དྲན་པ་ནི་རང་གི་ཚེ་སྲོག་ལ་དོ་ཁུར་བྱེད་པའི་མ་རྩ་སྟེ། དྲན་པ་ཉམས་པའི་སྲོག་འཚོ་བ་དག་ནི་རང་ཉིད་འཆི་ལམ་ན་བཙན་གྱིས་འདུད་པ་དག་གོ།

ས་ཆེན་པོའི་གཞིས་ཀ་འདིའི་སྟེང་ན་མིའི་རིགས་དར་ཏེ་རྟོགས་པའི་ངོས་ཟིན་གྱི་ཐེམས་སྐས་སུ་འབྱོར་བའི་དུས་དེ་ནས་བཟུང་། མི་རྣམས་ཀྱིས་དྲན་པ་ལ་བརྟེན་ནས་རང་གི་ཚེ་སྲོག་དང་འཚོ་གནས་མཐའ་དག་བདེ་ཐང་གི་ཕྱོགས་སུ་ཉེ་བར་གཅར་བ་རེད། དྲན་པ་ནི་མིའི་རིགས་རིག་པ་ཡི་ཁྲག་རྩའི་སྦུབས་སུ་འཐིམས་པའི་ཟུངས་ཁྲག་སྟེ། དྲན་པའི་ཟུངས་ཁྲག་གི་བཞུར་རྒྱུན་མ་ཆད་པའི་མིའི་རིགས་རིག་པ་ཡི་མཁའ་དབུགས་དྭངས་མོ་དེ་དག་གི་ཁོར་ཡུག་ན་འཕེལ་རྒྱས་དང་། དམངས་གཙོ། འདྲ་མཉམ། ཐོབ་ཐང་སོགས་མདོར་ན་ཡོངས་ཁྱབ་རིན་ཐང་གི་རོ་བྲོ་ལྡན་པའི་ཟས་རིགས་དག་ལ་རོལ་མྱོང་བྱ་ཆོག་གི་རེད། དེ་ནི་དྲན་པ་ཉེར་བཞག་གི་དགོས་པ་དང་དྲན་པ་ཉེར་བཞག་གི་གྲུབ་འབྲས་ལས་བསླངས་པའི་མིའི་རིགས་རིག་པ་ཡི་རིན་ཐང་གཞལ་ཚུལ་ཞིག་གོ།

དྲན་པ་གསོ་བ་ནི་མི་འཚོལ་བའོ།།
འདས་པའི་ལོ་ངོ་ཁྲི་སྟོང་མང་བོའི་ཡར་སྔོན་ནས་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་མི་ཞེས་པའི་སྲོག་ལྡན་ཞིག་རྙེད་ཡོད་ནའང་། རིག་པའི་ཀློང་བརྡོལ་ཞིང་མི་མི་རུ་གྲུབ་པའི་མི་བུ་ངོ་མ་ཞིག་བརྒྱ་ཆ་ལས་ཉུང་དག་ཅིག་ལས་རྙེད་མེད་པ་རེད། དེ་ནི་མི་རྣམས་དྲན་པ་ལ་མ་ཞུགས་པ་དང་དྲན་པ་ལ་བློ་སྦྱོང་མ་བྱས་པས་རེད་ལ། མི་རྣམས་ལས་བརྒྱ་ཆའི་མང་དག་གིས་དྲན་པ་ལ་བདག་པོ་མ་རྒྱབ་པར་དྲན་པ་ཉམས་སོང་བས་རེད། དྲན་པ་ནི་ཚེ་སྲོག་གི་སྙིང་བོ་སྟེ་དྲན་པ་ཉམས་ཚེ་རང་ཉིད་དོར་བར་མ་ཟད། དེས་མི་རིགས་དང་། ས་ཡི་གོ་ལ། འཛམ་བུ་གླིང་རེ་རེ་ནས་དོར་བའོ།།
