གཞས་ཚིག བཙན་བུ།

གཞོན་པ་ཆུང་ལ་འདྲིས་འདྲིས།།
རང་གི་རིགས་ལ་དུངས་དགོས།།
འདྲིས་པའི་ཕྱི་ཐག་མ་གཅོད།།
ང་ཡི་སྤུན་ཟླ་མི་རིགས།།
མཐུན་པའི་ཨ་ལོང་སྦྲེལ་ཤོག།

ཕ་མ་བུ་ལ་བྱམས་བྱམས།།
ནང་མི་སྤུན་ཟླར་བྱམས་དགོས།།
ཤ་རུས་བརྩེ་དུང་མ་འདོར།།
ང་ཡི་སྤུན་ཟླ་མི་རིགས།།
ཆོལ་གསུམ་མཐུན་པ་གནང་རོགས།།

དཀར་པོ་ཆོས་ལ་འབད་འབད།།
མཐུན་པའི་ལས་ལ་བརྩོན་དགོས།།
དུངས་ཞེན་མདུད་པ་མ་ལྷོད།།
ང་ཡི་སྤུན་ཟླ་མི་རིགས།།
གཅིག་སེམས་གཅིག་ལ་བརྟེན་རོགས།།