སྒོ་མེ་ཚེ་རིང་བཀྲ་ཤིས།

ང་རང་མལ་ཁྲིའི་སྟེང་དུ་ཁ་གནམ་ལ་འཁོར་ཏེ་ཉལ་ནས་བསྡད་པ་ཡིན།དབྱར་གྱི་ནམ་ཟླ་ཤིན་ཏུ་དྲོ་བས་ང་ རང་ལ་གཉིད་ཁུགས་ཐབས་བྲལ།ངས་རང་གི་ལུས་སྟེང་དུ་བཀབ་ཡོད་པའི་མལ་ཐུལ་བཤུས་ནས་ལོགས་སུ་བཞག་པ་ན།གཅེར་རྗེན་དུ་བུད་པའི་ལུས་པོར་སྔ་ན་མེད་པའི་བདེ་ཚོར་ཞིག་སྐྱེས། གློག་འོད་ཀྱི་རམ་འདེགས་ལ་བརྟེན་ནས་ངའི་མིག་ལམ་དུ་བོད་ཡིག་སྣཚོགས་རིས་སུ་ཤར་བྱུང༌། དངོས་གནས་ངེད་ཚང་གི་ཁང་པའི་གདུང་ མ་དང་ཁང་ཀླད་ཧྲིལ་པོར་བོད་ཡིག་བབས་འདུག བོད་ཡིག་དེ་དག་ནི་དབུ་ཅན་གྱིས་བྲིས་པ་ཡོད་ལ།དབུ་མེད་ ཀྱིས་བྲིས་པ་ཡང་ཡོད། དེ་དག་ལས་ལ་ཤས་ཤིག་ཡིག་གཟུགས་ལེགས་པོ་ཅན་ཤ་སྟག་རེད། ཡང་ལ་ཤས་ཤིག་ད་སོ་མ་ཡི་གེ་འབྲི་སྦྱོང་བྱེད་བཞིན་པའི་བྱིས་པ་ཆུང་ཆུང་ཞིག་གིས་བྲིས་པ་དང་འདྲ་བར་ཧ་ཅང་བཙོག གང་ལྟར་ཡི་གེ་དེ་དག་མཐོང་བས་ང་ལ་དགའ་བ་ཟད་མི་ཤེས་པ་ཞིག་སྐྱེས། ངས་དེ་དག་ཀློག་འདོན་བྱེད་ཀྱིན་བྱེད་ ཀྱིན་གློ་བུར་དུ་རྟའམ་བོང་བུ།ཡང་ན་བ་གླང་ངམ་བེའུ། ཤིང་རྟའམ་ལྕགས་རྟ།རླངས་འཁོར་སོགས་ཀྱི་གཟུགས་སུ་གྱུར། ཡང་ཞིབ་ཏུ་བལྟས་པ་ན། དེ་དག་ནི་ཅི་ཡང་མ་རེད།སོག་ལེ་དང་གཞོག་གྲིས་གཞོག་ཤུལ་དུ་རང་བྱུང་དུ་བབས་པའི་རི་མོ་ལྟ་བུ་ཞིག་རེད། ངས་མུ་མཐུད་དུ་རི་མོ་དེ་དག་ཡང་བསྐྱར་བོད་ཡིག་ཏུ་འགྱུར་བར་རེ་སྨོན་ བཅངས་ནའང༌། རྟའམ་བོང་བུ།ཡང་ན་བ་གླང་ངམ་བེའུ། ཤིང་རྟའམ་ལྕགས་རྟ། རླངས་འཁོར་དེ་དག་ཡང་ བསྐྱར་བོད་ཡིག་ཏུ་འགྱུར་མ་ཐུབ།དེ་དུས་ངས་དཀར་ཁུང་ལས་ནམ་མཁའི་མཐོངས་སུ་ཅེར་པ་ན་ཕྱི་རོལ་གྱི་ནམ་མཁའ་ན་སྐར་ཚོགས་ལྷམ་མེར་བཀྲ་ཞིང༌། འོད་ཀྲིག་ཀྲིག་གི་སྐར་ཚོགས་ནི་བོད་ཡིག་རེ་རེ་དང་འདྲ་བར་ཡི་ གར་འོང༌།
