འཁྲུལ་བ་ཞེ་སྡང་རྒྱུ་བའི་སེམས། །དང་པོ་བྱུང་ཡུལ་བལྟས་པས་སྟོང་། །
བར་དུ་རང་བཞིན་མི་ཆགས་གྲོལ། །ཐ་མ་རྗེས་མེད་བྱར་མེད་རྟོགས། །
སྟོང་ཉིད་ཡེ་ཤེས་དེ་ལ་བྱ། །འཁྲུལ་བ་འདོད་ཆགས་རྒྱུ་བའི་སེམས། །
དང་པོ་བྱུང་ཡུལ་བལྟས་པས་སྟོང་། །བར་དུ་རང་བཞིན་མི་ཆགས་གྲོལ། །
ཐ་མ་རྗེས་མེད་བྱར་མེད་རྟོགས། །སོར་རྟོགས་ཡེ་ཤེས་དེ་ལ་བྱ། །
འཁྲུལ་བ་གཏི་མུག་རྒྱུ་བའི་སེམས། །དང་པོ་བྱུང་ཡུལ་བལྟས་པས་སྟོང་། །
བར་དུ་རང་བཞིན་མི་ཆགས་གྲོལ། །ཐ་མ་རྗེས་མེད་བྱར་མེད་རྟོགས། །
མེ་ལོང་ཡེ་ཤེས་དེ་ལ་བྱ། །འཁྲུལ་བ་འཕྲག་དོགས༼དོག༽རྒྱུ་བའི་སེམས། །
དང་པོ་བྱུང་ཡུལ་བལྟས་པས་སྟོང་། །བར་དུ་རང་བཞིན་མི་ཆགས་གྲོལ། །
ཐ་མ་རྗེས་མེད་བྱར་མེད་རྟོགས། །མཉམས༼མཉམ༽མེད་ཡེ་ཤེས་དེ་ལ་བྱ། །
འཁྲུལ་བ་ང་རྒྱལ་རྒྱུ་བའི་སེམས། །དང་པོ་བྱུང་ཡུལ་བལྟས་པས་སྟོང་། །
བར་དུ་རང་བཞིན་མི་ཆགས་གྲོལ། །ཐ་མ་རྗེས་མེད་བྱར་མེད་རྟོགས། །
ནན་ཏན་ཡེ་ཤེས་དེ་ལ་བྱ། །བདག་མེད་ཐིག་ལེ་ཉག་གཅིག་ལ། །
བདག་འཛིན་བཅོས་པ་ལྟ་བ་མིན། །རང་ཤར་རང་གྲོལ་བོན་ཉིད་ལ། །
རྩིས་གདབ་བྱས་པ་བསྒོམ་པ་མིན། །འཁྲུ་རྨོངས་འཐུམ་པའི་མཐའ་རུ་གོལ། །
བྱར་མེད་བཞག་ཀྱང་སྤྱོད་པ་མེན༼མིན༽། །བསྒོམ་མེད་མཐོང་ན་ལྟ་བ་ཡིན། །
ཉམས་མྱོང་རྟོགས་ན་བསྒོམ་པ་ཡིན། །རང་གྲོལ་ཤར་ན་སྤྱོད་པ་ཡིན། །
མི་འབྲལ་གནས་པ་དམ་ཚིག་ཡིན། །འགྲོ་དོན་ནུས་པ་འབྲས་བུའོ། །
དེ་ལྟར་རྟོགས་པའི་གཤེན་རབ་རྣམས། །ཀུན་བཟང་ངང་དང་མཇལ་བར་གྲུབ། །
འཁོར་བ་སྟོང་བར་འདྲེན་ནུས་སོ། །དེ་མིན་ཁ་ཁྱེར་ཆོ་ལོ་མཁན། །
ཟོལ་ཟོག་རྫུན་མོས་གྷོ་བསྐོར་བ། །ཆེ་འདོད་ང་བོའི་བཅིང་དྲག་དང་། །
རྫུན་གཡོག་གྲོལ་ཚུལ་བསླུ་བའི་རིགས། །འགྲོ་བ་འདྲེན་པ་ཀ་ལ་ནུས། །
ལོང་མས་ལོང་ཁྲིད་མ་བྱེད་པར། །རྒྱ་འདི་ཡེ་ཤེས་མཁའ་འགྲོས་ཟུངས། །
དུས་མཐའ་སྐལ་ལྡན་བུ་ལ་སྟོན། །ཞེས་ཉོན་མོངས་དུག་ལྔའི་གནད་གདམས་བསྟན་པའོ། །

ཀུན་བཟང་འཁོར་བ་ཀུན་འདྲེན་ལས་བཏུས་པའོ། །