སྤྱིར་བཏང་མི་ནི་དྲན་པ་ལ་འཇུག་པའི་སྒོའམ་དྲན་པ་ལ་མཁས་པའི་མཐོ་རིམ་སྲོག་ལྡན་ཏེ། མི་ཡི་ཀླད་ཤུགས་ནུས་རྩལ་དང་། མི་ཡི་ཀླད་ཤུགས་ངལ་རྩོལ། མི་ཡི་ཀླད་ཤུགས་སྒྱུ་རྩལ། མི་ཡི་ཀླད་ཤུགས་ཤེས་རྟོགས་སོགས་སྒོ་ཡངས་ཤིང་འཐུས་ཚང་བའི་དྲན་པ་ཉེར་བཞག་གི་མཐུན་རྐྱེན་ཕུན་སུམ་ཚོགས་ཀྱང་། དྲན་པ་བོར་བའི་ལོ་རྒྱུས་དང་། དྲན་པ་བོར་བའི་དུས་རབས།དྲན་པ་བོར་བའི་མི་རབས་སོགས་དྲན་པ་ལ་རྒྱང་བསྐྱེད་མཁན་མང་དྲགས་པས། དེ་ནི་ལོ་རྒྱུས་དུས་རབས་ལ་མི་རྣམས་ཀྱིས་ཁ་གསབ་བྱ་མི་ཐུབ་པའི་བུ་ལོན་སྟོང་འཇལ་གྱི་ཁུར་བོ་ཞིག་སྟེ་དྲན་པ་སླར་གསོ་བའི་དགོས་པའོ།།
སྤྱིར་དྲན་པ་གསོ་བ་ནི་དྲན་པ་མི་ཉམས་པའི་ཕྱིར་ཏུ་སྟེ་དྲན་པ་ཉམས་པའི་མི་དག་གིས་རང་གི་ཚེ་སྲོག་དང་མི་ཚེའི་རིན་ཐང་གིས་སྨྱོ་གར་འཁྲབ་པ་རེད། དེ་ལྟར་མི་རྣམས་ཀྱི་དྲན་པ་ཉམས་ཚེ་ཆེས་འཇིགས་སུ་རུང་བ་ཞིག་སྟེ། དེས་རང་ཉིད་ལས་བརྒལ་ཏེ་མི་རིགས་དང་རྒྱལ་ཁབ་རེ་རེ་ནས་སྨྱོ་གར་འཁྲབ་ར་རུ་འཁྲིད་པར་བྱེད་དོ།།
མ་གཞི་འཇིག་རྟེན་འདིའི་རྒྱལ་ཁབ་དང་མི་རིགས་ཐམས་ཅད་ནི་ཚོགས་སྤྱི་རེ་རེ་ནས་གྲུབ་ཅིང་ཚོགས་སྤྱི་རེ་རེ་ནི་མི་སྒེར་གྱི་གོམས་ཁ་ལས་གྲུབ་པས། མི་སྒེར་གྱི་དྲན་པ་ཉམས་ཚེ་རྒྱལ་ཁབ་དང་མི་རིགས་རེ་རེ་ཡི་དྲན་པ་ཉམས་པ་རེད། དེའི་ཕྱིར། དུས་ཚིགས་ཀྱི་འགྱུར་བ་ཅི་ཙམ་སོང་བ་དེ་བཞིན་དུ་མི་ཡི་རྣམ་དཔྱོད་ཀྱང་ཤུགས་ཆེན་པོས་བགྲོད་དགོས་པ་རེད། གལ་སྲིད་དུས་ཚོད་ཀྱི་རྗེས་མ་ཆོད་པའི་ཀླད་ཤུགས་ངལ་རྩོལ་བ་མང་པོ་ཞིག་འབྱུང་བ་ཡིན་ན། དེ་ནི་ང་ཚོའི་དུས་རབས་ནས་མི་མང་དག་ཅིག་བོར་སོང་བ་རེད་ལ་དེ་དག་གིས་དུས་རབས་ཀྱི་དྲན་པའང་བོར་སོང་བ་རེད། གལ་སྲིད་དུས་རབས་ཀྱི་དྲན་པ་བོར་བའི་མི་རབས་ཤིག་གིས་མི་བུ་རེ་རེ་ནས་འགོ་བརྩམས་ཏེ་དྲན་པ་སླར་གསོ་བའི་ལས་ལ་འཇུག་མ་ཐུབ་པ་ཡིན་ན། མི་རབས་དེས་མི་རིགས་དང་རྒྱལ་ཁབ་རེ་རེ་ཡི་ཚེ་སྲོག་བཅད་པ་མ་ཟད་ཟུངས་ཁྲག་ཀྱང་ཧུབ་ཀྱིས་འཐུང་སོང་བ་ཡིན་པས། མི་རིགས་ཚེ་སྲོག་གི་ལག་དམར་དུ་གྱུར་བའི་མི་རབས་དེ་ནི་ཆེས་ནག་ཉེས་ཆེ་ཤོས་དེའོ།། དེ་ནི་མི་སྒེར་གྱི་དྲན་པ་ཤུགས་ཆེན་པོས་གསོ་དགོས་པའི་བརྡ་རྟགས་སོ།།
སྤྱིར་མི་འཚོལ་བ་ནི་དྲན་པ་གསོ་བའི་ཆེད་དུ་མ་ཡིན་ཡང་དྲན་པ་གསོ་བ་ནི་མི་འཚོལ་བའི་དོད་དུ་ཡིན་ཕྱིར། དྲན་པ་ཉམས་པའི་མི་དག་གིས་རང་ངོས་ནས་མི་བུ་ངོ་མ་ཞིག་འཚོལ་འདོད་པ་ཡིན་ན་རང་གི་ཀླད་སྒྲོམ་དུ་ཤེས་རབ་ཀྱི་ངར་སྡུད་དེ་ཅིས་ཀྱང་དུས་རབས་ཀྱི་གདོང་མཆོང་བ་ཞིག་གི་དྲན་པ་གསོ་དགོས་པ་དེའོ།།

དྲན་པ་ཉམས་པ་ནི་རང་ཉིད་ཚེ་སྲོག་གི་ཉེན་ཁར་བསྐྱལ་བའོ།།

ང་ཚོས་འདས་པའི་ལོ་རྒྱུས་ཀྱི་རྐང་རྗེས་རེ་རེར་ཕྱིར་རྟོགས་བྱས་ཏེ་ཞིབ་ཀྱིས་བསམ་ན་མི་ནི་དྲན་པ་ལ་བརྟེན་ནས་ནར་སོན་པ་རེད། དེ་བཞིན་དུ་མི་ཡི་ཚེ་སྲོག་གི་རྒྱུན་རིང་མིན་ཡང་དྲན་པ་གསལ་མིན་གྱི་གནད་དེར་ཐུག་ཡོད་ཕྱིར། དྲན་པ་ཉམས་པ་ནི་རང་ཉིད་ཚེ་སྲོག་གི་གཉེན་ཁ་ཁོ་ནར་བསྐྱལ་བ་རེད་པས་དྲན་པ་གསོ་བ་ནི་རང་གི་ཚེ་སྲོག་སྲུང་བའོ།། གལ་སྲིད་ང་ཚོས་ཉིན་ནས་ཉིན། ལོ་ནས་ལོ། ཡང་ན་མི་རབས་ནས་མི་རབས་བར་དུ་དྲན་པ་ཤུགས་ཆེན་གྱིས་སྲུང་མ་ཐུབ་པ་ཡིན་ན། དེའི་མི་སྒེར་དང་མི་རིགས། རྒྱལ་ཁབ་རེ་རེ་ནས་འཛམ་བུ་གླིང་གི་ཚེ་སྲོག་ལ་གཉེན་ཁ་བཟོས་པ་རེད། ཡང་གཅིག་བཤད་ན། འཇིག་རྟེན་འདིའི་རྡར་མ་དག་ནི་དྲན་པ་གསོ་བ་ལ་སྐྲག་པ་རེད། དྲན་པ་གསོ་བར་སྐྲག་པའི་མི་དག་ནི་མ་གཞི་ནས་འཆི་བ་ལ་ཐག་ཉེ་བའི་ལམ་འགྲོ་བ་རྐྱང་རྐྱང་ཡིན་པ་མ་ཟད་དེའི་ཚེ་ཡི་འཁོར་མོའི་ནང་རླབས་ཆེན་གྱི་བྱ་གཞག་ཅིག་ཁྱོན་ནས་མ་འགྲུབ་པ་ཐག་ཆོད་དོ།། དེའི་ཕྱིར། དྲན་པ་གསོ་བར་