ཡར་ངོའི་ཨ་ཅེ་ཟླ་གམ་ལྷ་མོ།
མཐའ་མེད་རྒྱ་མཚོའི་ཤིང་གྲུ་ཆུང་ཆུང་།
ཕར་ཡེམ་ཡེམ།   རི་བོང་བློ་ལྡན།
བཙལ་བཞིན་རྒྱ་མཚོའི་དཀྱིལ་ལ་འགྲོ
ཚུར་ལ་ལྡེམ་ལྡེམ། རི་བོང་བློ་ལྡན།
རྙེད་ནས་རྒྱ་མཚོའི་མཐའ་ལ་བསླེབས།

མར་ངོའི་ཨ་ཅེ་ཟླ་གམ་ལྷ་མོ།
ཞིང་འབྲེག་བུ་མོའི་ཟོར་བ་ཆུང་ཆུང་།
ཕར་ལ་ཡེམ་ཡེམ། རི་བོང་བློ་ལྡན།
བཙལ་བཞིན་ཞིང་ཆུང་དཀྱིལ་ལ་འགྲོ
ཚུར་ལ་ལྡེམ་ལྡེམ། རི་བོང་བློ་ལྡན།
རྙེད་ནས་འབྲས་བུ་བཏེགས་ཏེ་ཡོང་།

ཉ་གང་ཨ་ཅེ་ཟླ་གམ་ལྷ་མོ།
ལྭ་སྟེང་དངུལ་དཀར་སྒྲོག་གུ་ཆུང་ཆུང་།
ཕར་ལ་ལེམ་ལེམ། རི་བོང་བློ་ལྡན།
ནམ་མཁའི་སྒྲོག་ལུང་བཙལ་ནས་འགྲོ
ཚུར་ལ་ཆེམ་ཆེམ། རི་བོང་བློ་ལྡན།
རྙེད་ནས་སྒྲོག་ཁུང་བརྟོལ་ཏེ་ཡོང་།