སྒོ་མེ་ཚེ་རིང་བཀྲ་ཤིས།

ཡུལ་ཚོ་འདིར་མི་ཆ་མེད་ཅིག་བསླེབས་པ་ཐོག་མར་ཚོར་མཁན་ནི། ཨ་ཡེ་སྒྲོལ་མ་མིན་པར་མགར་པ་རྡོ་རྗེ་རེད།

མགར་པ་རྡོ་རྗེ་མལ་ལས་ལངས་རྗེས། དུས་རྒྱུན་ལྟར་ཐབ་ཁུང་ནང་གི་ཐལ་རྣམས་སྒོར་བཏོན་ཏེ་ལྕགས་གཞོང་དུ་བཅུས་ཤིང་། དེ་ནས་ལྕགས་གཞོང་བཟུང་ནས་ཡུལ་ཚོའི་ལོགས་སུ་ཐལ་འཕོ་རུ་ཕྱིན། འབའ་འབུར་མི་སྙོམས་པའི་འདམ་ལམ་དེ་བརྒྱུད་ནས་ཐལ་འཕོ་སའི་ས་དོང་ཁར་བསླེབ་ལ་ཉེ་དུས། ཞོགས་པའི་མཁའ་དབུགས་ཁྲོད་དུ་ཅི་ཞིག་གི་བེམ་རོ་རུལ་བའི་རུལ་དྲི་ཐུལ་ལི་ལི་བྱེད། ཁོས་རང་གི་ལག་གཡས་ཀྱིས་སྣ་ཁ་བསུམ་སྟེ་ས་དོང་གི་ཕྱོགས་སུ་བལྟས་པ་ན། ས་དོང་ནང་དུ་ཁྱི་རོ་ཞིག་འཕངས་འདུག་པས། དྲི་ངན་དེ་ནི་ཁྱི་རོའི་སྟེང་ནས་ལྡང་ཡོང་བ་ཤེས། ཐལ་སྐྱ་ལྕགས་གཞོང་གང་བོ་ས་དོང་ནང་དུ་ཤུགས་ཀྱིས་བྱོ་བ་ན་ཁོར་ཡུག་ཀུན་ཐལ་འཚུབ་བེར་གྱུར། ཁོས་ས་དོང་ལ་ཕྱོགས་ཏེ་མཆིལ་མ་ཞིག་འཕངས་རྗེས། བསམ་བཞིན་དང་བསམ་བཞིན་མ་ཡིན་པར་མདུན་ཕྱོགས་སུ་བལྟ་ཙམ་བྱས་པ་ན། བློ་ཡིད་ལས་འདས་པ་ཞིག་ལ། མདུན་ཕྱོགས་ཀྱི་རྩྭ་གསེང་དུ་རས་གུར་སེར་ལྡང་ཞིག་ཕུབས་འདུག་པ་མཐོང་། ཞོགས་རླུང་ཤུར་ཤུར་ལྡང་བའི་ཁྲོད་དུ་རས་གུར་སེར་ལྡང་དེ་ཤིག་ཤིག་ཏུ་གཡོ་ཞིང་གཡོ། ཁོས་མིག་གི་མཐོང་རྒྱ་ཡངས་པོར་བསྐྱེད་པ་ན། རས་གུར་དང་ཁད་ཐག་ཅུང་ཟད་རིང་སར་ལུས་ལ་གྱོན་པ་དམར་ལྡང་སྤྲས་པའི་མི་ཞིག་གིས་ཁ་ཕར་འཁོར་ཏེ་གཅིན་པ་གཏོང་བཞིན་འདུག་ལ། ཞོགས་པའི་གྲང་བསིལ་བསིལ་གྱི་མཁའ་དབུགས་ཁྲོད་དུ། གཅིན་པ་ནི་རླངས་གཟུགས་སུ་གྱུར་ཏེ་མཁའ་ལ་ལྡང་བར་བྱེད། ཁོ་རང་རྩི་ཕུང་ཞིག་གི་ཕག་ཏུ་ཁ་སྦུབས་སུ་ལོག་སྟེ་བལྟས་པ་ན། མི་དམར་ལྡང་དེ་ནི་གནམ་སའི་མཚམས་སུ་ཀ་ཆེན་དམར་པོ་ཞིག་བསླངས་པ་དང་འདྲ་ལ། ཡང་ཞིབ་ཏུ་བལྟས་ཚེ། རས་གུར་སེར་ལྡང་དང་མི་དམར་ལྡང་གཉིས་ནི་རྩྭ་ཐང་གི་ཁོར་ཡུག་ཏུ་དེ་འདྲའི་མིག་ལ་འཚེར་བ་ཞིག་སྟེ། མགར་པ་རྡོ་རྗེ་ཡིས་མིག་གཉིས་གདངས་ནས་རྣམ་པ་དེ་ལ་ཡུན་རིང་ཅེར་པ་ན། མི་དེའི་ཁོག་ཏུ་ཆུ་རྫ་བུམ་འགའ་བླུགས་པ་ལྟར་དུས་ཡུན་རིང་བོ་ཞིག་ལ་དེ་ལྟར་གཅིན་པ་བཏང་རྗེས་རུས་གུར་གྱི་ཕྱོགས་སུ་ཕྱིན་སོང་། མགར་པ་རྡོ་རྗེས་རྣམ་པ་དེ་མཐོང་བས་འཕྲལ་དུ་ཡར་ལངས་ཤིང་འཚབ་འཚུབ་ངང་ཕྱིར་ལོག་སོང་།

ཞོགས་པའི་ཡུལ་ཚོ་ཆུང་ཆུང་འདི་གཏི་མུག་ལ་ཞེན་པའི་གསར་བུ་མགོ་སྟོང་ཞིག་དང་འདྲ་བར། རྩྭ་ཐང་ཆེན་པོའི་ཕང་བར་ད་དུང་ཁུ་སིམ་མེར་གཉིད་འདུག ཡུལ་ཚོའི་རྒྱབ་རོལ་དུ་ཀྲོང་ངེར་འགྱིང་བའི་རི་བོ་མཐོན་པོ་དེའི་སྐེ་ལ་སྨུག་པ་སྲབ་མོ་ཞིག་སྦྲུལ་ལྟར་འཁྱིལ་ཅིང་། རི་བོ་མཐོན་པོ་དེ་ནི་ཡུལ་འདིའི་མི་རྣམས་ཀྱིས་གཞི་བདག་མཐུ་ཆེན་ཞིག་ཏུ་བཀུར་བའི་ཨ་མྱེས་སྟོང་དཔོན་ཟེར་བ་དེ་ཡིན་ལ། དེ་བཞིན་དུ་ཡུལ་ཚོ་ཆགས་སའི་གནས་འདིའི་མིང་ལའང་སྟོང་དཔོན་ཞེས་འབོད་མོད། འོན་ཀྱང་ཡུལ་ཚོ་སྲིད་གཞུང་གི་སྒོ་བྱང་སྟེང་དུ“ཏུང་ཧྲིན་ཡུལ་ཚོ་མི་དམངས་སྲིད་གཞུང”ཞེས་ཡིག་འབྲུ་དམར་པོ་འགའ་བྲིས་འདུག ཡུལ་ཚོ་ཆུང་ཆུང་འདིའི་གྲུབ་ཆ་གཙོ་བོ་སྟེ། ཁང་ལེབ་སྐྱ་བོ་དག་ནི་སུ་ཞིག་གིས་སྲན་མ་སྤར་གང་ཅི་འདོད་དུ་གཅོལ་བ་ལྟར་ཐར་ཐོར་དུ་ཡོད་ལ། ཁང་ལེབ་སྐྱ་བོ་དེ་དག་གི་གསེང་དུ། ཡུལ་ཚོ་འདིའི་འདུ་ལོང་ཅུང་ཆེ་བའི་སྲང་ལམ་གཅིག་པུ་སྐྱ་ཤ་ལེར་འཐེན་འདུག