ཐོ་ཡོར།༼དཀར་མཛེས༽

སྤྲིན།

ན་བུན་གསལ་ལ་མི་གསལ་བ་ཞིག་གིས
ང་ཡི་ཉེ་འགྲམ་གྱི་སྨག་ནག་པའི་མིག་ཟུང་གི་སེར་བུ་རླན་པར་བྱས
རླན་གཤེར་གྱི་ཡལ་ག་རྣམས་ཀྱིས་ཆུ་ཡི་མེ་ལོང་བཀང
སེམས་པ་སྟོང་བར་བྱས         མིག་ཆུ་བཙགས་པའི་ཁ་བ་བབས
འདི་དག་གླེང་ཚར་དུས ངས་བར་སྣང་དུ་གསང་ཨང་གསར་བ་ཞིག་མཐོང
ཁྱེད་ཀྱི་སྐྲ་ལོ་ལྟར་འཇམ་པའི་སྤྲིན་པ་རྣམས་ཀྱིས་སྒོ་མོ་བརྒྱབ
ང་ཡི་སྒེའུ་ཁུང་དུ་གློག་འོད་རྒས་འདུག
ཉི་ཟེར་དུ་ཁྲུས་བྱེད་པའི་རྨྱ་བྱ་དག་སྔ་མོ་ནས་རང་རང་སར་འཕུར་རོགས
སྨག་ནག་པའི་རྫིང་བུ་རུ་འཕུར་བའི་ཕྱེ་ལེབ་ལགས
མིག་རྡེབ་ཙམ་ལ་སྤྲུལ་བའི་སྐྱེ་བ་རེ་རེའི
མི་ཁོམ་པའི་སེམས་པ་འཁྲུད་རོགས

2014.12.29

ཆར་བ།

མྱ་ངན་ཀླུབས་པའི་སྐྱེས་པ་ཞིག་མེ་རུ་འབར
ནམ་ཕྱེད་ཅིག་ལ་ངལ་འཁྱལ་རྫོགས་མེད་ཅིག་བྲིས
ཆང་ཕོར་ནང་གི་སྐྱེས་དངོས་ཁྲི་ཕྲག་གི་སྲང་ལམ
ནམ་ཕྱེད་ཅིག་ལ         ཁྱེད་ཀྱི་ཕྱོགས་སུ་འཐེན
ལམ་མདོ་དེ་ནས མི་རྣམས་ཀྱི་རྒྱང་རིང་ཚ་བ་ལ
སྙིང་ཉེ་ལགས        ང་རང་གསོན་པའི་ཕྱིར་ཏུ་ཡོལ་བ་དེ་བསྐྱུར་ཆོགས་པར་ཞུ

2015.1.4

ཆང་།

སེམས་པ་གཟེར་བའི་མཇུག་མཐར
ནམ་མཁའ་ནི       ཚགས་དམ་པའི་བཙོན་ཁང་ཞིག་ཏུ་གྱུར
རླན་གཤེར་གྱི་རླུང་བུས་རྡོ་བ་ཁུར་བྱུང
འཁྱུག་ཙམ་གྱིས་ཡལ་བའི་སྤྲིན་པ        ཤམ་བྷ་ལའི་གཅོང་ནད
གདུངས་ཡུས་མང་བའི་མེ་ལོང་དུ་ཆུ་མོ་སྔར་ལྟར་བཞུར
གུས་པར་འོས་པའི་ལྷ་ལགས
བདག་གིས་དྲན་པ་ཉམས་ནས་ཡོངས་སུ་བརྗེད་ཟིན་ཀྱང
དོ་ནུབ་ང་ལ་ཆང་སྩོལ་ཅིག
སྨིན་མས་ནད་ཡམས་ལྟ་བུའི་བརྩེ་དུངས་ཁྲིད
སྨིན་མ་རྡེབ་ཙམ་ལ་ངས་རང་ཉིད་བརྗེད་དགོས
སྙིང་ཉེ་ལགས         མི་ཞིག་གཞི་ནས་སྨྱོན་པར་གྱུར་ཟིན

2015.1.10