སྤྱོད་ཁང་གི་རྫོབ་དྲི་ནག་ཁུང་ལ་ཁ་གཏད་དེ་ལུས
བར་སྣང་ན་མགོ་བོ་འཁོར་བའི་སྤྲིན་པ་ཁེར་རྐྱང་གི་ངོ་གདོང་ལ་གྱེས་ཕྱག་བཞག
མིང་མི་རྙེད་པའི་སེམས་ཀྱི་གཤོག་རླབས་ལ་གས་ཆག་གི་རི་མོ་བྲིས

སྲང་བར་དང་གཞུང་ལམ་ངོས་ལ་འཚང་བའི་རླངས་འཁོར་གྱི་བཙིར་སྒྲ
དབང་ལྔའི་གཤེད་མར་གྱུར་བའི་རྫས་དུག་གི་རལ་གྲི་རྣོན་པོ

ང་རང་གློག་ཀླད་ཀྱི་འཐེབ་གཞོང་ངོས་ལ་འབྱར་ཏེ་ཤི་སོང་ཡང
ངའི་ཆེད་དུ་གཏོར་བའི་མཆི་མར་ཁ་དོག་ཅི་ཡང་མེད

ཚེ་སྲོག་གི་སྒོ་མོའི་གསང་གྲངས་མང་པོ་ཞིག་ཁ་པར་དང་དྲ་རྒྱས་འཇིབ་ཚར
རླུང་བུས་ཤིང་སྒོ་སྒུལ་བའི་བཙིར་སྒྲས་གྲོགས་པོ་ཚོས་འཐེན་པའི་དུད་སྣེ་ལས་ཆོ་ངེ་འདོན
ཤེལ་སྒོའི་ངོས་སུ་རྡེག་པའི་ཆར་ཐིགས་ཀྱི་མདེའུའི་བར་མེད་དུ་ཤི་སྒྲ་སྒྲོག

སྒེའུ་ཐེམ་ལ་བཞག་པའི་ལྷམ་དམར་པོ་ཆ་གཅིག་དང་   ཞྭ་མོ་ནག་པོ
མེ་ལོང་མདུན་གྱི་བུམ་ནང་གི་མེ་ཏོག་རྐང་གཅིག   ད་དུང་ཡོལ་བ་སྔོན་པོ
མཚམས་མཚམས་སུ་ཡིད་དུ་འོང་བའི་སྙན་ངག་ཅིག་རེད་ཨང་