སྐྲག་པའི་མི་དག་ནི་ཅིས་ཀྱང་གཞན་ལ་སྐྲག་མཁན་ཤ་སྟག་ཡིན་པ་མ་ཟད་གཞན་ལ་མགོ་སྒུར་བའི་བྲན་གཡོག་པ་དག་ཀྱང་རེད། བྲན་གཡོག་ནི་བྲན་གཡོག་རང་སྟེ། ང་ཚོས་མི་རབས་ནས་མི་རབས་སུ་བྲན་གཡོག་གི་བྱ་བྱེད་ལས་གསུམ་ལས་ལོགས་སུ་བྲན་གཡོག་གི་འཆིང་རྒྱ་ལས་གྲོལ་ཐབས་ཀྱི་དྲན་པ་ཞིག་རྙེད་མ་ཐུབ་ཚེ། འཛམ་གླིང་འདི་སྒེར་གཅོད་པ་དང་བྲན་བཀོལ་རིང་ལུགས་པ་ཡིས་འགེངས་འགྲོ་བའི་ཉེན་གནས་སུ་མི་ལྷུང་བའི་ངེས་པ་ཡེ་ནས་མི་འདུག དེ་ན་ང་ཚོས་ཇི་ལྟར་བྱས་ནས་ཉེན་གནས་དེ་བཟློག་པར་བྱ་དགོས་པ་རེད་ཅེ་ན། དེ་ནི་མི་སྒེར་གྱི་དྲན་པ་སླར་གསོ་བ་དང་སྒེར་གཅོད་དང་བདེན་པར་གཡོལ་བའི་ཁོར་ཡུག་དག་ལ་དྲན་པ་ཉེར་བཞག་གི་བྱ་འགུལ་སྤེལ་དགོས་པ་དེའོ།། དྲན་པ་ནི་དུས་རྟག་ཏུ་དབྱར་གཞུང་གི་ཆུ་མོ་བཞུར་བ་བཞིན་རང་གི་འགྲོ་འདུག་ཉལ་འཆག་གང་གི་ཐད་དུའང་རྩ་ལམ་གྱི་ཟུངས་ཁྲག་ལ་འདྲེས་པར་བྱ་དགོས་ཏེ། གལ་སྲིད་ཁྱོད་ཀྱིས་དྲན་པ་སྐད་ཅིག་ཙམ་ལ་ཉམས་ཚེ་ཡང་ཚེ་སྲོག་གི་ཉེན་གནས་སུ་བསྐྱལ་བ་ཡིན་ཏེ། དཔེར་ན་མི་ཞིག་གིས་རང་ཉིད་ཆེས་སྤྲོ་བའི་ཉིན་ཞིག་རླངས་འཁོར་བསྐོར་ཏེ་སྤྲོ་བསང་ལ་སོང་བ་ཡིན་ན། གློ་བུར་དྲན་པ་རྒྱ་ཡན་དུ་ཤོར་བའི་སྐབས་དང་བསྟུན་གྲོག་རོང་གི་གཡེང་གཟར་ཞིག་ཏུ་ཐོན་ཚེ་ད་ནི་འཆི་ལམ་ལས་གཞན་མེད་དོ།། དེ་ནི་དྲན་པ་ཉེར་བཞག་གི་རྒྱུན་མ་འཁྱོངས་པ་དང་དྲན་པའི་མེ་ལོང་ལ་ཞིབ་ཀྱིས་ལྟ་མ་ཐུབ་པའི་མཇུག་འབྲས་ཡིན་པར་འདུག

མི་རིགས་ཀྱི་དྲན་པ་བཟོ་བ།
མི་རིགས་ཀྱི་དྲན་པ་བཟོ་བ་ནི་ཆེས་ཐེག་དཀའ་བའི་དྲན་པའི་ཁྱབ་ཁོངས་ཀྱི་རིགས་ཤིག་སྟེ། དེ་ནི་ཚོགས་པ་སྤྱི་བམ་པ་ཞིག་གི་ངོས་ཐད་ནས་བལྟས་ཏེ་བཤད་ན་ཆེས་ཁྱབ་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་དྲན་པའི་ཤེས་རྟོགས་ཀྱི་ཚད་མཐོ་ས་ཞིག་ན་ཡོད་པ་རེད། འོ་ན་ལས་འདི་ཇི་ལྟར་བྱས་ནས་ཐེག་པར་བྱེད་པ་དང་ཡང་ན་ལམ་གང་བརྒྱུད་དེ་འཇུག་པར་བྱ་དགོས་པ་རེད་ཅེ་ན། མི་རིགས་ཀྱི་དྲན་པ་བཟོ་བ་ནི་མི་སྒེར་གྱི་དྲན་པའི་རྨང་གཞིའི་སྟེང་གྲུབ་པའི་བཟོ་གྲྭ་ཁང་ཞིག་སྟེ་མི་སྒེར་གྱི་དྲན་པའི་རྟོགས་པ་སད་པ་ཡིན་ན་ད་གཟོད་མི་རིགས་ཀྱི་དྲན་པ་རྙེད་སྲིད། སྤྱིར་འཛམ་གླིང་ཧྲིལ་བོའི་རྫོང་མཐིག་པའི་ཡུལ་གྲུ་དང་མི་རིགས་གང་ཞིག་གི་ཁྱབ་ཁོངས་སུ་ཚུད་པའི་མི་ཞིག་ལ་མཚོན་ན་དེར་ངེས་པར་དུ་རང་མི་རིགས་ཀྱི་དྲན་པ་བཟོ་བའི་བསམ་བློ་འདུ་ཤེས་ཤིག་ཆགས་དགོས་པ་མ་ཟད་དེར་ཤུགས་ཆེན་གྱིས་འགན་ཁུར་ཡོད་པའོ།།
ང་ཚོས་མི་རིགས་ཀྱི་དྲན་པ་བཟོ་བ་ལ་རྣམ་པ་གསུམ་ཙམ་གྱི་སྟེང་ནས་བཞག་ཆོག་སྟེ། གཅིག མི་རིགས་རང་བཞིན་གྱི་འདས་པའི་ལོ་རྒྱུས་ལ་ཕྱིར་རྟོགས་བྱེད་པའི་དྲན་པ་བཟོ་བ་དང་། གཉིས། མི་རིགས་སྐད་ཡིག་གི་འཕེལ་རིམ་དང་རིན་ཐང་ལྟ་ཚུལ་གྱི་དྲན་པ་བཟོ་བ། གསུམ། མི་རིགས་ཆབ་དཔལ་རིག་གསུམ་གྱི་གནད་དོན་དང་འཛམ་གླིང་ལ་ཁ་ཕྱོགས་པའི་དྲན་པ་བཟོ་བའོ།།
དང་པོ་མི་རིགས་རང་བཞིན་གྱི་འདས་པའི་ལོ་རྒྱུས་ལ་ཕྱིར་རྟོགས་བྱེད་པའི་དྲན་པ་བཟོ་བ་ནི་ཆེས་གནད་ཀྱི་རྩར་གཅར་བའི་དྲན་རྟོགས་ཤིག་སྟེ། མི་རིགས་ཀྱི་རྒྱུད་མཆེད་པའི་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་དཀའ་སྡུག་དང་བྱ་རིམ་གང་ཞིག་བརྒྱུད་པའི་རྐང་རྗེས་མཐའ་དག་ང་ཚོའི་ཀླད་སྒྲོམ་དུ་འཇུག་པའི་ཐབས་ལམ་ཞིག་ཡིན་ཞིང་། དྲན་པ་ནི་བརྗེད་ངེས་ཀྱི་རྐང་རྗེས་རབ་རིབ་དེ་ཚོ་ཇེ་གསལ་དུ་གཏོང་བའི་ལམ་ཞིག་ཡིན་ཏེ། གལ་སྲིད་ང་ཚོས་རང་མི་རིགས་ཀྱི་རྔུལ་ཁྲག་གིས་བརྒལ་བའི་ལོ་རྒྱུས་དག་ལ་ཕྱིར་རྟོགས་བྱེད་མ་ཐུབ་པ་ཡིན་ན། འཛམ་གླིང་གི་མི་རིགས་གང་ཞིག་ལ་མཚོན་ནའང་རང་སྐྱ་ཐུབ་པའི་མི་རིགས་བརྟན་པོ་ཞིག་ཏུ་འགྱུར་དཀའ་ཕྱིར། ཤེས་རབ་ཅན་དང་ལ་ཞེན་ཅན་གྱི་མི་དག་གིས་རང་གི་མི་རིགས་ལོ་རྒྱུས་ཀྱི་ངོས་དང་ཟུར་གང་རུང་ནས་ཕྱིར་རྟོགས་ཀྱི་དྲན་པ་བཟོ་དགོས་པའོ།།