ཡུལ་ཚོ་འདིར་མི་འབོར་ཤིན་ཏུ་ཉུང་རྐྱེན། རྒྱུན་སྡོད་བྱེད་པའི་མི་རྣམས་ནངས་སྔ་ཐུག་མིན་ན་དགོང་འཕྱི་ཐུག་ཡིན་པས། ཕན་ཚུན་ངོ་མི་ཤེས་མཁན་ཕལ་ཆེར་གཅིག་ཀྱང་མེད། ཡུལ་ཚོ་འདིར་ཡོང་མཁན་ནི་ཁོངས་གཏོགས་འབྲོག་སྡེ་ཁག་གི་འབྲོག་པ་ཚོ་སྟེ། འབྲོག་པ་རྣམས་ཁོམ་ལོང་བྱུང་ཚེ་འཕྲུལ་རྟ་ལྡིར་ལྡིར་དུ་བསྐོར་འོང་ཞིང་།དེ་ནས་རང་རང་ལ་མཁོ་བའི་དངོས་པོ་དག་ཉོས་རྗེས་སླར་ཡང་ལྡིར་སྒྲ་དང་བཅས་ལོག་འགྲོ། ཡུལ་ཚོ་འདི་ཁུལ་དང་རྫོང་སྲིད་གཞུང་གནས་ས་དང་རྒྱང་ཐག་ཤིན་ཏུ་རིང་ལ། མཐའ་འཁོར་དུ་ཡང་ཁྱིམ་མཚེས་ཡུལ་ཚོ་གཞན་མེད་པས་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད། དེ་བས། ཡུལ་ཚོ་ཆུང་ཆུང་འདིར་ཕྱི་ཡོང་པ་ཞག་སྡོད་བྱེད་མཁན་ནི་ཤིན་ཏུ་ཉུང་ངོ་།།

མགར་པ་རྡོ་རྗེས་ཡིས། ཡུལ་ཚོའི་ལོགས་སུ་མི་ཆ་མེད་ཅིག་གིས་རས་གུར་སེར་ལྡང་ཞིག་ཕུབས་ཡོད་པའི་གནས་ཚུལ་དེ་ཁྱིམ་མཚེས་བོད་ལྭ་འཚོང་མཁན་ཨ་ཡེ་སྒྲོལ་མར་ལབ་པ་ན། ཨ་ཡེ་སྒྲོལ་མས་ཧ་ལས་པའི་ཉམས་དང་བཅས “མི་དེ་ཅི་བྱེད་མཁན་ཞིག་ཡིན་ནམ། འདིར་ཅི་བྱེད་དུ་ཡོང་བ་རེད། མི་དེ་གང་ནས་ཡོང་བ་ཡིན་ནམ……”ཞེས་མགར་པ་རྡོ་རྗེ་ལ་དྲི་བ་གཅིག་འཕྲོར་གཅིག་འཕངས་བྱུང་མོད། མགར་པ་རྡོ་རྗེ་ཡིས“དེ་ངས་ག་ལ་ཤེས”ཟེར་བཞིན། ལག་གི་ཐལ་གཞོང་མགར་ཁང་གི་སྒོ་འགྲམ་དུ་ཁྲོག་སེ་འཕངས་རྗེས་ནང་དུ་འཛུལ་སོང་། མགར་པ་རྡོ་རྗེ་ཡི་ལན་དེས་ཨ་ཡེ་སྒྲོལ་མའི་མགུ་གཏན་ནས་མ་གང་བ་འདྲ། ཡིན་ཀྱང་མགར་པ་རྡོ་རྗེ་ཡིས་ལན་དེ་ལས་གསལ་བོ་ཞིག་བཏབ་མ་བྱུང་བས། ཨ་ཡེ་སྒྲོལ་མ་ཁྱིམ་མཚེས་གཞན་དག་ལ་གནས་ཚུལ་དེ་བཤད་དུ་སོང་། ཨ་ཡེ་སྒྲོལ་མ་ནི་ཡུལ་ཚོ་ཆུང་ཆུང་འདིའི་མིང་དུ་གྲགས་པའི་ཨ་ཡེ་བཤད་ཁ་མ་ཁེར་བོ་ཡིན་པས། ཇ་ཡུན་ཙམ་ལ་གཡས་གཡོན་གྱི་ཁྱིམ་མཚེས་རྣམས་ལ་དོན་དག་དེ་གཅིག་མགོར་གཉིས་བཏགས་ནས་བསྒྲགས་པ་རེད། དེ་མ་ཉིད་དུ་ཡུལ་ཚོའི་ལོགས་སུ་མི་ཆ་མེད་ཅིག་བསླེབས་འདུག་པའི་གནས་ཚུལ་ནི། མགར་པ་རྡོ་རྗེ་ཡིས་ལྕགས་བརྡུངས་པའི་ཏིང་སྒྲ་དང་ཆབས་ཅིག་ཕྱོགས་སོར་ཁྱབ་སོང་། ཡུལ་ཚོ་འདིའི་མི་རྣམས་ཀྱིས་བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་ནས། ཉི་མ་རེ་རེ་ཕར་སྐྱེལ་ཚུར་སྐྱེལ་ངང་དུས་འདའ་བཞིན་ཡོད་མོད། མི་ཆ་མེད་ཅིག་ཡུལ་ཚོ་འདིར་བསླེབས་པ་མ་ཟད། ད་དུང་ཡུལ་ཚོའི་ལོགས་སུ་རས་གུར་སེར་ལྡང་ཞིག་ཕུབས་འདུག་ཟེར་བ་གོ་བས། སྲང་ལམ་ངོགས་གཉིས་ཀྱི་ཀོ་ལྷམ་འཚོང་མཁན་ཁོ་བྷ་དང་། རྩམ་པ་འཚོང་མཁན་ཟླ་གོ ཤ་མོག་འཚོང་མཁན་ལྷ་མོ། དར་ལྕོག་འཚོང་མཁན་བསྟན་པ། ཟས་རིགས་འཚོང་མཁན་ཁྱི་ཕྲུག་ཐར་སོགས་ཚོང་པ་ཁྱོད་ཡིན་ང་ཡིན་ཟེར་བ་རྣམས། ཅི་མགྱོགས་གང་མྱུར་གྱིུས་ཨ་ཡེ་སྒྲོལ་མའི་བོད་ལྭ་ཚོང་ཁང་གི་སྒོ་ཁར་རུབ་བྱུང་།
ཨ་ཡེ་སྒྲོལ་མ་ན་རེ། མི་དེ་ཨ་མྱེས་སྟོང་དཔོན་ལ་གངས་སྐོར་དུ་འགྲོ་མཁན་མིན་ནམ།
ཨ་ཡེ་སྒྲོལ་མ་ད་དུང་ན་རེ། མི་དེ་རི་དྭགས་བདའ་མཁན་ཞིག་ཡིན་ཀྱང་སྲིད།
ཨ་ཡེ་སྒྲོལ་མ་མུ་མཐུད་དུ་ན་རེ། ཨ་ཡ་མཚན། མི་ཞིག་གློ་བུར་དུ་གང་ནས་འཇུར་ཡོང་བ་ཡིན་ནམ།
