པཎ་ཆེན་བཅུ་པ་མཆོག་ལ་རྗེས་དྲན་ཞིག་གི་དོད་དུ།

རིགས་ཀྱི་རུས་པ་ཅན་གྱི་མི་ཞིག་དྲན། །
རུས་པ་རྡོ་ལྟར་སྲ་བའི་ཕ་ཞིག་དྲན། །
གླིང་གི་དཔའ་ཐུལ་འདྲ་བའི་བུ་ཞིག་དྲན། །
དེ་ལ་གདུང་བའི་མཆི་མས་རྗེས་དྲན་བྱེད། །

མཁས་མཛངས་བླ་ན་མེད་པའི་མགོན་ཞིག་དྲན། །
གློ་སྙིང་ལྕགས་ཀྱིས་བརྡུང་བའི་ཕ་ཞིག་དྲན། །
སྤོབས་པ་རི་ལྟར་མཐོ་བའི་བུ་ཞིག་དྲན། །
དེ་ལ་དད་དུངས་འགྱུར་མེད་རྗེས་དྲན་བྱེད། །

ཐུགས་ལ་བྱམས་བརྩེ་མངའ་པའི་མགོན་ཞིག་དྲན། །
ཁོག་ན་བདེན་པ་འཁྱིལ་བའི་ཕ་ཞིག་དྲན། །
རིགས་ལ་དམ་ཚིག་འགྱུར་མེད་བུ་ཞིག་དྲན། །
དེ་ལ་བརྗེད་དུ་མེད་པའི་རྗེས་དྲན་བྱེད། །

ཆོས་ཀྱི་འཁོར་ལོ་བསྐོར་བའི་མགོན་ཞིག་དྲན། །
སྲིད་ཀྱི་ཁ་ལོ་བསྒྱུར་བའི་ཕ་ཞིག་དྲན། །
དམངས་ཀྱི་བདེ་སྡུག་ཚོར་བའི་བུ་ཞིག་དྲན། །
དེ་ལ་དགའ་དང་དད་པས་རྗེས་དྲན་བྱེད། །

རིགས་ཀྱི་ལ་རྒྱ་ཁུར་བའི་ཕ་ཞིག་དྲན། །
སྙིང་སྟོབས་དགུ་འགྱུར་ཅན་གྱི་བུ་ཞིག་དྲན། །
ཚེ་སྲོག་ཐེད་ལ་འདོར་བའི་མི་ཞིག་དྲན། །
དེ་ལ་གློ་བ་ཉེ་བའི་རྗེས་དྲན་བྱེད། །

གནམ་ལ་ཉི་ཟླ་ཤར་འདྲའི་མགོན་ཞིག་དྲན། །
ས་ལ་འོད་ཟེར་འཕྲོས་འདྲའི་ཕ་ཞིག་དྲན། །
དོན་ལ་དཔའ་མཛངས་ཅན་གྱི་བུ་ཞིག་དྲན། །
དེ་ལ་མི་ཕྱེད་སེམས་ཀྱིས་རྗེས་དྲན་བྱེད། །

ཕ་སྐད་གདངས་སུ་འཕོས་པའི་ཕ་ཞིག་དྲན། །
མ་ཡིག་རིན་ཆེན་སྲུང་བའི་བུ་ཞིག་དྲན། །
ཕ་ངོ་བུ་ངོ་སྤྲོད་པའི་མི་ཞིག་དྲན། །
དེ་ལ་བཀའ་དྲིན་དྲན་པའི་རྗེས་དྲན་བྱེད། །

༢༠༡༤ ༡༡ ༢༡ ཉིན།