གཉིས་པ་མི་རིགས་སྐད་ཡིག་གི་འཕེལ་རིམ་དང་རིན་ཐང་ལྟ་ཚུལ་གྱི་དྲན་པ་བཟོ་བ་ནི་མི་རིགས་རིང་ལུགས་ཀྱི་ཚེ་སྲོག་ལ་འབོད་སྐུལ་ཞུ་བ་སྟེ།མི་རིགས་སྐད་ཡིག་གི་སྤུས་ཚད་ནི་མི་རིགས་ཀྱི་སྤུས་ཚད་འཇལ་བྱེད་ཅིག་དང་དེའི་རིན་ཐང་ལྟ་ཚུལ་གྱིས་མི་རིགས་རིང་ལུགས་ཀྱི་ཚེ་སྲོག་ལ་གསལ་བརྡ་གཏོང་བཞིན་ཡོད་པའི་དྲན་པ་རྙེད་དགོས་པ་དེ་རེད། གལ་སྲིད་ང་ཚོས་མི་རིགས་སྐད་ཡིག་གི་འཕེལ་རིམ་དང་རིན་ཐང་ལྟ་ཚུལ་དེ་དག་སྣང་མེད་དུ་བཞག་སྟེ་དྲན་པ་རྒྱ་ཡན་དུ་བཏང་བ་ཡིན་ན། དེ་འདྲའི་མི་རིགས་ཀྱིས་རང་གི་སྐད་ཡིག་གི་ལམ་ནས་འཛམ་གླིང་གར་སྟེགས་སུ་རང་གི་སྐད་ཆ་དང་བདེ་སྡུག་གི་གླུ་སྐད་སྒྲོག་མི་ཐུབ་པའི་ཕྱིར། དེ་འདྲའི་མི་རིགས་ཀྱིས་ནམ་ཞར་དུ་གཞན་མི་རིགས་ལ་མགོ་སྒུར་དགོས་པ་དང་གཞན་གྱི་སྐད་ཡིག་ཁོ་ན་བེད་སྤྱོད་བྱེད་དགོས་པ་རེད། དེ་ལྟར་བྱས་པ་ཡིན་ན་ད་གཟོད་མི་རིགས་རིང་ལུགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་རིན་ཐང་ལྟ་ཚུལ་ཚང་མ་མི་འགྱིངས་བར་ཉམས་སྲིད་པས། ང་ཚོས་དུས་གཏན་དུ་མི་རིགས་རིང་ལུགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་རིན་ཐང་ལྟ་ཚུལ་གྱི་དྲན་པ་རྒྱུན་མི་ཆད་པར་བཟོ་དགོས་པའོ།།
གསུམ་པ་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་གནད་དོན་དང་འཛམ་གླིང་ལ་ཁ་ཕྱོགས་པའི་དྲན་པ་བཟོ་བ་ནི་ཚན་རིག་ལག་རྩལ་གྱི་དུས་རབས་འདི་ལྟ་བུ་ཞིག་ལ་མཚོན་ན་ཆེས་ཁ་ཚ་དགོས་གཏུགས་ཀྱི་དྲན་པ་འཐུར་ལེན་དགོས་པ་ཞིག་སྟེ། སྐབས་བབ་འདིར་འཛམ་གླིང་གར་སྟེགས་སྟེང་མི་རིགས་འཕེལ་རྒྱས་ཀྱི་ཚད་གཞི་དེ་གཙོ་བོ་ཆབ་དཔལ་རིག་གསུམ་གྱི་ངོ་བོའི་སྟེང་ནས་འཇོག་གིན་ཡོད་ཕྱིར། འདིའི་ཕྱོགས་ཀྱི་དྲན་པ་བཟོ་བ་དང་དྲན་པ་གསོ་བ་ནི་ཆེས་གནད་རྩར་ཐུག་ཡོད། དེ་བཞིན་དུ་མི་རིགས་ཤིག་རང་སྐྱ་ཐུབ་པ་དང་འཛམ་གླིང་རང་བཞིན་ཅན་གྱི་རྣམ་པ་རུ་གྲུབ་དགོས་པ་ཡིན་ན་གཙོ་བོ་འཛམ་གླིང་ལ་ཁ་ཕྱོགས་པའི་དྲན་པ་བཟོ་དགོས་པ་རེད། དེ་ཇི་ལྟར་ཞེ་ན། གཙོ་བོ་འཛམ་གླིང་གིས་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་ལ་གཞིགས་ཏེ། རིག་གནས་སྣ་མང་ཅན་དང་། ཆབ་སྲིད་དམངས་གཙོ་ཅན། དཔལ་འབྱོར་གོ་ལ་ཅན་གྱི་དྲན་པའི་ཕུགས་སུ་འཛུལ་དགོས་པ་དེའོ།། དེ་ལྟར་བྱས་པ་ཡིན་ན་ད་གཟོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་དང་དེ་དག་གི་བསྐྱེད་འབྲས་ལས་བསླངས་བའི་འཛམ་གླིང་ཁ་ཕྱོགས་ཀྱི་དྲན་པ་ཕྲ་རགས་དག་ཞིབ་ཀྱིས་རྟོགས་འོང་ངེས་རེད།

དཔའ་སྤོབས་ཅན་གྱིས་དྲན་པ་ལ་ཕྱིར་རྟོགས་བྱེད་ཐུབ།

དྲན་པ་ནི་མི་ཡི་འཚོ་གནས་ལ་བརྒྱུས་པའི་ཚེ་སྲོག་སྟེ། དྲན་པ་ཉམས་པའི་མི་སྒེར་དང་མི་རིགས་གང་ཞིག་ལ་མཚོན་ན་ཡང་དེར་དྲན་པ་གསོ་བའི་དཔའ་སྤོབས་ཤིག་མེད་ཚེ་ད་ནི་དངོས་གནས་རང་ཉིད་ཀྱི་ཡོད་ཚད་མཇུག་རྫོགས་པའི་དུས་ལ་བབ་པ་རེད། དཔའ་སྤོབས་ཅན་གྱིས་དྲན་པ་ལ་ཕྱིར་རྟོགས་བྱ་ཐུབ་སྟེ། དྲན་པ་བཟོ་བའི་དཔའ་སྤོབས་དང་། དྲན་པ་གསོ་བའི་དཔའ་སྤོབས། དྲན་པ་སྐྱོང་བའི་དཔའ་སྤོབས། དྲན་པ་མྱུར་བའི་དཔའ་སྤོབས།དྲན་པ་བཀོལ་བའི་དཔའ་སྤོབས། དྲན་པ་ལེན་པའི་དཔའ་སྤོབས་སོགས། མདོར་ན་དྲན་པའི་རིན་ཐང་གི་ཁྱབ་ཁོངས་སུ་ཚུད་པའི་རླབས་ཆེན་དྲན་པ་དག་གི་དཔའ་སྤོབས་ཅན་ཚོས་རྟག་ཏུ་སེམས་ཀྱི་གསེང་དང་རུས་པའི