རས་གཟན་དམར་པོ།

ལང་ཚོའི་མེ་ཏོག་གི་མགོ་ལྕོག་ལྡེམ་སེ།།
ལྷུ་དྲུག་སྐྱེ་གཟུགས་ཀྱི་གཞུ་རྒྱུད་དྲང་ལེ།།
མིག་གི་མདའ་མོ་ཡི་ཟུར་ཁ་བཙན་སེ།།
ཚོར་བའི་རུམ་ཁ་ནས་འཛུམས་ཀྱིས་འཁྲུངས་ཡོད།།

ཞལ་ལ་འོད་དཀར་གྱི་གུར་ཆུང་ཕུབ་ལེ།།
སྐྲ་ལ་རྒྱ་ལྕང་གི་རལ་བ་འཁྱུགས་སེ།།
སོ་ལ་དུང་ཕྲེང་གི་རི་དམག་ཁྲིགས་སེ།།
བློ་ཡི་ཡང་རིམ་ན་དམུལ་ཏེ་བལྟས་ཡོད།།

གཤིས་ལ་བལ་དཀར་གྱི་འཇམ་ཤ་དོད་ལེ།།
གདོང་ལ་དགོད་འཛུམ་གྱི་ངམ་ཁ་འཕྱུར་སེ།།
ཞེ་ལ་བརྩེ་སེམས་ཀྱི་དུངས་ཀ་སྟོབས་ལེ།།
སྣང་བའི་གས་སྲུབ་ན་གར་ལ་རོལ་ཡོད།།

ངག་ལ་དྭངས་གཙང་གི་ཆུ་བོ་བཞུར་སེ།།
གཞས་ལ་རོགས་མཐུན་གྱི་ཉམས་འགྱུར་མངོན་ལེ།།
སྐད་ལ་གདངས་དྲུག་གི་འགྱུར་ཁུག་ལྡེམ་སེ།།
སེམས་ཀྱི་ཟབ་ས་ནོ་འོད་ཀྱིས་གྲུབ་ཡོད།།

2014.12.15