ལོ་འདི་དག་ལ་ང་ནི་གློ་རྡེག་ཏུ་ཁྱི་ཞིག་ཏུ་གྱུར་སོང་། རྔ་མ་མེད་པའི་ཁྱི་ཞིག་ཏུ་གྱུར་སོང་། གང་ལྟར་མི་ཚོས་བཤད་ན། སྤུ་མདོག་འདི་འགྱུར་བ་ནས་ཁྱེད་རང་ཁྱི་ཞིག་ཏུ་གྱུར་པ་རེད་ཟེར། ངས་ཀྱང་ཡིན་ཅོག་ཅོག་གི་མགོ་བོ་ལྡེམ་ལྡེམ་བྱས་པ་ཡིན།

འོན་ཀྱང་ང་ཁྱི་ཞིག་ཡིན་རུང་རྔ་མ་གཡུག་པའི་ཁྱི་ཞིག་མིན་ལ། ལྕེ་སྣར་བའི་ཁྱི་ཞིག་ལྷག་ཏུ་མིན། མི་སུ་ཡིན་ལ་མགོ་བོ་འདུད་མཁན་ཞིག་མིན་ལ། རང་ཉིད་ཀྱི་སྣང་བར་མ་སོང་བའི་མི་ལ་ཟུག་སྐད་ཤུགས་ཀྱིས་འདོན་སྤོབས་པའི་ཁྱི་རྒན་ཞིག་ཡིན། ཟུག་སྐད་བཏོན་བཏོན་པས་སྔོན་ཆད་བདག་ལ་སྙིང་ཉེ་བ་དག་ཀྱང་བར་ཐག་ཇེ་རིང་དུ་གྱུར་སོང་།

ད་ནས་བཟུང་ང་ནི་ཁྱི་རྒན་ཞིག་ཡིན། མི་ཁའི་རླུང་ཡན་དང་བརྙས་བཅོས་ཀྱི་དྲག་ཆར་རྒོད་པའི་ཐུ་འོག་ན། ཁེར་རྐྱང་གིས་སྐྱོད་པའི་ཁྱི་རྒན་ཞིག་ཡིན། ནད་མནར་དང་དཀའ་ཚེགས་ཀྱི་ལོ་ཟླ་ངོ་གདོང་གིས་བསུ་བའི་ཁྱི་རྒན་ཞིག་ཡིན།

ཁྱི་རྒན་ང་ཁྱི་རྒན་རང་ཡིན་པས། ང་དང་པོ་སྐྱེ་སའི་ཁྱིམ་ཚང་འདིའི་སླད་དུ་མཚན་སྨག་སྟོང་ཕྲག་གི་བར་གླགས་ནས་མིག་ཟུང་ཅེར་ཅེར་དང་། རྣ་བ་ཀྲོང་ཀྲོང་གིས་ཁོང་ཚང་གི་གཅེས་ནོར་དག་རྐུ་ལ་མི་ཤོར་བའི་ཟུག་སྐད་ཡང་ཡང་འཐེན་ཀྱང་། ཁྱི་རྒན་ཞིག་ཡིན་པས་བདག་གི་ཟུག་སྐད་ལ་སུ་ཞིག་དགའ། ད་དུང་མལ་ས་དྲོན་མོ་རུ་བསམ་གཏན་གྱི་བདེ་བ་ལ་རོལ་མྱོང་མ་བཅུག་གོ་ཞེས་ཞོགས་སྔ་ནས་དབྱུག་པས་རྡུང་ལ་ཁད་དང་རྡོ་ཡིས་གཞུ་ལ་ཁད་རེད་ཨང་།

ང་ནི་ཁྱི་རྒན་ཞིག་རེད་ཅེས་ཟེར་མོད། ཡིན་ཡང་ང་ནི་ཁྱི་རྒན་བཙན་པོ་ཞིག་ཡིན་ལ། ཁྱི་རྒན་བསམ་ཤེས་ཞིག་ཤིག་ཀྱང་ཡིན། མགོ་བོ་བཙན་གྱིས་གནོན་པའི་ཁྱི་བདག་མ་རབས་ཚོར་ངོ་དགའ་མི་བྱེད་ལ། ལྕེ་སྣར་རྔ་མ་གཡུག་པའི་ཁྱི་རྒན་གཞན་ལ་ཁྲེལ་དགོད་ཀྱི་ཨག་རིང་འདོན་མཁན་ཞིག་ཀྱང་ཡིན།

ཁྱི་རྒན་ང་ལ་སྙིང་ཉེ་མེད་ལ། ཁྱི་རྒན་ང་ལ་གྲོགས་པོ་ཡང་མེད། དེའི་རྒྱུ་མཚན། ང་ཁྱི་རྒན་ཞིག་ཡིན་པས་རེད། ང་ལ་རྡོག་པས་གཞུ་འདོད་ཀྱི་མི་མང་པོ་ཡོད་མོད། ང་ནམ་ཡང་བཙན་པོ་ཞིག་ཡིན་པས་ཉེ་སར་བཅར་ནས་ཀུ་འདེབས་མཁན་ཕལ་ཆེར་མེད་ཚོད། ཡིན་ཡང་བར་ཐག་ཆོད་པའི་གྱང་གི་ཕར་ཕྱོགས་ནས་ངོ་འབག་གཞན་ཞིག་གྱོན་ཏེ། ངུ་ཤུམ་བྱེད་མཁན་རེ་ཡང་མཐོང་རྒྱུ་འདུག