དེ་དུས་ངས་ཀྱང་སློབ་གྲྭ་ཆུང་ཆུང་དེ་རུ་ཀ་ཁ་སྦྱངས་མྱོང༌།དགེ་རྒན་གྱིས“ཀ——ཁ——” ཞེས་དབྱངས་གསལ་སོ་བཞི་དབྱངས་ལ་གྱེར་བའི་སྒྲ་དེ་ད་ལྟ་བསམས་ན་དངོས་གནས་སྙན་པོ་འདུག ང་རང་ དངོས་གནས་བོད་ཡིག་སྦྱོང་རྒྱུར་ཤིན་ཏུ་དགའ། ངས་བོད་ཡིག་ཁྲིད་པའི་སློབ་ཐུན་རེ་རེར་ནན་ཏན་གྱིས་མཉན་ ཅིང༌། བོད་ཡིག་ཁྲིད་པའི་དུས་སུ་ང་ལ་སློབ་ཁྲིད་གཞན་པའི་སྐབས་དང་འདྲ་བར་གཉིད་ཁུགས་པའི་སྣང་བ་ཡེ་ ནས་མེད། བོད་ཡིག་དགེ་རྒན་གྱིས་ང་ཚོར་བོད་ཡིག་ནི་འཛམ་གླིང་ན་ཆེས་མཆོག་ཏུ་གྱུར་པའི་ཡི་གེ་ཞིག་ཡིན་པ་དང༌།དེ་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་གཟུར་མེད་འོས་འགན་ཞིག་ཡིན་པར་ བཤད་ཀྱང༌། ལོ་གཞོན་དགེ་རྒན་དེས་རྒྱ་ཡིག་སློབ་ཁྲིད་ཀྱི་སྐབས་སུ་ལྡོག་ཕྱོགས་ནས་རྒྱ་ཡིག་ནི་ད་གཟོད་ འཛམ་གླིང་ན་ཆེས་མཆོག་ཏུ་གྱུར་པའི་ཡི་གེ་ཞིག་ཡིན་པར་སྨྲ་ལ།ཁོས་རྒྱུ་མཚན་དང་བཅས་པའི་སྒོ་ནས་རྒྱ་ ཡིག་གི་དགེ་མཚན་བཤད་ཅིང༌། ཁོས་སྐད་ཆ་དེ་དག་བཤད་དུས་རང་གིས་བོད་ཡིག་མི་ཤེས་པ་ནི་གཟི་བརྗིད་ ཅིག་དང་ཡང་ན་ང་རྒྱལ་ཞིག་ཏུ་རྩི་བཞིན་འདུག ཁོས་ཆུང་དུས་སུ་ཁོ་རང་གིས་བོད་ཡིག་མ་སྦྱངས་པར་རྒྱ་ཡིག་སྦྱངས་པ་ནི་གནམ་གྱིས་སྐལ་བྱིན་པ་རེད་ཟེར། ཁོས་བཤད་པ་ལྟར་ན།ཁོའི་བུ་དང་བུ་མོ་གཉིས་ཀྱིས་ད་ལྟ་རྒྱ་ ཡིག་སྦྱོང་བཞིན་ཡོད་པས། མ་འོངས་པ་ན་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡོད་པར་ཡིད་ཆེས་བདོག་ཟེར།ཁོས་སྐད་ཆ་དེ་དག་བཤད་དུས་གདོང་ལ་སྔར་མེད་ཀྱི་སྤྲོ་བ་ཞིག་དང་ཡིད་ཆེས་ཤིག་གིས་ཁེངས་འདུག དེ་དུས་ངས་ཁོའི་སྐད་ཆ་དེ་དག་ང་ཚོའི་བོད་ཡིག་དགེ་རྒན་ལ་བཤད་ཡོད་ཚེ། ཁོས་ཉིན་མ་རེ་རེར་བཞིན་ང་ཚོའི་རྣ་ཁ་ནས་ཅི་ཞིག་ཡིན་མདོག་གིས་ཡང་ནས་ཡང་དུ་སྐད་ཆ་དེ་དག་བཤད་པའི་གོ་སྐབས་ཡོད་མི་སྲིད་དེ།ང་ཚོའི་བོད་ཡིག་དགེ་རྒན་གྱིས་ལག་པ་མཁའ་རུ་ཕྱར་ཏེ་ཁོའི་འགྲམ་པར་ཅལ་སེ་གཅིག་བརྒྱབ་ཡོད་པ་ཁག་ཐེག་ཡིན། ད་ལྟ་ད་དུང་ངས་བོད་ཡིག་ཀློག་སྟངས་བརྗེད་མེད་ལ།དེ་ནི་ནམ་ཡང་བརྗེད་མི་སྲིད།
ཀ་བ་ཀ་ར་ཀ་ཏོ་ར།། ཀ་ཅི་ཀ་མད་ཀ་རྐྱང་ཡིན།། དཀའ་ལས་དཀའ་ངལ་ད་དཀའ་དང༌།། བཀའ་མོལ་བཀའ་སློབ་བ་བཀའ་འོ།། ཡུར་བའི་རྐ་ནི་ར་རྐ་ཡིན།། ……
ད་ལྟ་ཡང་ང་རང་རྒྱ་ཡིག་གི་དགེ་རྒན་མགོ་སྟོང་དེ་ལ་སྡང་སེམས་སྐྱེས་བཞིན་ཡོད།ནམ་ཡང་རང་ཉིད་ཅི་ཞིག་ཡིན་མདོག་གི་དགེ་རྒན་ང་རྒྱལ་ཅན་དེ་ངེད་ཚང་ལ་ཡོང་བ་ནས་བཟུང༌།བདག་གི་ཨ་ཕས་ཁོ་རང་ཚ་ཐབ་ཀྱི་གོང་དུ་མར་འཁོར་ནས་འདུག་ཏུ་འཇུག་ལ། དེས་ཀྱང་སྡོད་ས་དེ་ནི་རང་གིས་ཉོས་ཡོད་པ་ལྟར་ཧ་ཅང་སྒྲོབ་ཉམས་ཀྱིས་འདུག་པར་བྱེད།དེ་ལ་ངས་ཀྱང་མི་དགའ་བའི་ཉམས་ཅི་ཡང་བསྟན་མ་མྱོང༌། ཡིན་ནའང་དགེ་རྒན་མགོ་ སྟོང་དེ་མར་འཁོར་ནས་བསྡད་པས་མི་ཆོག་ད་དུང་འཇིག་རྟེན་རིལ་མོ་རང་གི་ལག་ཏུ་ཡོད་པ་བཞིན་ཧྲང་ཧའེ་ན་ཅིག་ཅིག་ཉིག་ཉིག་ཡོད་ལ།དེ་ནི་རྒྱ་ཡིག་གི་མཁས་པ་ཆེན་མོ་ཞིག་ཡིན། དེ་ལ་ཟླ་རེར་ཕོགས་ག་ཚོད་ག་ཚོད་ ཡོད། པེ་ཅིན་ན་རྒྱ་ཡིག་གི་མཁས་པ་ཅིག་ཅིག་ཉིག་ཉིག་ཡོད་ལ། དེ་ལ་ཟླ་རེར་ཕོགས་ག་ཚོད་ག་ཚོད་ཡོད།དེ་ལྟར་རེ་རེ་བཞིན་བགྲང་ཞིང༌། དེ་དག་ནི་ཁོའི་ཨ་ཕ་ཨ་མ་ཡིན་པ་དང་འདྲ་བར་ངོམ་སོ་བྱེད་ཅིང༌། དེ་དག་གིས་ཟླ་རེར་རང་རང་གི་ཕོགས་ལས་ཁོ་ལ་སྒོར་མོ་ག་ཚོད་ག་ཚོད་བགོ་བཞིན་པ་དང་འདྲ་བར་གདོང་ལ་སྤྲོ་སྣང་གིས་ ཁེངས་འདུག ང་རང་མལ་ཁྲིའི་སྟེང་དུ་ཉལ་ནས་ཇི་ལྟར་འདང་བརྒྱབ་ཀྱང་ཁོས་གཏམ་དེ་བཤད་སྐབས་ཀྱི་ཉམས་འགྱུར་དང་སྤྲོ་སྣང་ལ་གོ་བ་ཡེ་ནས་ལོན་ཐབས་བྲལ།ལྷག་པར་དུ་བདག་གི་ཨ་ཕའི་གདོང་གི་ཉམས་འགྱུར་དང་སྤྲོ་སྣང་དེ་འདྲ་གང་ནས་ཡོང་བ་ཡིན་ནམ།གཅིག་ན་ཁོ་རང་ཧྲང་ཧའེ་ལ་སོང་མ་མྱོང༌། གཉིས་ན་ཁོ་རང་པེ་ཅིན་དུ་ཡང་སོང་མ་མྱོང༌། མཁས་པ་དེ་དག་ཀྱང་ཁོས་གཏན་ནས་ངོ་མི་ཤེས། ཨ་ཕ་ཡང་ཨ་ཕ་སྟེ།གཞན་གྱིས་ཅི་ཞིག་བཤད་ན་ཁོས་ཀྱང་དེ་རྗེས་སྙེག་ནས“དེ་ཡིན་ནི་རེད་མོད། མཁས་པ་དེ་དག་དངོས་གནས་ངར་བ་རེད།”ཅེས་རང་གིས་ གནས་ལུགས་ཆེན་པོ་ཅི་ཞིག་ཤེས་སོང་བ་བཞིན་སྨྲ།ངའི་སེམས་ལ་ཨ་ཕ་ཁྱོད་སྙིང་མ་རྗེ།“ཁྲོན་པའི་ཆུ་ལ་འགྱིང་པ་ཡི།།རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི”ཞེས་པ་ལྟར། ཐབ་ཀ་མ་གཏོགས་ས་ངོ་མི་ཤེས་ལ།ཨ་མ་མི་མ་ གཏོགས་མི་ངོ་མི་ཤེས་ནི་ཞིག་གིས་ཅི་ཞིག་ཤེས། ངས་ཨ་ཕས་ཅི་ཞིག་ཤེས་ཁུལ་གྱིས་ལབ་པའི་གཏམ་དེ་ དག་ངས་རྣ་རྒྱབ་ཀྱི་ལྷགས་པར་བསྐུར་པ་ཡིན། དགེ་རྒན་མགོ་སྟོང་དེ་ངེད་ཚང་ལ་ཡོང་ཐེངས་ཇི་ལྟར་མང་ན་ངས་དེ་ལྟར་བཀྲ་མི་ཤིས་པའི་ལྟས་ཤིག་ཡིན་པར་སེམས་ཁྲལ་བྱེད་བཞིན་ཡོད།ཉིན་ཞིག་ཁོས་ངའི་ཨ་ཕར་བལྟས་ནས“ཨ་ཁུ། བཀྲ་ཤིས་ཀྱང་རྒྱ་ཡིག་གི་ སློབ་གྲྭ་ཞིག་ལ་མངགས་ན་མི་བཟང་ངམ”ཞེས་བཤད། སྐབས་དེར་ང་ལ་གང་ནས་ཡོང་བ་མི་ཤེས་པའི་འཚུབ་ཆ་ཞིག་ལངས།ངའི་སེམས་པར་སྐད་ཆ་དེ་ཨ་ཕས་མ་གོ་ན་བཟང་ཨང་སྙམ། ངས་བོད་ཡིག་དྲན་བྱུང༌། དབྱངས་གསལ་སོ་བཞིའི་འགྱུར་ཁུགས་སྙན་མོ་དེ་ཡང་དྲན་བྱུང༌། ཡིན་ན་ཡང་གོ་མི་དགོས་པའི་སྐད་ཆ་དེ་ཨ་ཕས་གོ་འདུག ཨ་ཕས་རྣམ་རིག་ཇེ་གསལ་དུ་སོང་ནས“དེ་དངོས་གནས་ཐབས་ཡག་པོ་ཞིག་རེད”ཟེར།ཁོའི་སེམས་ལ་ཧྲང་ཧའེ་དྲན་ཡོད་སྲིད་ལ།པེ་ཅིན་ཡང་དྲན་ཡོད་སྲིད། ཁོས་ད་དུང་ཧྲང་ཧའེ་དང་པེ་ཅིན་གྱི་མཁས་པ་དེ་གཉིས་ཀྱང་དྲན་ཡོད་སྲིད། དེ་ལས་ཀྱང་ཁོས་དེ་གཉིས་ཀྱི་ཟླ་རེ་རེའི་ཕོགས་དྲན་ཡོད་སྲིད། ང་རང་མལ་ཁྲིའི་སྟེང་ཉལ་ནས།ཁ་ནས་རང་དབང་མེད་པར“ངའི་བོད་ཡིག་ང་ལ་གནང་རོགས”ཞེས་ ཤོར་སོང༌། ངས་ཡང་བསྐྱར་མིག་རིག་རིག་གིས་བོད་ཡིག་དེ་དག་བཙལ་པ་ཡིན།བོད་ཡིག་དེ་དག་ངའི་མཐོང་ ལམ་ནས་མི་སྣང་བར་གྱུར་སོང༌།བ་གླང་ངམ་བེའུ། ཤིང་རྟའམ་ལྕགས་རྟ། རླངས་འཁོར་སོགས་དེ་དག་གིས་ བསམ་གཟས་ནས་བདག་གི་བོད་ཡིག་རེ་རེ་ཡོངས་སུ་བསྣུབས། ནམ་ཕྱེད་དུ་ནམ་ཟླ་རིམ་བཞིན་ཇེ་འཁྱག་ཏུ་ སོང་བས། ང་ལ་གྲང་འདར་ཞིག་བརྒྱབ། ངས་ལོགས་ཀྱི་མལ་ཐུལ་ལུས་ལ་བཀབ་ནས་གཉིད་རྩིས་བྱས། ཡིན་ན་ཡང་གཉིད་གཏན་ནས་ཁུགས་ཐབས་བྲལ།ཅིས་ཀྱང་བོད་ཡིག་དེ་དག་ངའི་མཐོང་ལམ་དུ་མངོན་ཐབས་ བྲལ་བས། ངས་ཡང་བསྐྱར་དཀར་ཁུང་བརྒྱུད་ནས་ཕྱི་རོལ་གྱི་ནམ་མཁར་ཐེངས་གཅིག་བལྟས།ཨ་ཙི། ནམ་ མཁའི་མཐོངས་ཀྱི་བོད་ཡིག་དང་འདྲ་བར་འོད་ཀྲིག་ཀྲིག་བྱེད་པའི་སྐར་ཚོགས་ཀྱང་མི་འདུག ནག་ཐང་ཐང་གི་ནམ་མཁའ་ན་བདག་གི་བོད་ཡིག་མི་འདུག ང་ལ་ཡང་བསྐྱར་གྲང་འདར་ཞིག་བརྒྱབ། ངས་མལ་ཐུལ་གྱིས་རང་གི་ལུས་པོ་གཅུད་ཐུབ་ཐུབ་བྱས།ཡིན་ནའང་ང་ལ་སྔར་བཞིན་གྲང་བའི་སྣང་བ་འགོག་མེད་ཅིག་སྐྱེས། ང་ལ་གྲང་འདར་ཞིག་བསྟུད་མུར་བརྒྱབ་བྱུང༌། ང་རང་རྒྱ་ཡིག་གི་སློབ་གྲྭ་དེ་ལ་ཕྱིན་པ་ནས་བཟུང༌།དབྱངས་གསལ་སོ་བཞིའི་དབྱངས་རྟ་རྣ་ལམ་ནས་གཏན་དུ་ཡལ་སོང༌། དེ་ཙམ་གྱིས་ང་རང་བོད་ཡིག་ལ་དགའ་བའི་འདུན་པ་ལྷོད་མ་ཐུབ། ངས་རྒྱ་ཡིག་གི་སློབ་གྲྭ་དེ་རུ་སྔས་འོག་ཏུ་བཅུག་ཡོད་པའི་བོད་ཡིག་གི་དཔེ་ཆ་དེ་བཟུང་ནས་བཀླགས་པ་ཡིན། བདག་གི་སློབ་གྲོགས་ཀྱི་ཁྲོད་ན་རྒྱ་རིགས་དང་བོད་རིགས་ཡོད་ལ།ད་དུང་མི་རིགས་གཞན་པའང་ཡོད།ཁོ་ཚོས་ངའི་བོད་ཡིག་གི་དཔེ་ཆ་དེ་མཐོང་པ་ན་གདོང་ལ་ཡ་མཚར་བའི་ཉམས་དང་བཅས་ང་ལ་ཅེ་རེར་བལྟས་འདུག ཁོ་ཚོས་ང་ལ་རྒྱ་སྐད་ཀྱི་ ལམ་ནས“དེ་ནི་བོད་ཡིག་རེད་དམ”ཞེས་འདྲི་བར་བྱེད། ཁོ་ཚོའི་གདོང་ལ་ཡ་མཚན་པའི་མདངས་ཤིག་འཛིན། བདག་གི་བོད་རིགས་སློབ་གྲོགས་དེ་ཚོས“དེ་སྦྱོང་ནས་ཅི་བྱེད” ཟེར། ད་དུང་བདག་ལ་ཤ་ཚ་ཁུལ་གྱིས“ཁྱོད་རང་ འབྲོག་ཁུལ་དུ་འགྲོ་འདོད་དམ”“ཁྱོད་ཀྱིས་རང་གི་ཕ་མའི་རེ་བ་གཏོང་ཟད་དུ་གཏོང་འདོད་དམ”ཞེས་མདའ་མོ་དང་མཚུངས་པའི་དྲི་བ་རེ་རེ་འཕངས་འོངས། སྐབས་དེར་བདག་གི་སྙིང་ལ་ཙག་ཤད་རྒྱུག་པ་ལྟ་བུའི་ཚོར་བ་ཞིག་བྱུང༌། ངས་རང་གི་མིད་དག་ཁར་བསླེབས་པའི་སྐད་ཆ་དེ་ཕྱིར་མིད་ཐབས་བྱས།ངས་རང་གི་མཁའ་ལ་ འཕྱར་བའི་ལག་པ་ཕྱིར་བསྐུམས་པ་ཡིན། ཡིན་ནའང་ངའི་སྙིང་ལ་ཙག་ཤད་རྒྱུག་པའི་ཚོར་བ་དེ་ཡལ་མ་ཐུབ།ཁྱི་སྐྱག་འདི་ཚོ། ངས་ཁོག་ནས་ཁོ་ཚོར་དེ་ལྟར་སྡིགས་དམོད་བྱས་པ་ཡིན། ཡང་མཚན་མོ་ཞིག་སྟེ།ང་རང་སྔར་བཞིན་མལ་ཁྲིའི་སྟེང་ཀན་རྐྱལ་དུ་ཉལ་ནས། བོད་ཡིག་དེ་དག་བཙལ་པ་ཡིན།ཡིད་སྤྲོ་བ་ཞིག་ལ་བོད་ཡིག་དེ་དག་བྱིས་པ་ཆུང་ཆུང་གྲངས་མེད་དང་འདྲ་བར་ལྷད་མེད་ཀྱི་འཛུམ་ མདངས་རེ་བསྣམས་ནས་ང་ལ་བལྟས་འདུག ངས་རང་གི་ལུས་སྟེང་གི་མལ་ཐུལ་ལོགས་སུ་གཡུག་ནས་ཤེད་ཀྱིས་གྱེར་པ་ན། རྣ་ལམ་དུ་གཞས་སྙན་མོ་ཞིག་འཁོར་བ་ནང་བཞིན་སྨྲ་མི་ཤེས་པའི་ཚོར་བ་སྐྱིད་པོ་ཞིག་བྱིན།
ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཨི་ཨུ་ཨེ་ཨོ།
ངས་ཡང་བསྐྱར་མཇུག་ནས་མགོ་བར་འོད་ཀྲིག་ཀྲིག་གི་བོད་ཡིག་དེ་ཚོ་རེ་རེ་བཞིན་ཚར་ གཅིག་བཀླགས་ པ་ན།འཇམ་བསིལ་བསིལ་གྱི་རླུང་བུ་ཞིག་ལྡང་བ་ནང་བཞིན་ལུས་པོ་ཧྲིལ་བོ་བདེ་འབོལ་ལེར་སོང༌།ཚོར་བ་དེ་རྩ་ལམ་བརྒྱུད་ནས་ངའི་སེམས་ཁོང་དུ་འཐིམ།
དེ་དུས་སློབ་གྲྭ་ཆུང་ཆུང་དེ་རུ་ངའི་ཚིག་གྲུབ་དེ་འདྲ་ཡག་པོ་སུས་ཀྱང་བསྒྲིགས་མི་ཤེས་ལ། ངའི་བོད་ ཡིག་དེ་འདྲ་ཡག་པོ་ཡང་སུས་ཀྱང་འབྲི་མི་ཤེས་པས། བོད་ཡིག་དགེ་རྒན་གྱིས་ནམ་རྒྱུན་ང་ལ་མཐེ་མོང་བསྟན་ནས“བྱིས་པ་རིག་ཡག་ཅིག་འདུག མུ་མཐུད་དུ་འབད་པ་བྱོས” ཞེས་བསྟོད་བསྔགས་བྱེད་པ་རེད། ཁོས་ བསྟོད་བསྔགས་བྱེད་ཐེངས་མང་ན་ངའི་བོད་ཡིག་གི་ཆུ་ཚད་དེ་ལྟར་ཇེ་མཐོར་འགྲོ་བཞིན་ཡོད།ངའི་བོད་ཡིག་སྦྱོང་ འདོད་ཀྱི་འདུན་པ་ཡང་དེ་ལྟར་ཇེ་བརྟན་དུ་གྱུར་འགྲོ། ངས་བོད་ཡིག་རེ་རེ་ཐང་ཆུ་ལྡད་ལྡད་བྱས་ཏེ་བློར་བཟུང་བ་ ཡིན།ང་རང་ཞོགས་པ་སྔ་མོ་ནས་མལ་ལས་ལངས་ཏེ་བོད་ཡིག་སྐད་ལ་བརྒྱབ་སྟེ་ཀློག་འདོན་བྱས་པ་ཡིན། ངས་སེམས་ལ་དེ་ལྟར་བྱས་ན་བོད་ཡིག་དགེ་རྒན་གྱིས་གོ་སྲིད་ལ།གལ་ཏེ་ཁོས་གོ་ཚེ་ང་ལ་ཁོའི་ཡིད་དུ་འོང་བའི་མཐེ་མོང་དེ་བསྟན་འོངས་སྙམ་བཞིན་ཡོད། མཐོ་སྒང་གི་ནམ་ཟླ་ནི་དངོས་གནས་འགྱུར་ལྡོག་ཆེ་བ་ལ་ཨང༌། ཉིན་འདི་འགར་རྒྱུན་དུ་ནམ་སྟོད་ལ་ཧ་ཅང་དྲོ་ནའང༌།ནམ་སྨད་དུ་བསླེབས་ཚེ་ནམ་མཁའི་ཀློང་དུ་སྤྲིན་པ་ཕ་བོང་ལྟ་བུ་གྲངས་མེད་པ་ལངས་འོངས་ཤིང༌།དེ་དང་བསྟུན་ནས་ཁང་པའི་ནང་གི་དྲོད་ཚད་ཀྱང་ཇེ་དམའ་ནས་ཇེ་དམའ་རུ་འགྲོ་བ་རེད། ཁང་པའི་ནང་གི་དྲོད་ཚད་ཇེ་དམའ་རུ་སོང་བ་དང་བསྟུན་ནས་ངས་ལོགས་སུ་གཡུགས་ཡོད་པའི་མལ་ཐུལ་ཡང་བསྐྱར་རང་གི་ལུས་ལ་དགབས་དགོས་བྱུང༌།ངས་བློ་རྩེ་བསྒྲིམས་ནས་ཡང་བསྐྱར་བོད་ཡིག་དེ་དག་བཙལ་པ་ན།བོད་ཡིག་དེ་དག་ནམ་ཡང་ དྲོད་ཀྱིས་བཟུང་ཡོད་པ་དང་འདྲ་སྟེ། ཁང་པའི་ནང་གི་དྲོད་ཚད་ཇེ་དམའ་རུ་སོང་ཚེ་མེད་པར་གྱུར་འགྲོ།བོད་ཡིག་དེ་དག་གང་དུ་བུད་སོང་ངམ། བོད་ཡིག་དེ་དག་ཡང་བསྐྱར་རྟའམ་བོང་བུ། ཡང་ན་བ་གླང་ངམ་བེའུ། ཤིང་རྟའམ་ལྕགས་རྟ།རླངས་འཁོར་སོགས་སུ་གྱུར་པའི་ཚེ་ན་ང་ལ་གཉིད་མི་ཁུགས་ཀྱང་ངས་གློག་སྒྲོན་གཟིམས་ཤིང༌། མགོ་བོ་མལ་ཐུལ་གྱིས་བཏུམས་ནས་བཙན་གྱིས་གཉིད་པ་ཡིན། དེ་ལྟ་ནའང་བདག་གི་གཉིད་བོད་ཡིག་དེ་དག་དང་འགྲོགས་ནས་མེད་པར་གྱུར་འགྲོ། ང་རང་རྒྱ་ཡིག་གི་སློབ་གྲྭ་དེ་ནས་མཐར་ཕྱིན་རྗེས་མཐོ་རྒྱུགས་ལ་ཞུགས་པ་ཡིན།ངའི་ཨ་ཕས་རྒྱ་ཡིག་ དགེ་རྒན་དེའི་མངགས་བཀོད་ལྟར།ང་ལ་བྱ་ཤ་བཙོས་མ་དང༌། འོ་མ་ཁོལ་མ། ད་དུང་ཆའོ་ཁི་ལེ་སོགས་ཟས་ཞིམ་པོ་གང་མང་ཉོས་མྱོང༌།ངས་སྐྱེ་བ་འདིར་དུས་གཅིག་ལ་དེ་དྲའི་ཟས་ཞིམ་པོ་མང་པོ་ཞིག་ཟས་པ་མི་དྲན། ངའི་སེམས་ལ་རྒྱུགས་ལེན་པའི་ཉི་མ་དེ་ལས་ཀྱང་རིང་ན་ཅི་མ་རུང་སྙམ། མ་མཐའ་ཡང་གཟའ་འཁོར་གཅིག་གི་རིང་ཡིན་ཚེ་ངས་བྱ་ཤ་བཙོས་མ་དང༌། འོ་མ་ཁོལ་མ། ད་དུང་ཆའོ་ཁི་ལེ་སོགས་ཟས་ཞིམ་པོ་མང་ཙམ་ཟ་ཐུབ་ པ་གདོན་མི་ཟ།རྒྱུགས་ཤོག་གི་སྟེང་དུ་ངའི་བོད་ཡིག་དེ་དག་ཡོད་མི་སྲིད་ལ།མེད་པ་ཤེས་ནའང་ངས་ཕར་སློག་ ཚུར་སློག་བྱས་ནས་བཙལ་པ་ཡིན།ངའི་སེམས་ལ་གལ་ཏེ་བོད་ཡིག་དེ་དག་ཡོད་ཚེ་ང་རང་གིས་རྒྱུགས་ཤོག་སྟེང་དྲིས་ལན་མང་ཙམ་བསྐང་ཐུབ་སྲིད་སྙམ། ང་རང་སློབ་ཆེན་དུ་རྒྱུགས་མ་འཕྲོད་པའི་རྗེས་སུ་ངས་ཨ་ཕར་རང་གི་སྐབས་དེའི་བསམ་ཚུལ་བཤད་པ་ན།ཁོང་གིས“བོད་ཡིག བོད་ཡིག