་བཏུང་བའི་རོ་བཅུད་ཡིན།།

2013.11.24

བོད་ཟླ་༩བའི་ཚེས༢༢་ནི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་བོ་ལྷ་བབ་ཀྱི་དུས་ཆེན་དང་འགྲོགས་ནས་སྙན་ངག་ཅིག་འབྲི་འདོད་ཀྱི་ཀུན་ནས་བསླངས་ཏེ་རོང་བོ་དགོན་ནས་ཤར་མར་འབྲི་ཁུལ་བྱས་ཡོད།