རྣོ་མིག

མགོ་བོ་བཀྱགས་ནས་བལྟས་པས།།
ལྷ་ཟླ་དཀར་ཆུང་མཐོང་བྱུང་།།
སྐར་མའི་དོ་ར་བཙལ་དུས།།
ནམ་ལངས་སྐྱ་མདའ་ཤར་བྱུང་།།
གྲང་རླུང་འུར་འུར་ལྡང་ཡང་།།
ང་ནི་འཁྱག་རྒྱུ་མི་འདུག།

སྦྲ་གུར་སྲུབས་མཐའ་བཀྱགས་པས།།
རླུང་ཡན་རུམ་ལ་འཛུལ་བྱུང་།།
རྩི་ཏོག་བ་མོའི་གྲ་ཁ།།
ངུད་མོ་རྒྱག་པ་གནང་གིས།།
ཡིད་སེམས་ཁོ་ཐག་ཆོད་ཀྱང་།།
ང་ནི་སྐྱོ་རྒྱུ་མི་འདུག།

རི་ཐོད་དར་ཅོག་གཡོ་བས།།
སྨྲེང་བ་བག་ཙམ་སྐྱེས་བྱུང་།།
རི་སྤྱང་སྔོན་མོས་རིག་ནས།།
སྒྲོལ་མ་ཉེར་གཅིག་འདོན་གིས།།
ཀུན་རྟོག་མེད་པའི་སེམས་ལ།།
ང་ནི་རློམ་རྒྱུ་མི་འདུག།

གསོན་བྲལ་མེད་པ་ཞུས་པས།།
དམ་ཚིག་རྡོ་ལ་བརྐོས་བྱུང་།།
དམ་ཚིག་རྡོ་ལ་བརྐོས་ཀྱང་།།
ཁྲེལ་གཞུང་སེམས་ལ་རྐོས་དང་།།
དམ་ཚིག་བཀོད་པའི་རྡོ་ཡིས།།
སྐད་ཆ་བཤད་ནི་མི་ཤེས།།

སྤྲིན་ཆུང་ལུ་གུ་འདེད་པའི།།
ཉི་མ་དྲོ་དྲོ་གནང་ནས།།
འོ་ཟི་སེར་པོའི་རྐང་བྲོ།།
སྤང་དཀར་ཐང་ལ་བརྒྱབ་ཀྱང་།།
སྤང་དཀྱིལ་མཚོ་མོའི་ནང་གི།
གསེར་མིག་བྲོས་ཏེ་ཐལ་སོང་།།

གང་དྲག་ཡོང་བ་ཞུས་པས།།
ལས་འཕྲོ་མེད་པ་གསུངས་བྱུང་།།
ནམ་མཁའི་བྱ་ཡང་སྐྱོ་ནས།།
གཞས་ཆུང་གཏོང་བ་གནང་གིས།།
མིག་ཆུ་འཐོར་བ་མ་ཟད།།
ང་ནི་སྐྱོ་ཐག་ཆོད་སོང་།།

༢༠༡༤.༡༡.༢༡ ཉིན་གྱི་དགུན་རླུང་འུར་འུར་ལྡང་བའི་ཞོགས་པར་བྲིས།