—–གསར་འགོད་པ་སྐུ་ཞབས་ཁེན་ཇེ་གྷོ་ཌོ་མཆོག་དམར་གསོད་བཏང་རྗེས།

གང་ཡིན་ནམ། སྨག་ནག་པའི་མཚན་ལྗོངས་སུ་འོད་དུ་འཚེར་བའི་སྐར་ཆེན་དག་ཤར་རེར་བཞུད་དགོས་དོན་ག་རེ་ཡིན་ནམ། དྲག་ཤུགས་ཀྱི་ཐུ་འོག་ན་དཀའ་སྡུག་གི་མུན་པ་རུབ་པའི་སྐྱེ་འགྲོ་མང་དག་ཅིག་ལ་འོད་སྣང་གི་ལམ་བུར་འདྲེན་པའི་སྐར་ཆེན་དེ་ཚོ། གློ་རྡེག་གློ་རྡེག་ཏུ་འཇིགས་རུང་གི་མུན་པའི་ཁ་ཟས་སུ་གྱུར་དགོས་དོན་ག་རེ་ཡིན་ནམ།

ཞེ་སྡང་གི་རླུང་བས་དེད་པའི་དུད་སྤྲིན་གྱིས་ས་གཞི་གཡོགས་ཏེ། གོ་མཚོན་སྣ་ཚོགས་ཀྱི་འབྲུག་སྒྲ་འུར་འུར་གྲགས་ཤིང་། མེ་ལྕེ་དང་མེ་ཞགས་ཀྱི་གློག་འོད་ཆད་མེད་འཚུབ་པའི་བར་གསེང་ནས། མདའ་དང་མདེའུ་ཡི་དྲག་ཆར་མང་པོ་ས་གཞི་གཤིན་པའི་གོ་ལའི་ཡང་སྟེང་ན་འཚོ་བའི་ཉམ་ཆུང་བའི་སྲོག་ཆགས་དང་། ཡིད་དུ་འོངས་པའི་ཁོར་ཡུག་གི་མཛེས་པ་ཡོད་ཚད་ལ་ཕོག་ནས་འགྲོ་དུས། སྔར་བཞིན་སྐར་ཆེན་དེ་དག་གང་ལ་ཡང་མི་འཛེམས་པར་རང་གི་ལུས་ཐོག་ན་ཡོད་པའི་དཔལ་ཡོན་གྱི་འོད་སྣང་རེ་རེས་སྐར་འོད་ཀྱི་ལམ་སྣ་འདྲེན་བཞིན་འདུག་ཨང་།

དྲག་ཆར་གྱིས་ཡང་ཡང་གཏེས་པའི་ནོར་འཛིན་མའི་རྩི་ཤིང་ཡོད་ཚད་གཡས་ལ་འགྱེལ་ཞིང་། གཡོལ་དུ་ལོག་འདུག་པར་མ་ཟད། སྙིང་རྗེ་པའི་འབུ་དང་གྲོག་མ། བྱ་དང་བྱིའུ་ཡོད་དོ་ཅོག་གི་ཕུང་པོའི་རི་རབ་བརྩིགས་ཤིང་། ཁྲག་གི་ལྟིང་ཀ་བསྐྱིལ་ཏེ། མྱ་ངན་གྱི་ཁོར་ཡུག་ཅིག་བསྐྲུན་པའི་བར་གླགས་སུ་སྐར་ཆེན་དེ་དག ད་དུང་ཡང་འཇིགས་ཞིམ་དང་འཚེར་སྣང་མེད་པར་ཉམ་ཆུང་པའི་སྐྱེ་འགྲོ་གང་མང་ཞིག་ཐར་ལམ་གྱི་འོད་ངོསགས་སུ་འདྲེན་བཞིན་འདུག་གོ།

སྐྱིན་ཐང་གི་དྲག་ཤུགས་ལ་བརྟེན་པའི་དྲག་ཆར་ངན་པ་དེ་དག་གིས། ས་གཞི་ལ་ལྗང་མདོག་གི་མཛེས་སྡུག་དང་། འགྲོ་བ་བཅུད་ཀྱི་སེམས་པའི་བདེ་སྣང་འཕྲོགས་པའི་རྗེས་ཤུལ་ན། ངུ་ངག་གིས་གནམ་ས་འགེངས་ཤིང་། རྒྱོབ་སོད་ཀྱི་ཀི་སྒྲ་བསྒྲགས་པའི་བར་གསེང་ན། མགོན་དང་སྐྱབས་མེད་པའི་སྐར་མ་འོད་ཆེན་དེ་དག དྲང་བདེན་དང་གནས་ལུགས་ཀྱི་ཆེད་དུ་ཁེར་རྐྱང་གིས་རྒྱུག་བཞིན་འདུག་ཨང་།