ཨ་ཡེ་སྒྲོལ་མས་དེ་ལྟར་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་གྱིས་ཡར་བཤད་མར་བཤད་བྱེད་དུས། ཚོང་པ་གཞན་རྣམས་ཀྱིས་མོའི་ཁ་ནང་དུ་ཅེ་རེར་ལྟ་བཞིན་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་བྱེད་མོད། ཨ་ཡེ་སྒྲོལ་མས་ཀྱང་ཅི་ཡིན་འདི་ཡིན་གྱི་གཏམ་ཁོད་སོད་པ་ཞིག་བཤད་མ་བྱུང་བས། ཁོ་ཚོས་གློ་བུར་ཅི་ཞིག་ཧ་གོ་བ་བཞིན་གླེང་གཞིའི་ཁྲོད་ཞུགས་སོང་།
ཁོ་བྷ་ན་རེ། མར་ཆུར་ཉོ་མཁན་ཡིན་ཀྱང་སྲིད།
བསྟན་པ་ན་རེ། དེ་པགས་པ་ཉོ་མཁན་མིན་ནམ།
ལྷ་མོ་ན་རེ། ཕྱུགས་ཟོག་ཉོ་མཁན་ཡིན་ཀྱང་ཁྲིགས་ཁྲིགས་མེད།
ཟླ་གོ་ན་རེ། རྐུན་མ་ཞིག་མིན་པའི་ངེས་པའང་མེད།
ཁྱི་ཕྲུག་ཐར་ན་རེ། དེ་འདིར་གནས་སྐོར་དུ་ཡོང་བ་ཡིན་ཀྱང་སྲིད།
ཡིན་ཀྱང་།རྣམ་པ་དེ་དངོས་སུ་མཐོང་མྱོང་བའི་མགར་པ་རྡོ་རྗེ་ཡིས་ལོགས་ཤིག་ཏུ་ཁོ་ཚོས་ཅི་བཤད་ལ་མཉན་པ་ལས་ཁ་ཅི་ཡང་མི་གྲག་པར་ཅི་ཞིག་ལ་འདང་བརྒྱབ་ནས་འདུག

ཨ་མྱེས་སྟོང་དཔོན་གྱི་སྐེ་རུ་འཁྱིལ་བའི་སྨུག་པ་སྲབ་མོ་དེ་རིམ་གྱིས་རིམ་གྱིས་དྭངས་ཤུལ་དུ། སེར་ལམ་ལམ་བྱེད་པའི་ཉིན་བྱེད་ནི་རི་རྩེ་ཆེས་མཐོ་སའི་ཕག་ནས་དལ་གྱིས་འཇུར་ཡོང་ཞིང་། སེར་ལམ་ལམ་གྱི་འོད་ཟེར་གངས་དཀར་པོའི་ངོས་ལ་ཕོག་པ་ན། རི་བོ་མཐོན་པོ་དེར་སྔར་མེད་ཀྱི་བརྗིད་ཉམས་ཤིག་བསྣན་བྱུང་ལ། རི་བོའི་འདབས་རོལ་གྱི་ཡུལ་ཚོ་ཆུང་ཆུང་དེ་ལའང་བཀྲག་མདངས་གསར་བ་ཞིག་བསྩལ་བྱུང་། དེ་དུས་ཡུལ་ཚོའི་མཐའ་ཁུལ་དུ་ཆགས་པའི་སློབ་གྲྭ་ལས་སྐོར་བྲོའི་དབྱངས་སྙན་གྲགས་འོངས་པ་དང་། སློབ་མ་རྣམས་ལུས་རྩལ་ར་བར་འདུས་ཏེ་སྐོར་བྲོའི་སྟངས་སྟབས་ལ་ཞུགས། ཡིན་ནའང་། ཨ་ཡེ་སྒྲོལ་མའི་བོད་ལྭ་ཚོང་ཁང་གི་མདུན་དུ་མི་འགས་གཅིག་ཁ་གཅིག་གིས་ཕྲོགས་ཏེ། མི་ཆ་མེད་དེའི་སྐོར་ལ་རང་རང་གི་དྲན་ཚུལ་ལྷུག་པོར་སྤེལ་བཞིན་འདུག
“མི་ཆ་མེད་ཅིག་འདིར་ཐལ་ཟ་རུ་ཡོང་བ་ཡིན་ནམ།”ཨ་ཡེ་སྒྲོལ་མས་སེན་མོང་ཟད་པོ་དེའི་བར་ནས་ཕྲེང་བ་བགྲང་བཞིན་དེ་ལྟར་བཤད་བྱུང་།
ཁྱི་ཕྲུག་ཐར་གྱིས་མགྲིན་པ་བསང་ཙམ་བྱས་རྗེས “འོ་ལེ། མི་ཆ་མེད་ཅིག་འདིར་ཐལ་ཟ་རུ་ཡོང་བ་ཡིན་ནམ”ཟེར།
དེའི་འཕྲོར་བསྟན་པས་ཀྱང“འོ་ལེ། ཐལ་ཟ་རུ་ཡོང་བ་ཡིན་ནམ”ཟེར།
དེ་ནས་ཟླ་གོས་ཀྱང“འོ་ལེ།མི་དེས་ཐལ་ཟ་རུ་ཡོང་བ་ཡིན་ནམ”ཟེར།
དེར་མཐུད་ནས་ཁོ་བྷས་ཀྱང་རང་ཉིད་ཀུན་གྱིས་རྗེས་སུ་ལུས་སོང་སྙམ་པ་དང་འདྲ་བར།“འོ་ལེ། འོ་ལེ། ཐལ་ཟ་རུ་ཡོང་བ་མིན་ན་ཅི་བྱེད་དུ་ཡོང་ཨང”ཟེར།
ལྷ་མོས་ཀྱང“འོ་ལེ”ཟེར།
རི་མཐོན་པོ་ཨ་མྱེས་སྟོང་དཔོན་གྱི་འདབས་རོལ་ཏུ་ཆགས་པའི་ཡུལ་ཚོ་འདི། ཉིན་གུང་གི་ཚ་གདུག་འོག་ནད་པ་ཞིག་དང་འདྲ་བར་གསོན་ཉམས་ཀྱིས་ཡོངས་སུ་བཏང་འདུག ཡིན་ནའང་ཚ་གདུག་བཙན་པོས་ཀྱང་དབང་དུ་སྡུད་མ་ཐུབ་པ་ནི་ཨ་ཡེ་སྒྲོལ་མ་སོགས་རེད། ཁོ་ཚོས་དོན་ཆེན་ཅི་ཞིག་ལ་གྲོས་བྱེད་པ་ལྟར་སྐད་མགོ་གཅིག་ལས་གཅིག་མཐོ།
“མི་དེ་རྐུན་མ་ཞིག་ཡིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས”
“དེས་ན་རྐུན་མ་ཞིག་མིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས”
“ཡ་ཡ། རྩོད་པ་མ་རྒྱག མི་དེ་ལག་དམར་ཞིག་ཡིན་ཀྱང་སྲིད།”
“དེ་འདྲ་ཡིན་ཚེ་མི་དེར་ཉེན་ཁ་ཆེ་ཨང”
“དེས་མི་ག་ཚོད་ཅིག་བསད་པ་སུས་ཤེས། ལག་དམར་གནམ་གྱིས་མི་ཁེབས་ཟེར་བ་རེད། ཁོ་ལ་འབྲོ་ས་གཞའ་ས་ཞིག་གང་དུ་ཡོད”
“ལག་དམར་ཞིག་ཡིན་ཚེ་མི་དེའི་ལག་ཏུ་གྲི་སོགས་མཚོན་ཆ་ཡོད་པ་ཁོ་ཐག་ཡིན”
