སྔོ་ལྷོག་ལྷོག་གི་དུ་བ་དེ་བཙན་པོ་ཞིག་གི་ལོག་ཕེབས་ལྟར་མཁའ་དབྱིངས་སུ་འཐེན་ཞིང་
ཉི་ཟེར་དྲོ་མ་འཇམ་དེ་ཡང་བུ་མོ་ཞིག་གི་ཟོལ་བཅོས་ཀྱི་འཛུམ་བག་ནང་བཞིན
ཞིང་གྲོང་གི་ཁྱོན་ལ་གསེར་མདོག་གིས་བྱུགས་དུས
མ་བུ་བཀར་བའི་ལུ་གུའི་འབའ་སྒྲ་རིང་མོས
རི་ཁུད་འདི་གཉིད་ལས་དཀྲོགས་པའི་བུས་པ་བཞིན་འུར་ཟིང་དུ་གྱུར་ཅིང་
བསྐྱར་ཟློས་ཀྱི་ཤོག་ལྷེ་གསར་བ་ཞིག་རི་གྲོང་དང་ཁ་གཏད་དུ་ལངས་ཡོང་

རྫི་བོ་མེད་པའི་ལུག་ཁྱུ་ཞིག་རི་འགོའི་ལམ་ཕྲན་དུ་བཤར་བའི་མོད་ལ
གང་ཞིག་ནས་གྲགས་འོངས་པའི་ཨག་རྒྱངས་ཐེངས་འགས
ལུག་ཁྱུ་དེ་ད་གཟོད་སོས་དལ་གྱིས་ལམ་གྱི་ཕ་རོལ་ཏུ་ཕྱོགས་ནས
ཕམ་ལ་ཉེ་བའི་འགྱིག་པ་གང་ཞིག་གི་འགྱིག་རྡེའུ་བཞིན་རི་ངོས་སུ་ཐར་ཐོར་གྱིས་བཀྲམ

གཞིས་ཁར་བབས་པའི་སྐྱ་ཀ་ཁྲ་མོས་ཅག་ཅག་གི་སྐད་སྙན་དེས
ཁྱིམ་ལས་ཙག་ཙིག་ལ་རེམ་པའི་མ་དང་སྲུ་མོ་ཚོར་བྲེལ་འཚུབ་རེ་བསླངས་ཤིང་
གདོང་ལ་རྒས་གཉེར་བརྐོས་པའི་རྒན་པོ་ཞིག་གཡུལ་ཁའི་ཉིན་ཁར་བསྡད་དེ
མགྲོན་པོ་སུ་ཞིག་སླེབས་འོངས་པའི་རེ་སྒུག་གི་མིག་ཟུང་སྡེ་འདབས་ཀྱི་ལམ་ཕྲན་ཕྱོགས་སུ་གཡེང

བགྲེས་པོ་ཞིག་གི་སྨ་ར་དང་འདྲ་བའི་ལྗོན་ཤིང་གི་རྩེ་མོར
བྱེའུ་ཆུང་སྐྱ་རིལ་གྱི་ཚོགས་པྲ་ཚགས་ཀྱིས་བབས་ནས
བྱིས་པ་ཚོའི་འདང་ཆེ་བའི་བྱེའུ་མདར་གཡོལ་བ་དེ
དྲ་ལམ་གྱི་རོལ་རྩེད་ཐན་ཐུན་དེ་དང་ཇི་འདྲའི་མཚུངས་ཨང

སུ་ཞིག་གི་བསམ་གཟས་ནས་བསྒྲིགས་པ་ལྟ་བུའི་དུད་ཁྱིམ་དང་ར་སྐོར་རེ་རེ
རི་བོའི་ཤོད་ལ་འཚང་ཁའི་ཟོལ་གྱིས་བཀྲམས་ཏེ་མིང་ལ་གླིང་ཚ་ཞེས་ཐོགས་པ་ནས
ཞོགས་པ་གྲངས་མེད་ཅིག་འདི་ལྟར་བབ་ཆགས་ཀྱིས་སྒུལ་གྱིན
ང་ལྟ་བུ་མང་བོ་ཞིག་ཀྱང་རི་གྲོང་གི་ངལ་དུབ་ཀློང་ནས
ད་ནངས་ཀྱི་ཞོགས་པ་བཞིན་སྐྱེས་ཤིང་ཁ་སང་གི་ཉི་ནུབ་ལྟར་རྒས་མྱོང་ཨང