ཁ་དོག་དམར་སྨུག་གོས་སུ་བྱས་པའི་རྫ་རི་སྨུག་པོའི་ངོ་སོ་བསྟོད། །
དྲི་བྲལ་དར་དཀར་ཕྱི་རུ་འཕྱངས་པའི་གངས་རི་དཀར་པོའི་ངོ་སོ་བསྟོད། །
སྟུག་ཅིང་ཚང་ཚང་དབུས་སུ་བཀླུབས་པའི་ནགས་ཀླུང་ཕྱུག་མོའི་ངོ་སོ་བསྟོད། །
རི་ཡི་རྒྱལ་པོའི་ལྷུན་པོ་གན་ནི་ང་ཡི་འཚོ་བའི་རྒྱབ་བརྟེན་ཡིན། །

ཐང་དཀར་རྒོད་པའི་གནས་ལམ་མཐོན་པོ་བྲག་དཀར་རི་བོའི་ངོ་སོ་བསྟོད། །
ཁུ་བྱུག་སྔོན་མོའི་གཡང་ཁྱིམ་དྲོན་མོ་སྤང་རི་སྔོན་མོའི་ངོ་སོ་བསྟོད། །
གླག་རྒོད་ངར་མའི་གཞིས་ཁྱིམ་གཙན་པོ་གཡང་གཟར་རི་བོའི་ངོ་སོ་བསྟོད། །
རི་ཡི་རྒྱལ་པོའི་ལྷུན་པོ་གན་ནི་ང་ཡི་མ་འོངས་དམིགས་འཕེན་ཡིན། །

སྦྲང་ཆུང་དམར་ལེབ་དིར་དིར་འཁོར་སའི་གཡས་ཀྱི་རི་བོའི་ངོ་སོ་བསྟོད། །
འབའ་འབའ་ལུ་གུ་རྩེ་ལ་ལྡིང་སའི་འབའ་འབུར་སྤང་དེའུ་ངོ་སོ་བསྟོད། །
བྱིས་ཕྲུག་སྣབས་ལུད་རྣམ་གཡེང་རོལ་སའི་གཡོན་གྱི་རི་བོའི་ངོ་སོ་བསྟོད། །
རི་ཡི་རྒྱལ་པོ་ལྷུན་པོ་གན་ནི་ང་ཡི་འདས་སོང་གཏམ་རྒྱུད་ཡིན། །