“ཨ་ཙི། ལག་དམར་དེའི་ལག་གི་གྲི་ལ་འདོམ་གང་ཡོད་ཀྱང་སྲིད”
“……”
ཡུལ་ཚོ་ཆུང་ཆུང་དེར་གློ་བུར་རླུང་བུ་ཡང་མོ་ཞིག་ལྡང་མགོ་བརྩམས་བྱུང་། ཨ་ཡེ་སྒྲོལ་མའི་གོས་ལྭ་ཚོང་ཁང་གི་བྱ་འདབས་སུ་བཀལ་ཡོད་པའི་རླུང་དར་ཡང་རླུང་གིས་ལྷབ་ལྷུབ་ཏུ་གཡོས་བྱུང་ལ། སྲང་མདོ་རུ་འགྱིག་ཁུག་ཅིག་ཧྲག་སྒྲ་དང་བཅས་ཁུར་ཡོང་ཞིང་། ཁྱི་ལྡོམ་འགས་འགྱིག་ཁུག་གི་རྗེས་བསྙེགས་ནས་བདའ་བཞིན་འདུག ཁྱི་ལྡོམ་དག་གིས་འགྱིག་ཁུག་བདས་བདས་ནས་སྲང་མཐར་བསླེབས་རྗེས། འགྱིག་ཁུག་གིས་བསམ་གཟས་ཏེ་ཁོ་ཚོར་རྩེད་མོ་རྩེ་བ་བཞིན། རླུང་བུ་ཡང་མོ་ཞིག་དང་བསྡོངས་ནས་མཁའ་ལ་ལྡིང་སོང་བས། ཁྱི་ལྡོམ་དག་གིས་བདའ་མཚམས་བཞག་ཅིང་ཕན་ཚུན་ལ་རིག་རིག་ངང་ལྟ་ཞིང་། ལྕེ་འདོམ་པ་གང་བོ་ཕྱིར་བསྣར་ཏེ་མཆུ་ཏོ་ལྡག་ཅིང་མཆིས། སྐབས་དེར། འབྲོག་པ་ཞིག་འཕྲུལ་རྟར་ཞོན་ནས་སྲང་མདོ་ནས་ལྡིར་སྒྲ་དང་བཅས་བྱ་འཕུར་བ་ལྟར་བསླེབས་པ་ན། ཁྱི་རྒན་དག་ནི་འདྲོགས་ལངས་པ་ལྟར་རྔ་མ་གཡུག་བཞིན་གཅིག་ལས་གཅིག་མགྱོགས་ཀྱིས་སྲང་ཤུར་ཞིག་ཏུ་འཛུལ་སོང་། ཡིན་ནའང་། ཨ་ཡེ་སྒྲོལ་མ་སོགས་ཀྱིས་དེ་དག་ལ་མཉམ་འཇོག་ཅི་ཡང་མ་བྱས། ཁོ་ཚོས་མུ་མཐུད་དུ་མི་ཆ་མེད་དེའི་སྐོར་ལ་རང་རང་གི་དྲན་ཚུལ་ཅི་དགར་སྤེལ་བཞིན་འདུག
“མི་དེ་ལག་དམར་མིན་ཡང་སྲིད”
“དེས་ན་མི་དེ་ཅི་ཞིག་ཡིན་ནམ”
“མི་དེ་དོམ་པ་ཞིག་ཡིན་ཀྱང་སྲིད”
“དེས་ན་མི་དེར་དོམ་ག་ཚོད་ཡོད་དམ”
“དེ་ང་ཚོས་ག་ལ་ཤེས། སྒོར་ཁྲི་འགའ་ཡོད་ཀྱང་སྲིད་ལ། ཡང་ན་དེ་ལས་མང་ཡང་སྲིད”
“མི་དེས་སྒོར་མོ་དེ་འདྲ་མང་པོ་བསྐྱིས་ཏེ་ཅི་བྱེད་དམ”
“ཤོ་བརྒྱབ་པ་ཡིན་ཀྱང་སྲིད”
“དེ་འདྲ་ཡིན་ཚེ། མི་དེའི་ཤོ་རྒྱག་རོགས་སྔར་ནས་ཕྱུག་པོ་ཆགས་ཡོད་རྒྱུ་རེད”
“འོ་ལེ། དེའི་ཤོ་རྒྱག་རོགས་ཀྱིས་སྐྱིད་རྒྱག་གི་ཡོད་པ་ཁོ་ཐག་ཡིན”
“ཡིན་ནའང……”
སྐབས་དེར། འཕྲུལ་རྟར་ཞོན་མཁན་འབྲོག་པ་ལོ་ཡར་གསེག་ཅིག་ཐད་ཀར་ཁྱི་ཕྲུག་ཐར་གྱི་ཟས་རིགས་ཚོང་ཁང་གི་སྒོ་ཁར་སོང་ནས་འཕྲུལ་རྟ་ཏན་སེ་བསྡད་ཅིང་། དེ་ནས་ཚོང་ཁང་ནང་དུ་སྐེ་བསྲིངས་ནས་ལྟ་ཙམ་བྱས་ཤིང་། ཚོང་ཁང་ནང་དུ་ཚོང་པ་མེད་པ་ཤེས་པས་ཡར་ལྟ་མར་ལྟ་ཞིག་བྱས་པ་ན། ཨ་ཡེ་སྒྲོལ་མའི་གོས་ལྭ་ཚོང་ཁང་གི་མདུན་དུ་མི་འགའ་ལྷན་དུ་འདུས་ནས་ཁ་བརྡ་བྱེད་པ་མཐོང་བས། “ཨ་རོག་སྦྱིན་བདག ཨ་རོག་སྦྱིན་བདག”ཅེས་ཁོ་ཚོར་ཕྱོགས་ནས་ཡང་ཡང་བོས། ཡིན་ནའང་ཁོ་ཚོས་གཏན་ནས་མ་གོ སྐབས་དེར་མགར་པ་རྡོ་རྗེ་ཡིས་ཁྱི་ཕྲུག་ཐར་ལ། “ཨ་རོག ཚོང་རྒྱག་མཁན་བསླེབས་འདུག ཁྱོད་ཀྱིས་ད་དུང་ཁ་བརྡ་བྱས་ནས་འདུག་རྒྱུ་ཡིན་ནམ”ཟེར་བ་ན། ཁྱི་ཕྲུག་ཐར་གང་ཞིག་ནས་སད་པ་ལྟར། ཨ། ཅི་ཟེར” ཞེས་མགར་པ་རྡོ་རྗེ་ལ་དྲིས་པས། མགར་པ་རྡོ་རྗེ་ཡིས་ཡང་བསྐྱར “ཚོང་རྒྱག་མཁན་བསླེབས་འདུག”ཅེས་ནན་བཤད་ཅིག་བྱས་པ་ན། ད་གཟོད་ཁྱི་ཕྲུག་ཐར་གྱིས་ཧ་གོ་སོང་བ་ལྟར་ཚོང་ཁང་གི་ཕྱོགས་སུ་ཕྱིན་སོང་། གཞན་རྣམས་ཀྱིས་མུ་མཐུད་དུ་ཁ་བརྡ་བྱེད་ཀྱིན་འདུག མགར་པ་རྡོ་རྗེ་གཅིག་པུ་ཁོམ་ལོང་དབེན་པ་བཞིན་མགར་ཁང་དུ་འཛུལ་འགྲོ་ལ། དེ་ནས་ཡང་ཕྱིར་འཇུར་ཡོང་ཞིང་ལག་ནས་ཅི་ཞིག་བསྣོགས་བསྣོགས་རྗེས་སླར་ཡང་མགར་ཁང་དུ་འཛུལ་འགྲོ། དེ་ནས་ཅུང་མ་འགོར་བར་ཡང་ཕྱིར་འཇུར་ཡོང་།
