སྲིད་པའི་ཟང་ཟིང་འཁོར་དུ་སྐྱེས་ཏེ།།
བྱིས་ཆུང་འཁྲུལ་བའི་སྣང་ངོ་བཟུང་ནས།།
དེང་རབས་སྒྱུ་མའི་དངོས་པོ་རོལ་བ།།
བསམ་ཞིང་བསྩམ་ན་སྙིང་པོ་མི་འདུག།

འཚོ་བའི་ལྟོ་གོས་གཞན་ལ་བཅོལ་ཏེ།།
གཞན་གྱི་རྒྱུག་ཁྱི་ཁོ་ནར་གྱུར་ནས།།
ཤ་ཁྲག་ཕུང་བོ་བདག་དབང་མེད་པ།།
བསྩམ་ཞིང་བསམ་ན་སྙིང་པོ་མི་འདུག།

ཤ་ཁྲག་གཅིག་པའི་རུས་རྒྱུད་འཕང་སྟེ།།
ཕུ་ནུ་མིང་སྲིང་དམར་གསོད་བྱེད་ནས།།
ཁྲག་མཚོ་ཀློང་དུ་ལ་རྒྱ་གླེང་བ།།
བསམ་ཞིང་བསྩམ་ན་སྙིང་པོ་མི་འདུག།

རང་དོན་བསམ་ནས་གཞན་སེམས་འཁྲུག་སྟེ།།
རྒྱལ་བའི་བསྟན་བཅོས་ཉམས་སུ་བླངས་ནས།།
སྐྱེ་བ་སྔ་ཕྱིའི་རྣམ་བཞག་བཤད་པ།།
བསྩམ་ཞིང་བསམ་ན་སྙིང་པོ་མི་འདུག།

མེས་པོའི་ལམ་གྱི་སྲོལ་བཟང་དོར་ཏེ།།
ཁུངས་མེད་རྩ་བ་རང་ལུགས་བཟུང་ནས།།
རང་ཡུལ་ཕྱོགས་སུ་ཉམས་ཚང་སྟོན་པ།།
བསམ་ཞིང་བསྩམ་ན་སྙིང་པོ་མི་འདུག།

2014-5-26ཉིན་བཀའ་བསྟན་དཔེ་ཁང་ནས་བྲིས།