སྐར་ཆེན་དེ་དག་གིས་འཛམ་གླིང་གོ་ལ་ཆེན་མོར་ཞི་བདེ་ཡི་ལྗང་མདོག་བསྐྲུན་པ་དང་། འབངས་མི་སེར་ལ་བདེ་སྐྱིད་ཀྱི་འོད་སྣང་སྤར་རྒྱུ་ཉག་ཅིག་རང་རང་གི་ཕྲག་པར་ཁུར་ཏེ། མཐའ་ན་རང་སྲུང་བྱེད་པའི་ཆར་ཁེབས་ཙམ་ཡང་མེད་པར་དྲག་ཆར་གྱི་བར་གསེང་ན་བརྒྱུགས་ཤིང་། གློག་ཞགས་ལ་འཇིགས་སྣང་མེད་པར་རང་རང་གི་ཕུགས་བསམ་དེ་ཉིད་ཀྱི་ཆེད་དུ་བརྩོན་པ་ཆེན་པོ་བྱེད་བཞིན་མི་འདུག་གམ།

འོན་ཀྱང་ཡིད་དུ་འོངས་ཤིང་སྙིང་ཉེ་བའི་སྐར་མ་འོད་ཆེན་དེ་དག་གློ་བུར་གློ་བུར་དུ་ལྡང་ནས་འོངས་པའི་ངམ་གནག་གི་སྤྲིན་པས་ཁྱུར་མིད་བཏང་ཞིང་། ཁྱུར་མིད་བྱས་པའི་སྐར་མ་འོད་ཆེན་དེ་དག་གནས་མ་ཡིན་པའི་འཇིག་རྟེན་ཕྱི་རོལ་ཞིག་ཏུ་ཡ་ང་དང་སྙིང་རྗེ་མེད་པར་བཙན་དང་དབང་གིས་གཡུག་བཞིན་པ་རེད་ལ། སྐབས་དེར་ངམ་གནག་པའི་སྤྲིན་པའི་ཚོགས་ཀྱིས་རྣ་བར་གཟན་ལ། སྐྱི་གཡའ་བའི་འཇིགས་སྣང་གི་འབྲུག་སྒྲ་ལྡིར་ཞིང་། སྲོག་ལ་རྒོལ་བའི་མཚོན་རྣོན་གྱི་གློག་ཞགས་མཆེད་ཀྱང་། སྐར་ཆེན་དེ་དག་མིག་ཆུ་དང་འདར་ཡོམ་མེད་པར་དཔའ་སྤོབས་དང་། དྲང་བདེན་གྱི་འོད་དང་ལྷན་དུ་ཆས་འགྲོ་བཞིན་འདུག་ཨང་།

ཤུལ་ཏུ་ལྷག་པའི་ང་དང་ང་འདྲ་བའི་མིག་ཟུང་ནས་མཆི་མ་ཀུ་ཞིང་། ཡང་སྒོས་སྐྱིན་ཐང་གིས་མནར་གཅོད་ཐེབས་པའི་མྱ་ངམ་གྱི་ཐང་ཆེན་དུ་སྐར་ཆེན་གྱི་འོད་སྣང་ལ་རེ་བའི་ཉམ་ཆུང་གི་ཚེ་སྲོག་དེ་དག སྔར་བཞིན་མུན་ནག་གི་གནས་སུ་ལྷུང་ཞིང་། གནོན་འཚེ་ཡི་མཆེ་བར་ཚུད་སོང་བ་མ་རེད་དམ།

གང་ལྟར་སྐར་ཆེན་དེ་དག་ཕྱི་མའི་འཇིག་རྟེན་ལ་བཞུད་ཀྱང་ཁོང་ཅག་གིས་སྤར་པའི་དྲང་བདེན་དང་གནས་ལུགས་དེ་ཚོར།ཤིན་ཏུ་དགའ་ཞིང་སྙིང་ཉེ་བའི་ལོ་འབྲས་ཕྱོགས་གང་སར་སྨིན་བཞིན་འདུག་ལ། མ་ཟད་ཁོང་ཚོ་ལྟ་བུའི་སྐར་མ་འོད་ཆེན་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོང་བཞིན་འཁྲུངས་བཞིན་མི་འདུག་གམ།

གང་ལྟར་ཡང་ག་རེ་ཡིན་ནམ། གནའ་ནས་ད་བརའཛམ་གླིང་ལ་ཞི་བདེའི་ལྗང་མྱུག་འབུས་པར་འབུངས་ཤིང་། ཉམ་ཆུང་བའི་ཚེ་སྲོག་ལ་འོད་སྣང་འགྱེད་པའི་སྐར་ཆེན་དེ་དག ངམ་གནག་གི་སྤྲིན་པའི་མཆེ་བར་ན་གློ་རྡེག་གློ་རྡེག་ཏུ་ཚུད་འགྲོ་བ་གང་ཡིན་ནམ། ནམ་ཡང་མནར་གཅོད་དང་དྲག་ཤུགས་ཡོད་ཚད་བདེན་ཐུབ་ཀྱི་སྐར་ཆེན་འདི་དག་གིས་མྱོང་དགོས་དོན་གང་ཡིན་ནམ།

སེམས་པ་སྡུག་བསྔལ་གྱིས་བཟུང་ཞིང་། མིག་ཟུང་མཆི་མིས་ཁེངས་སོང་ཨང་།