ཨ་ཡེ་སྒྲོལ་མས་གདོང་གི་རྔུལ་ཆུ་འབྱིད་ཙམ་བྱས་པ་ན་གཉེར་མས་ཁེངས་པའི་གདོང་ནི་འོད་ཀྲིག་ཀྲིག་བྱེད། མོ་རང་ལོ་ན་ཅུང་ཟད་བགྲེས་ཀྱང་སྐད་ཆའི་གདངས་ལ་སྟོབས་ཤུགས་ཤིག་བརྟས་འདུག
“རས་གུར་སེར་ལྡང་ཞིག་ཕུབས་ཡོད་པར་བསམས་ན། མི་དེ་དུས་ཡུན་རིང་བོ་ཞིག་ལ་སྡོད་རྩིས་ཡོད་པ་མིན་ནམ། ཁ་ནང་དུ་ཐལ་བརྒྱག་རྒྱུ་དེ་ང་ཚོའི་ཡུལ་ཚོར་ཡོང་བར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ཁོ་ཐག་ཡིན། དེ་ལྟར་མིན་ཚེ་ས་མཐའ་འདི་ལྟ་བུ་ཞིག་ཏུ་ཡོང་དོན་ཅི་ལ་ཡོད་ཨང་།”
ཨ་ཡེ་སྒྲོལ་མས་དེ་ལྟར་བཤད་ཀྱིན་ཡང་བསྐྱར་དཔྲལ་ངོས་ཀྱི་རྔུལ་ཆུ་འབྱིད་ཙམ་བྱས་སོང་།
“དེ་ལ་དམིགས་ཡུལ་ཅི་ཞིག་ཡོད་དམ།”
ཁྱི་ཕྲུག་ཐར་གྱིས་དོགས་འཚེར་དང་བཅས་དེ་སྐད་བཤད་རྗེས་གཞན་རྣམས་ཀྱིས་ཅི་བཤད་ལ་མཉན་འདུག
ཁོ་བྷས་མགོ་ལ་འཕྲུག་ཙམ་བྱས་ཤིང་། དེ་ནས་ཅི་ཞིག་བཤད་འདོད་ཀྱི་ཁ་འགུལ་ཙམ་འགུལ་ཙམ་བྱས་རྗེས་མཐའ་མར་ཅི་ཡང་བཤད་མ་བྱུང་བས། ལོགས་སུ་ཁོ་བྷས་ཅི་བཤད་ལ་བསྒུགས་འདུག་པའི་ཟླ་གོས་ཁོའི་གདོང་ལ་ཅེར་ནས“དམིགས་ཡུལ་ནི་ཡོད་ཁོ་ཐག་ཡིན་རྒྱུ་རེད། ཡིན་ནའང་དམིགས་ཡུལ་ཅི་ཞིག་ཡིན་ནམ”ཟེར།
“དམིགས་ཡུལ་ལོས་ཡོད།དམིགས་ཡུལ་ད་རུང་ངན་པ་ཞིག་བཅངས་ཡོད་ནའང་ཐང་།”
“དམིགས་ཡུལ་ངན་པ་ཅི་ཞིག་འཆང་ངམ།”
“……”

ད་ནི་ཉིན་བྱེད་དབང་བོས་དཀར་ལམ་མེར་བྱེད་པའི་ཨ་མྱེས་སྟོང་དཔོན་གྱི་རི་རྩེ་མཐོ་ས་དེ་རིང་དུ་དོར་ནས་ནམ་མཁའི་དཀྱིལ་ལ་བསླེབས་འདུག སྲང་མཐའི་སློབ་གྲྭའི་ཕྱོགས་ནས་སློབ་མ་རྣམས་ཀྱིས་འུར་རྒྱག་པའི་སྒྲ་ཡུལ་ཚོ་ཆུང་ཆུང་དེའི་སྟོད་སྨད་བར་གསུམ་དུ་མཆེད་བྱུང་ལ། རྒྱང་རིང་དུ་ཡུལ་ཚོའི་ཕྱོགས་སུ་གཤར་ནས་འོང་བའི་འཕྲུལ་རྟ་འགའ་རྡུལ་འཚུབ་ཀྱི་ཀློང་དུ་བཏུམས་སོང་། ཁྱི་ལྡོམ་དག་ཀྱང་ཉིན་ཁ་དྲོ་སར་བཙངས་ཏེ་ཁ་སྦུབས་སུ་གཉིད་འདུག་མོད། སྐྱག་སྦྲང་དུམ་བུ་ཞིག་ཁོ་ཚོའི་སྟེང་དུ་བབས་ཤིང་སྒྲ་དིར་དིར་དུ་སྒྲོག་པས། དེའི་ཁྲོད་ཀྱི་ཁྱི་ལྡོམ་ཞིག་གིས་མགོ་བོ་ཡང་ཡང་གསིག་པར་བྱེད་ཀྱང་། སྐྱག་སྦྲང་རྣམས་ཡར་འཕུར་མར་འཕུར་ལན་འགའ་བྱས་རྗེས་ཡང་བསྐྱར་ཁོ་ཚོའི་སྟེང་དུ་བབས་བྱུང་བས། ཁྱི་ལྡོམ་དེ་ཡང་ཅི་བྱ་གཏོལ་མེད་དུ་གྱུར་པ་བཞིན་འགུལ་ཙམ་ཡང་མི་བྱེད་པར་བསྡད་འདུག ཏག་ཏག་སྐབས་དེར། ཡུལ་ཚོ་སྲིད་གཞུང་གི་གཡས་ལོགས་ཀྱི་སྤང་རྩྭ་ལེབ་མོ་དེའི་སྟེང་དུ་ལས་བྱེད་པ་འགས་ལྦུ་རག་འཐུང་བཞིན། རྒྱང་རིང་གི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ག་གེ་མོར་ཐན་པ་བྱུང་ནས། མི་མང་པོ་ཕྱོགས་སོར་འཁྱམ་བཞིན་པའི་གནས་ཚུལ་ཞིག་གླེང་བཞིན་འདུག་ལ། མཚམས་དང་མཚམས་སུ་དགོད་སྒྲ་ལྷང་ལྷང་དུ་བསྒྲགས་འོངས།
ཨ་ཡེ་སྒྲོལ་མས་གློ་ལུད་བསྟུད་མུར་ཐེངས་གསུམ་བརྒྱབ་རྗེས་ལག་གི་ཕྲེང་བ་ནག་པོ་དེ་སྐེ་ལ་བསྐོན་ཞིང་། མུ་མཐུད་དུ “མི་དེ་གང་ཞིག་ནས་ཡོང་བ་ཡིན་ནམ”ཟེར་བ་ན། ཁོ་བྷས་གཞན་རྣམས་ཀྱིས་ཅི་ཡང་མ་བཤད་གོང་སྔོན་མ་བྱས་ཏེ།“འོ་ལེ། གང་ཞིག་ནས་ཡོང་བ་ཡིན་ནམ”ཟེར། དེར་མཐུད་ནས་བསྟན་པ་དང་ཟླ་གོ་དང་ལྷ་མོ་གསུམ་གྱིས་ཀྱང“གང་ཞིག་ནས་ཡོང་བ་ཡིན་ནམ”ཞེས་ཨ་ཡེ་སྒྲོལ་མ་དང་ཁོ་བྷ་གཉིས་ལ་ལད་མོ་བྱེད་པ་བཞིན་བསྐྱར་ཟློས་ཤིག་བྱས་སོང་། ཁྱི་ཕྲུག་ཐར་ནམ་ཞིག་ལ་ཁོ་ཚོ་དང་ཁ་བྲལ་ཞིང་། ཡང་ནམ་ཞིག་ལ་ཁོ་ཚོའི་གྲས་སུ་བསླེབས་པ་ཨ་ཡེ་སྒྲོལ་མ་སོགས་ཀྱིས་ཅི་ཡང་མ་ཚོར། ཁྱི་ཕྲུག་ཐར་གྱིས“དེ་གང་ཞིག་ནས་ཡོང་བ་སུས་ཤེས”ཟེར།མགར་པ་རྡོ་རྗེ་ཡིས་ལྕགས་བརྡུངས་པའི་སྒྲ“ཏིང—ཏིང—”ཞེས་ཡུལ་ཚོ་ཆུང་ཆུང་དེའི་སྲང་བར་ཀུན་ཏུ་གྲག་ཅིང་མཆིས། དེ་ནི་ཆེད་དུ་ཁོ་ཚོའི་གཏམ་གླེང་ལ་རམ་འདེགས་རོལ་མོ་དཀྲོལ་བ་དང་འདྲ།