ཁྱི་སྐྱག་གི་བོད་ཡིག”ཅེས་ཟེར་བཞིན་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས། དེ་ནས་བཟུང་ངས་ཁོང་གི་གམ་ཏུ་བོད་ཡིག་ཅེས་པའི་ཡིག་འབྲུ་དེ་གཉིས་གཏན་ནས་གླེང་མ་མྱོང༌། ཡིག་འབྲུ་དེ་གཉིས་མ་གླེང་པ་ཙམ་གྱིས་ཁོ་རང་བོད་ཡིག་ལ་སྡང་བའི་སེམས་ཁམས་དེ་ཡལ་མ་ཐུབ། ཁོས་ངའི་བོད་ཡིག་གི་དཔེ་ཆ་ཡོད་ཚད་མེར་བསྲེགས་ཤིང༌།ཁོས་ངའི་གོ་ས་ནས་བོད་ ཡིག་དགེ་རྒན་དེ་ལ་སྡིག་དམོད་ཡང་ཡང་བྱེད། ཁོའི་བསམ་ཚུལ་ལ་ང་རང་སློབ་ཆེན་དུ་རྒྱུགས་མ་འཕྲོད་པ་དེ་ ནི་བོད་ཡིག་དགེ་རྒན་དེ་ལན་པར་འདོད་བཞིན་ཡོད། ལོ་མང་པོའི་རྗེས་སུ་ང་ཡང་ཨ་ཕར་གྱུར་སོང༌། དེ་དུས་བདག་གི་ཨ་ཕ་ལོ་ན་བགྲེས་པར་གྱུར་པས་སྡོང་རྒན་སྒུར་ཏོ་ཞིག་དང་འདྲ།ཁོས་བོད་ཡིག་ལ་བཟུང་བའི་ལྟ་ཚུལ་འགྱུར་ཡོད་མེད་མི་ཤེས་ཀྱང༌།ཁོས“བོད་ཡིག བོད་ཡིག ཁྱི་སྐྱག་གི་བོད་ཡིག”ཅེས་སྡིག་དམོད་མི་བྱེད།སྐྱེ་བ་འདིར་ཁོ་རང་བོད་ཡིག་ལ་དེ་ལྟར་སྡང་ནའང་ཁོས་ཚེ་འདིར་རྒྱ་ཡིག་ཡིག་འབྲུ་གཅིག་ཀྱང་མ་ཤེས་ལ།རྒྱ་སྐད་གྲ་དག་ཅིག་ཀྱང་བཤད་མ་ཤེས་པར་ལུས། ལྡོག་སྟེ་ཁོས་བོད་སྐད་བོད་ཡིག་གི་ལམ་ནས་སྐྱབས་འགྲོ་དང་གདུགས་དཀར་སོགས་ཁ་ཏོན་འདོན་ཐུབ་ཐུབ་བྱེད་ཀྱིན་ འདུག ངས་རང་གི་བྱིས་པ་བོད་ཡིག་གི་སློབ་གྲྭ་ཞིག་ཏུ་མངགས་ནས།ཁོ་ལ་བོད་ཡིག་སྦྱོང་དགོས་པའི་རེ་བ་ ཆེན་པོ་བཏོན་པ་ཡིན། ཁོས་ང་ལ་བོད་ཡིག་བཏོན་ན་དགེ་བ་ཆེན་པོ་མེད་པས་ཁོ་རང་རྒྱ་ཡིག་གི་སློབ་གྲྭ་ཞིག་ཏུ་མངགས་དགོས་ཚུལ་ཇི་ལྟར་ལབ་ཀྱང༌།ངས་བོད་ཡིག་ནི་ད་གཟོད་འཛམ་གླིང་ན་ཆེས་རིན་ཐང་བྲལ་པའི་ཡི་གེ་ ཞིག་ཡིན་ལ།བོད་ཡིག་སྦྱོང་བའི་ཞོར་དུ་རྒྱ་ཡིག་དང༌།དབྱིན་ཡིགད་དུང་ཡི་གེ་གཞན་དང་གཞན་པ་སྦྱོང་དགོས་ཞེས་ཁ་ཏ་སློབ་གསོ་བཏང་པ་ཡིན། ངས་ཁོ་ཉལ་སའི་ཁང་ཀླད་ཧྲིལ་བོར་བོད་ཡིག་བྲིས་ཡོད་པའི་ཤོག་བྱང་མང་པོ་སྦྱར་ཏེ་བོད་ཡིག་ཀློག་པར་སྟབས་བདེ་བཟོས་པ་ཡིན།ངས་ད་དུང་མགོ་ཐོག་གི་དཀར་ཁུང་བསྟན་ནས་བོད་ཡིག་ ནི་དཀར་ཁུང་ལྟ་བུ་ཡིན་ལ། ཁྱོད་ཀྱིས་དཀར་ཁུང་དེ་ལས་འཛམ་གླིང་ཧྲིལ་བོ་མཐོང་ཐུབ་ཅེས་བཤད་པ་ཡིན།