འབྲོག་ཐང་དེ་ནས་ཆང་གིས་བཟི་རྗེས
ལྕི་བ་ལས་ཆུང་བའི་འབུ་ནག་འགའ་འཁྱག་ལ་འབྱར
གཏན་དུ་བརྗེད་སོང་བའི་སྤང་ཐང་དེ་རུ
མེས་པོ་སུ་ཞིག་གི་མིག་ཆུ་ལུས་ཡོད
ཡུམ་ཆེན་གང་དག་གི་མྱ་ངན་ལྷག་ཡོད

སྤང་གི་མྱ་ངན་རྒུམ་པའི་བྱེའུ་དེ་དག
རྫོང་མཁར་ཆུང་ཆུང་གི་ཆང་ཁང་ལ་བབས
གཤོག་པ་འཁྱག་གིས་བསྡམས་པའི
མཆུ་ཏོ་ལྕགས་སྡེར་དུ་གྱུར་པའི
བྱེའུ་དེ་དག་གི་རྨི་ལམ་དུ་འཚང་དུས
སའི་གོ་ལའི་སྒང་དུ་མེད་པའི་རྐང་རྗེས་དེ
ད་ལྟ་གང་དུའང་མཐོང་རྒྱུ་མ་བྱུང

མདུན་ལྕོག་སྒང་ནས་ལྷུང་བའི་དཀར་ཡོལ
ཁ་བ་དང་མཉམ་དུ་མར་ནས་མར་ལ་ཟེགས
ཐལ་རྡུལ་དང་མཉམ་དུ་ས་གཞིར་འཐིམས
ས་གཞིའི་ཕང་བ་ནས་བོར་སོང་བའི
ཁ་བ་མཐུག་པོ་མཐུག་པོ
ཉི་འོད་ཀྱིས་ཞུ་མ་ཐུབ་ཀྱང
ཨར་འདམ་གྱི་གཏིང་དུ་དལ་གྱིས་སིམ

ཕྱི་ལོ༢༠༡༤ལོའི་ཟླ༢པའི་ཚེས༢༢ཉིན་སྦྱར།