ཕྱི་དྲོའི་མཚམས་སུ་ཉི་འོད་ཇེ་གཉོམ་ནས་ཇེ་གཉོམ་ཡིན་པས། གནམ་གཤིས་ལའང་འགྱུར་ལྡོག་བྱུང་སྟེ་དྲོ་གྲང་ཇེ་དམའ་ནས་ཇེ་དམར་ཕྱིན། ཐོག་མར་ཨ་ཡེ་སྒྲོལ་མས་གྲང་འདར་ཞིག་བརྒྱབ་སོང་། དེར་མཐུད་ནས་བསྟན་པ་དང་ཁོ་བྷ་སོགས་ཀྱིས་བསྟུད་མུར་གྲང་འདར་ལན་འགའ་བརྒྱབ་སོང་། སྐབས་དེར་མགར་པ་རྡོ་རྗེ་ཡིས་ལག་གི་རྡུང་འཕྲོར་ལུས་པའི་ལྕགས་ལེབ་དེ་གཡུགས་ཤིང་། གདོང་ལ་ཞེད་སྣང་ཞིག་བསྒོས་ཏེ“ང་ཚོས་ཡུལ་ཚོ་སྲིད་གཞུང་ལ་ཡར་ཞུ་བྱས་ན་ཅི་འདྲ”ཟེར།མགར་པ་རྡོ་རྗེ་ཡིས་གློ་བུར་ཁ་གྲགས་ཤིང་གྲོས་གཞི་གལ་ཆེན་བཏོན་པ་དེས་ཁོ་ཚོ་རེ་ཞིག་གྲག་མེད་སེ་བཏང་ལ། ཡུད་ཙམ་གྱིས་སོ་སོའི་གདོང་གི་རྣམ་འགྱུར་སླར་ཡང་རྒྱུན་ལྡན་དུ་གྱུར་ཅིང་འཐད་པའི་བརྡ་ལ་མགོ་བོ་གུག་གུག་བྱེད། ཁྱི་ཕྲུག་ཐར་གྱིས་མགར་པ་རྡོ་རྗེ་ཡི་གདོང་ལ་ཅེར་ནས་འཛུམ་ཞིག་བཏོད་རྗེས “ང་ཚོའི་སེམས་ལ་དེ་ཅིའི་ཕྱིར་མ་དྲན་པ་ཡིན་ནམ”ཟེར་བ་ན། གཞན་རྣམས་ཀྱིས་དེར་མཐུད་དེ“འོ་ལེ། ང་ཚོའི་སེམས་ལ་ཅིའི་ཕྱིར་མ་དྲན་པ་ཡིན་ནམ” ཞེས་གོང་གི་སྐད་ཆ་དེ་ལན་རེ་བཟློས་རྗེས། ཨ་ཡེ་སྒྲོལ་མ་དང་མགར་པ་རྡོ་རྗེ་གཉིས་ཀྱི་གདོང་ལ་རེས་མོས་སུ་བལྟས་བྱུང་། ཨ་ཡེ་སྒྲོལ་མས“དོན་དག་འདི་ཚབས་ཆེན་རེད། ང་ཚོས་ སྲིད་གཞུང་ལ་ཡར་ཞུ་བྱས་ན་འགྲིག”ཟེར་བ་ན། མི་ཚང་མའི་གདོང་ལ་འཚུབ་སྣང་ཞིག་ངང་གིས་འཁོར་བྱུང་།
ཁོ་ཚོ་ཆབས་ཅིག་ཏུ་ཡུལ་ཚོ་སྲིད་གཞུང་གི་ཕྱོགས་སུ་ཆས། ག་ནས་ལྡང་ཡོང་བ་མི་ཤེས་པའི་འཚུབ་མ་ཞིག་ཁོ་ཚོའི་མདུན་དུ་གཅུས་འཁོར་ཞིག་བརྒྱབ་རྗེས་རྒྱང་ལ་ཡལ་བས། ཨ་ཡེ་སྒྲོལ་མས་ འཚུབ་མ་འཁྱམ་པོ་དེའི་རྗེས་ལ“ཕེ་ཕེ་ཕེ”ཞེས་མཆིལ་ཞགས་ཤིག་འཕངས་སོང་། ཡིན་ནའང་མགར་པ་རྡོ་རྗེ་ནི་འཚེར་སྣང་ཞིག་གིས་ཁེངས་ཤིང་རྒྱང་ནས་རྒྱང་དུ་ཡལ་བཞིན་པའི་འཚུབ་མར་ཅེར་ནས་ཧད་འདུག ཡུལ་ཚོ་སྲིད་གཞུང་གི་ལས་བྱེད་པ་ཚོས་སྔོན་ལྟར་སྤང་རྩྭ་ལེབ་མོའི་སྟེང་ལྦུ་རག་འཐུང་བཞིན་ཅི་ཞིག་རྩོད་གླེང་བྱེད་བཞིན་འདུག ཁོ་ཚོ་མདུན་དུ་སོང་ནས་བལྟས་པ་ན། དེ་དག་གི་ཁྲོད་དུ་ཡུལ་ཚོའི་དཔོན་པོ་སྐྱ་བྷ་ཡང་ཡོད་པས། ཨ་ཡེ་སྒྲོལ་མ་སྔོན་མ་བྱས་ཏེ་མདུན་དུ་བཅར་ཞིང་། ཐོག་མར་ཡུལ་ཚོའི་དཔོན་པོ་ལ་འཚམས་འདྲི་ཞིག་བྱས། དེ་ནས་ཡུལ་ཚོའི་དཔོན་པོ་ལ་ཡུལ་ཚོའི་ལོགས་སུ་མི་ཆ་མེད་ཅིག་གིས་རས་གུར་སེར་ལྡང་ཞིག་ཕུབས་འདུག་པའི་གནས་ཚུལ་ཞུས་པ་ན། ཆང་རག་གི་བཅུད་ཀྱིས་ངོ་མདོག་དམར་པོར་བསྒྱུར་པའི་ཡུལ་ཚོའི་དཔོན་པོ་སྐྱ་བྷ་ཏབ་ཅིག་ལ་ཁ་རོག་གེར་ལུས། ལས་བྱེད་པ་གཞན་རྣམས་ཀྱང་ཁ་རོག་གེར་ཡུལ་ཚོའི་དཔོན་པོས་ཅི་བཤད་ལ་མཉན་འདུག དེ་དུས་ཡུལ་ཚོའི་དཔོན་པོ་སྐྱ་བྷའི་ཡིད་ལ་ཅི་ཞིག་དྲན་པ་ལྟར་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་ཞིང་། གམ་གྱི་མིག་གཉིས་ཕྱེ་མ་ཟིམ་དུ་ཡོད་པའི་མི་དེར“ཁྱོད་ཀྱིས་མྱུར་དུ་སྡེ་ཁག་སོ་སོའི་མགོ་ཁྲིད་པར་བརྡ་རྒྱོབས་ལ་ཚོགས་ཁང་དུ་བོས་ཤོག ང་ཚོས་གྲོས་བསྡུར་ཞིག་བྱ”ཞེས་བཤད་རྗེས། འཚབ་འཚུབ་ངང་ཡུལ་ཚོ་སྲིད་གཞུང་གི་སྒོ་ཆེན་ནང་དུ་འཛུལ་སོང་བས། ལས་བྱེད་པ་གཞན་དག་ཀྱང་ཁོའི་རྗེས་བསྙེགས་ཤིང་གོམ་པ་རིང་ལེན་གྱིས་བུད་སོང་། ཨ་ཡེ་སྒྲོལ་མ་སོགས་ཀྱིས་དོན་ཆེན་ཅི་ཞིག་གྲུབ་སོང་བ་ལྟར། གདོང་ལ་རྣམ་རིག་ཅིག་རྒྱས་ཤིང་ཡུལ་ཚོ་སྲིད་གཞུང་གི་སྒོ་ཁར་རུབ་སྟེ། ཡུལ་ཚོའི་དཔོན་པོས་ཐབས་བཀོད་ཅི་ཞིག་འཐེན་པར་བསྒུགས་འདུག མགར་པ་རྡོ་རྗེ་གཅིག་པུའི་གདོང་ནི་ནག་རོག་གེར་སྲང་མདོའི་ཕྱོགས་སུ་ཡང་ཡང་བལྟ།

ཉིན་བྱེད་ནི་གནམ་སའི་མཚམས་གང་ཞིག་ཏུ་འཕག་འཚག་ལན་འགའ་བརྒྱབ་རྗེས་མི་སྣང་བར་གྱུར་སོང་། རྩྭ་ཐང་གི་ཁོ་ར་ཁོར་ཡུག་ཀུན་སྨག་རུམ་གྱི་ཁོང་དུ་བྱིངས་ལ་ཉེ། ཡིན་ནའང་ཡུལ་ཚོའི་དཔོན་པོས་ད་དུང་ཐབས་བཀོད་ཅི་ཡང་འཐེན་མ་ཐུབ་པ་འདྲ། ཡུལ་ཚོ་སྲིད་གཞུང་གི་ཚོགས་རའི་ཕྱོགས་ནས་གློག་འོད་མག་མོག་ཅིག་སྤྲོ་ཞིང་། སྒེའུ་ཡོལ་ངོགས་སུ་མི་ཞིག་ཕར་འགྲོ་ཚུར་འགྲོ་བྱེད་པའི་གྲིབ་གཟུགས་ཡང་ཡང་འགུལ་བར་བྱེད། དེ་ནི་ཡུལ་ཚོའི་དཔོན་པོ་སྐྱ་བྷ་ཡིན་པ་ཤེས་ཐུབ། ཁོས་ཐ་མག་སྔོ་ལྷོག་ལྷོག་ཏུ་འཐེན་བཞིན་ཅི་ཞིག་བཤད་ཀྱིན་འདུག་མོད། འོན་ཀྱང་གློག་འདོན་འཕྲུལ་ཆས་ཀྱི་འུར་སྒྲ་བར་མེད་དུ་གྲགས་ཡོང་བས། ཚོགས་རའི་ནང་གི་སྐད་སྒྲ་ཚོགས་རའི་ཕྱི་རོལ་གྱི་ཁོ་ཚོས་ཅི་ཡང་གོ་མི་ཐུབ། སྐབས་དེར་ཁྱི་ཕྲུག་ཐར་གྱིས་གྲོས་མགོ་གསར་པ་ཞིག་བཏོན་བྱུང་།
“ང་ཚོས་འདི་ལྟར་བསྒུགས་ཚེ་ནམ་ལངས་རྒྱུ་རེད། ང་ཚོ་མི་ཆ་མེད་དེར་དངོས་སུ་ལྟ་རུ་སོང་ན་ཅི་འདྲ།” ཁྱི་ཕྲུག་ཐར་གྱིས་དེ་ལྟར་བཤད་རྗེས་གཞན་རྣམས་ཀྱིས་ཅི་བཤད་ལ་རྣ་བ་བླགས་འདུག
ཨ་ཡེ་སྒྲོལ་མས“དེ་རེད། ང་ཚོ་སོང་ནས་གཅིག་ལྟ”ཟེར།
བསྟན་པས“ང་ཚོས་ཡུལ་ཚོའི་དཔོན་པོར་ཅུང་ཟད་བསྒུགས་ན་ཅི་འདྲ”ཟེར།
ཟླ་གོས“བསྒུག་དགོས་དོན་མི་འདུག ང་ཚོ་དངོས་སུ་སོང་ནས་བལྟས་ན་ལེགས”ཟེར།
ཁོ་བྷས་ཀྱང“དེ་ལྟར་བྱ”ཟེར།
ལྷ་མོས་ཀྱང“དེ་ལྟར་བྱ་ན་བྱ”ཟེར།
མགར་པ་རྡོ་རྗེ་ཁ་རོག་གེར་ཡུད་ཙམ་ལ་བསྡད་རྗེས “འགྲོ་ན་འགྲོ”ཟེར་མོད། ཁོའི་སྐད་གདངས་ཁྲོད་དོགས་སྣང་ངམ་ཐེ་ཚོམ་ཞིག་གིས་ཁེངས་འདུག
ཁོ་ཚོ་མགར་པ་རྡོ་རྗེ་ཡི་སྣེ་ཁྲིད་འོག་འབའ་འབུར་མི་སྙོམས་པའི་འདམ་ལམ་བརྒྱུད་ནས་ཡུལ་ཚོའི་ཕྱི་རོལ་ཏུ་ཆས། ཁོ་ཚོ་ཕལ་ཆེར་གད་སྙིགས་འཕོ་སའི་ས་དོང་ཁར་བསླེབས་པ་འདྲ། མཚན་གྱི་མཁའ་དབུགས་ཁྲོད་དུ་རུལ་དྲི་ཐུལ་ཐུལ་དུ་ལྡང་བས། མི་རྣམས་ཀྱིས་སྣ་ཁ་ཟུམ་ཞོར་ཁ་ནས“ཕེ”ཟེར་བཞིན་རྩྭ་ཐང་གི་ཕྱོགས་སུ་ཆས། ཁྱི་ཕྲུག་ཐར་གྱིས “ཕེ། འདི་རུ་ཟོག་རོ་ཞིག་རུལ་འདུག་པ་འདྲ”ཟེར་བ་ན། མགར་པ་རྡོ་རྗེ་ཡིས“ཟོག་རོ་མ་རེད། ངས་ད་ནངས་འདི་རུ་ཐལ་འཕོ་དུས་ཁྱི་རོ་ཞིག་རུལ་འདུག་པ་མཐོང”ཟེར། ཨ་ཡེ་སྒྲོལ་མས།“ཁྱི་རོ་ཞིག་རུལ་འདུག་ཟེར་རམ། དེ་ནི་མི་ཆ་མེད་དེས་བསད་པ་མ་ཡིན་ནམ”ཟེར་བ་ན། མགར་པ་རྡོ་རྗེས་ཡིས“དེ་ངས་ཀྱང་མ་ཤེས། གང་ལྟར་ཁྱི་རོ་ཞིག་རུལ་འདུག”ཅེས་བཤད་ཞོར་ཁོས་ཞོགས་པར་རས་གུར་སེར་ལྡང་ཞིག་མཐོང་བའི་ཕྱོགས་དེར་ཕྱིན། ཡིན་ནའང་ཁོ་ཚོས་ཡར་བཙལ་མར་བཙལ་བྱས་ཀྱང་རས་གུར་སེར་ལྡང་དེ་ཕར་ཞོག་ཕུབས་པའི་ཤུལ་ཞིག་ཀྱང་མ་རྙེད།
མགར་པ་རྡོ་རྗེ་ཡིས། “ཨ་ཡ་མཚན། ད་ནངས་ངས་དངོས་སུ་མཐོང་བ་ཡིན། ད་ཤུལ་ཙམ་ཡང་མེད་པ་ཅི་རེད”ཟེར་བཞིན་རྩྭ་གསེང་ནས་ཕར་འགྲོ་ཚུར་འགྲོ་བྱེད།