་རྐང་ན་བཅུགས་ཡོད་པ་རེད། དེའི་ཕྱིར་དཔའ་སྤོབས་ཀྱི་གདེང་མ་ཉམས་པའི་ཚེ་སྲོག་སྟོང་ཕྲག་ཅིག་གི་བདག་པོ་རྒྱག་ཐུབ་པའི་དྲན་པ་ཞིག་བཟོ་ཐུབ་པ་ཡིན་ན། ད་གཟོད་དཔའ་སྤོབས་དང་ལྡན་པའི་དྲན་པ་ཡི་མདངས་མངོན་ཞིང་། དཔའ་སྤོབས་དང་ལྡན་པའི་དྲན་པ་ཡི་ཤུགས་རྟོགས་ཐུབ་ཀྱི་རེད། འདི་ནི་དྲན་པ་ལ་བློ་དཀར་བའི་མི་དག་གི་རྒྱུན་ཤེས་སུ་ཆགས་པའི་ལམ་ཕྱོགས་ཤིག་རེད་ལ། འདི་ནི་དྲན་པ་ལ་རྒྱབ་གཏོད་པའི་རྨོངས་འཐོམ་པ་དག་གི་རྣ་ལམ་གྱི་འཛེར་སྐད་ཅིག་ཀྱང་རེད། མ་གཞི་དྲན་པ་ནི་ལང་ཚོ་ཞིག་ཡིན་ལ་ལང་ཚོར་འཐིམས་པའི་དྲན་པ་ནི་དཔའ་བོའི་ཆོད་སེམས་དང་ཤེས་རབ་ཀྱི་གནད་འགག་གི་སྐབས་ཀྱི་ཆེས་རྟོགས་པ་བླ་མེད་ཀྱི་ནུས་རྩལ་དེ་ཡིན་པས། དྲན་པ་གསལ་བོ་བཟོ་མཁན་དག་ལ་དཔའ་སྤོབས་དགོས་ཤིང་དཔའ་སྤོབས་ཀྱི་གདེང་དང་ལྡན་པའི་དྲན་པའི་ལང་ཚོ་ནི་མི་ཚེ་ཞིག་གི་བརྒྱུད་རིམ་ལས་ཆེས་རྩ་ཆེ་བའི་གནད་དོ།།

མཇུག་བསྡུས་པ།
ཏག་ཏག་ད་ནི་ཁོ་བོའི་རྩོམ་ཐུང་འདི་མཇུག་རྫོགས་ལ་ཉེ་བའི་སྐབས་འདིར་བཤད་འདོད་པ་རྡོག་གཅིག་ཡོད་པ་ནི། མི་ཞིག་ཡིན་ཕྱིན་མི་ཚེའི་ལང་ཚོར་འཐིམས་པའི་སྐབས་སུ་སུ་ལའང་ཕུགས་བསམ་རླབས་པོ་ཆེ་ཞིག་དང་དཔའ་སྤོབས་སྐག་སྐག་ཅིག་ཡོད་རེད། འོན་ཀྱང་མི་དག་ནར་སོན་པའི་གོ་རིམ་གྱི་ཁྲོད་ནས་མང་དག་ཅིག་གིས་རང་ཉིད་འབོར་ཞིང་དྲན་པ་ཉམས་འགྲོ་བ་རེད། དེ་ནི་རང་ཉིད་དང་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ཀྱི་ཡོད་ཚད་མཇུག་རྫོགས་པའི་སྔ་ལྟས་སུ་གྱུར་འདུག་ཕྱིར། ཆེས་གནད་རྩ་ནི་དུས་ནམ་དང་གནས་གང་ཞིག་ཏུ་འབྱོར་ཡང་རང་གི་དྲན་པ་བསྲུང་བའི་འདུ་ཤེས་བརྟན་པོ་ཞིག་དང་དྲན་པ་བཟོ་བའི་དཔའ་སྤོབས་ལས་འདའ་མི་རུང་བ་དེའོ།།

༢༠༡༣ལོའི་ཟླ་༦པའི་ཚེས་༡༥ཉིན་ལན་གྲུ་རུ་གྲུབ།