འོན་ཀྱང་ང་ནི་ཁྱི་རྒན་བསམ་ཤེས་ཤིག་ཡིན་པས་ཡིད་སྐྱོ་བའི་མྱི་དེ་དག་གི་བྱེད་སྟངས་དེ་མཐོང་དུས། ཁྱི་རྒན་ང་རང་དབང་མེད་པར་ངུ་རྒྱུ་ཡོང་བཞིན་འདུག འོན་ཀྱང་ཁྱི་རྒན་ང་བཙན་དྲགས་པས་མྱི་ལ་ལ་ཞིག་གིས་བྱེད་ཐབས་འདི་མི་སྐྱོང་བར་གཞན་ཅི་ཞིག་བྱ།

དོན་ངོ་མ་ཁྱི་རྒན་ཞེས་པའི་མཚོན་རྟགས་དེ་སྤུ་མདོག་སྐྱ་ལོག་མ་འདི་ཁོ་ན་ཡིན་ནམ། ངའི་སྤུ་མདོག་དམར་སྨུག་ལས་སྐྱ་མདོག་གི་ངོ་བོར་གྱུར་པ།ནས། མི་ཟེར་བ་དེ་དག་གིས་ང་ལ་ཁྱི་རྒན་ཟེར་བཞིན་འདུག མ་ཟད་ཁྱི་རྒན་ཐོན་སོང་ཞེས་རྒྱང་ལ་བཀྱེད་ཀྱིན་འདུག

གང་ལྟར་ཁྱི་རྒན་ང་སྐྱེ་དུས་ནས་ཁེར་རྐྱང་ཡིན་ལ། ཤི་དུས་ཀྱང་གཅིག་པུར་འགྲོ་དགོས་པས། ང་ལ་ཁྱི་རྒན་དུ་འབོད་པ་དག་ཕྱོགས་་གང་ས་ནས་གཡོལ་ཡང་ང་ནི་མི་འགྱོད་དེ། སྐོར་ལམ་གཡས་གཡོན་ལ་བརྒྱུགས་བརྒྱུགས་པས་མི་རྟག་པ་ཞེས་པའི་ཚིག་རེ་གཉིས་བདག་གི་རྣ་ལམ་དུ་གོ་བས་བག་ཆགས་མི་དམན་སྙམ།

ང་ནི་རྔ་མ་མེད་ལ་ལྕེ་ཡང་རིང་པོ་ཞིག་མེད་པའི་ཁྱི་རྒན་ཞིག་ཡིན་པས། མི་ཆེན་དང་དཔོན་ཆེན་ཡོད་ཚད་ཀྱིས་ཁྱི་འདི་དགོས་པ་ཞིག་མ་རེད་ཟེར་མོད། ཁྱི་ང་ལ་མཚོན་ན། རྔ་མ་དང་ལྕེ་རིང་མོ་ཞིག་མེད་པ་དེ་ང་རང་གི་དགེ་མཚན་དང་གཟི་བརྗིད་ཡིན་སྙམ་ནས་ཡོད། དེའི་ཕྱིར་ཁྱི་རྒན་ང་རང་དབང་ངང་ནས་རང་གཤིས་སྐྱོང་བར་ཧ་ཅང་དགའ།

ཟས་གང་ཞིམ་ཞིམ་བཟས་ན་སེམས་ཅན་དུད་འགྲོ་ཐམས་ཅད་ཀྱི་སྤུ་མདོག་འགྱུར་འགྲོ་བ་ཆོས་ཉིད་ལོས་ཡིན། མྱི་ཡིན་པར་འདོད་པའི་ཁོང་ཚོས་ཀྱང་ཟས་ཚད་ལྡན་ཞིག་རེག་ན། ད་ལྟའི་གནས་བབས་ལས་རྣམ་པ་གཞན་ཞིག་ལ་མི་འགྱུར་བ་ཅི་ལ་སྲིད་ཨང་།

ཤ་ཙམ་ལ་ཟ་བར་རྔམས་པའི་མྱི་དག་ལ། རང་གི་ལུས་ཀྱི་ཤ་ཤེད་དང་ཤ་མདངས་གཞན་ཞིག་ཏུ་འགྱུར་བ་ག་ལ་ཡོད། ཤ་ལ་རྔམས་པ་མ་ཟད་རུས་པའི་བཅུད་ཀྱང་ཨུ་ཚུགས་བཙན་ཐབས་ཀྱིས་འཇིབ་ལ་བརྩོན་པའི་ང་ཚོ་ཁྱི་རྒན་དག ཁོང་ཚོ་དང་ག་ལ་འདྲ་ཨང་།

གལ་ཏེ་ང་ཚོ་ཁྱི་རྒན་དག་ནམ་ཡང་ཤ་ཙམ་ཟ་བར་བྲེལ་བ་དག་དང་མཚུངས་ཚེ། ང་ཚོ་ལ་ཁྱི་རྒན་ཞེས་མིང་འདོགས་དགོས་དོན་མེད་ལ། རུས་པ་མཆེ་བར་དུ་བཅུག་ནས་ཨུ་ཚུགས་ཀྱིས་འཆའ་དགོས་དོན་ཡང་ག་རེ་ཡོད།

བྱས་ཙང་། ང་ནི་ཁྱི་རྒན་ཞིག་ཡིན་པས། ང་དང་འདྲ་བའི་ཁྱི་རྒན་དག་ལ་ང་ཧ་ཅང་དགའ།