དེ་དུས་ཁྱི་ཕྲུག་ཐར་གྱིས“ཨ་ཁུ་མགར་པ། ཁྱོད་ལ་མིག་འཕྲུལ་བྱུང་བ་མིན་ནམ”ཟེར།
ཨ་ཡེ་སྒྲོལ་མས་ཀྱང“ཁྱོད་ཀྱིས་དོན་དམ་དུ་མཐོང་ངམ་མ་མཐོང”ཟེར།
“ཨ་ཙི། དངོས་གནས་ཡ་མཚན་པ་ལ། ངས་ལོས་མཐོང་། ངས་ད་དུང་ཡུན་རིང་ཞིག་ལ་བལྟས་བསྡད་པ་ཡིན།” མགར་པ་རྡོ་རྗེ་ཡིས་ཧ་ལས་པའི་ཉམས་ཤིག་བསྟན་ཀྱང་། གཞན་རྣམས་ཀྱིས་ཁོའི་གདོང་གི་ཧ་ལས་པའི་རྣམ་འགྱུར་དེ་མ་མཐོང་།
ཟླ་གོས“དེས་ན་གང་དུ་བུད་སོང་ངམ། ང་ཚོ་དེ་རིང་ཉིན་གང་བོར་རྒྱ་སྲང་དུ་བསྡད་པས། མིདེ་གང་ཞིག་ཏུ་བུད་སོང་ཚེ་མཐོང་སྲིད་པ་ཁོ་ཐག་ཡིན”ཟེར།
ཁོ་བྷས་ཀྱང“འོ་ལེ། ཨ་ཁུ་མགར་པར་མིག་འཕྲུལ་བྱུང་བ་མིན་ནམ”ཟེར།
ལྷ་མོས“ཨ་ཁུ་མགར་པ་ཧོན་ལོག་པ་མིན་ནམ”ཟེར།
མགར་པ་རྡོ་རྗེ་ཡིས“གལ་ཏེ་ངས་ད་ནངས་མཐོང་མེད་ཚེ། ང་ཁྱི་རྒན་གན་བཞིན་རུལ་མི་འགྲོ་ན་དཀོན་མཆོག་གསུམ”ཞེས་མཛུབ་གུས་ས་དོང་གི་ཕྱོགས་སུ་སྟོན་བཞིན་མནའ་རྒན་ཞིག་བསྐྱལ་སོང་མོད། མུན་ནག་ཁྲོད་དུ་ཁོའི་མཛུབ་གུ་སུ་ཞིག་གིས་མཐོང་སྲིད།
“ཨ་ཡ་མཚན།”
“ཡ་མཚན།”
“ཡ་མཚན་རེད།”
“ངོ་མ་ཡ་མཚན་རེད་ཡ།”
ཁོ་ཚོས་ཡར་བཙལ་མར་བཙལ་བྱས་ཀྱང་མི་ཆ་མེད་ཕར་ཞོག ཐ་ན་རས་གུར་སེར་ལྡང་དེ་ཡང་མ་རྙེད་པས་ན། མཐར་ཚང་མས་མགར་པ་རྡོ་རྗེ་ལ་སྡུག་སྨྲེ་རེ་འདོན་བཞིན་འཚབ་འཚུབ་ངང་རང་སར་ལོག་སོང་། ཤུལ་དུ་མགར་པ་རྡོ་རྗེ་གཅིག་པུ་ལུས་འདུག ཞོགས་པར་མཐོང་བའི་སྣང་བསྙན་དེ་ཡང་བསྐྱར་ཁོའི་མཐོང་ལམ་དུ་བཙངས་ཡོང་ནའང་། ཁོས་རང་ལ“ང་ལ་དངོས་གནས་མིག་འཕྲུལ་བྱུང་བ་མིན་ནམ”ཞེས་ཁེར་ལབ་ཅིག་བརྒྱབ་རྗེས། དེ་མ་ཉིད་དུ“དཔེ་མི་སྲིད། གཏན་ནས་དཔེ་མི་སྲིད”ཅེས་རང་གིས་རང་ལ་དགག་བྱུང་། ཁོས་དེ་ལྟར་རང་ལ་བདེན་ཁ་སྟེར་ཞོར་དང་དགག་པ་རྒྱག་ཞོར་ཡུལ་ཚོའི་སྲང་བར་དུ་འབྱོར། ཁོས་ཡུལ་ཚོ་སྲིད་གཞུང་གི་ཕྱོགས་སུ་མིག་ཞགས་ཤིག་འཕངས་པ་ན། ཚོགས་རའི་སྒེའུ་ཁུང་ལས་ད་དུང་འོད་མག་མོག་ཅིག་བར་མེད་དུ་སྤྲོ་ཞིང། སྒེའུ་ཡོལ་ངོས་སུ་ཡུལ་ཚོའི་དཔོན་པོ་སྐྱ་བྷའི་གྲིབ་གཟུགས་ནི་འགུལ་རིས་ཤིག་དང་འདྲ་བར་ཕར་འགྲོ་ཚུར་འགྲོ་བྱེད། དེ་དུས། སྲང་བར་གྱི་གྲུ་ག་ག་གེ་མོར་ཁྱི་ལྡོམ་ཚོས་ཟུག་སྐད་བར་མེད་དུ་འབྱིན་པའི་སྒྲ་གསལ་ལྷིང་ངེར་ཁོའི་རྣ་ལམ་དུ་གྲགས་ཡོང་།
……

མཚན་མོ་དེར། མགར་པ་རྡོ་རྗེ་ཡིས་རྨི་ལམ་གཅིག་ཡང་ནས་བསྐྱར་དུ་རྨིས་བྱུང་ལ། བསྐྱར་ཟློས་ཀྱི་རྨི་ལམ་དེའི་ནང་དུ་ང་ཨ་མྱེས་སྟོང་དཔོན་ཡིན་ཟེར་བའི་མི་ཆེན་རྒྱབ་ཏུ་རས་གུར་སེར་ལྡང་ཁུར་ཞིང་། རྗེས་ལ་ཁྱི་རྒན་ཁྲིད་པ་ཞིག་ཁོའི་མདུན་དུ་ཡོང་ནས“ཁྱོད་ཀྱིས་བརྡུང་རྒྱུའི་ལྕགས་མི་རྡུང་བར་ང་འདིར་བསླེབས་འདུག་ཅེས་བཤད་ནས་ཅི་བྱ”ཟེར། མགར་པ་རྡོ་རྗེ་སྐྲག་སྟེ་རྨི་ལམ་ལས་ཐེངས་འགར་སད་བྱུང་། ཡིན་ནའང་མིག་ཟུང་ཟུམ་མ་ཐག་ཡང་བསྐྱར་དེ་ལྟར་དྲིས་ཡོང་བས། ཁོ་རང་མཚན་གང་བོར་གཉིད་སྐྱིད་པོ་ཞིག་མ་ཁུགས། དེ་ལས་ཀྱང་ཡ་མཚན་པའི་དོན་དག་ཅིག་བྱུང་བ་ནི། ཕྱི་ཉིན་ནས་བཟུང་མགར་པ་རྡོ་རྗེ་ཡིས་མི་རིག་རིག་ཐུག་ཐུག་ལ“ཁྱོད་ཀྱིས་བརྡུང་རྒྱུའི་ལྕགས་མི་རྡུང་བར་ང་འདིར་བསླེབས་འདུག་ཅེས་བཤད་ནས་ཅི་བྱ”ཟེར་བས། ཨ་ཡེ་སྒྲོལ་མས“མགར་པ་རྡོ་རྗེ་སྨྱོས་འདུག”ཅེས་ཁ་སྐད་དུང་ལྟ་བུའི་ནང་ནས་ཀུན་ལ་སྒྲོག་པར་བྱེད་དོ།།