ས་ཧྥུ་དང་ཨ་ལི་ཁེའོ་སི(Sappho and Alcaeus)

ས་ཧྥུ་དང་ཨ་ལི་ཁེའོ་སི(Sappho and Alcaeus)

      གྷི་རི་སིའི་སྙན་ངག་མཁན་མོ་ས་ཧྥུ[1]ནི་སྐུ་དྲག་ཁྱིམ་རྒྱུད་ཅིག་ནས་སྐུ་འཁྲུངས་ཤིང་འཚར་ལོངས་བྱུང་། སྐྱེས་ཁུངས་འབྱོར་ཕྱུག་འཁོས་ཀ་བཟང་བའི་རྐྱེན་གྱིས་ཁོ་མོར་འཚོ་བ་སྐྱེལ་སྟངས་ཐད་ནས་གདམ་གསེས་རང་དབང་ཡོད་པར་གྱུར། དེ་བཞིན། མོ་རང་སྐབས་ཐོག་དེའི་རིག་གནས་ཀྱི་ལྟེ་བར་གྱུར་པའི་ལེ་སི་པོ་སི་གླིང་ཕྲན་དུ་སོང་ནས་སྒྱུ་རྩལ་གྱི་ལས་ལ་རྩེ་གཅིག་གཞོལ་བར་མཛད།།

        སེམས་ཁྲལ་དང་འདང་རྒྱག་གང་ཡང་མེད་པའི་ཁོ་མོའི་བྱིས་དུས་ཤེས་དཔལ་ཉིས་འཛོམས་ཀྱི་གླིང་ཕྲན་དེ་རུ་བསྐྱལ། བསམ་བློར་རང་དབང་ལྡན་ཞིང་འཚོ་ཚིས་དཀའ་ངལ་མེད་པའི་བག་ཕེབས་ཁྲོད། མོས། སྤུས་དག་ཅིང་རྒྱས་སྤྲས་ཀྱི་འཚོ་བ་ལོངས་སུ་སྤྱད། ཡིན་ཡང་། ན་གཞོན་དུས་སུ་སྲིད་སྐྱོང་རྒྱལ་པོར་ངོ་ལོག་བྱེད་པའི་དོན་རྐྱེན་ཞིག་ནང་ཚུད་དེ། ཁོ་མོ་ཨི་ཐ་ལིའི་བྱང་རྒྱུད་ཀྱི་སི་སི་ལི་གླིང་ཕྲན་དུ་རྒྱང་འཕུད་བཏང་ནས་དེ་རུ་འདུག་དགོས་བྱུང་། ཡི་མུག་པའི་འཁྱམ་ལྡོམ་གྱི་འཚོ་བ་དེ་སྐྱེལ་སྒང་ལ་ལག་པ་འཚིག་དུས་ཀྱི་སྐམ་པ་ཞེས་པའི་དཔེ་ལྟར། ཁོ་མོ་སི་སི་ལིའི་ཚོང་པ་ཕྱུག་པོ་ཞིག་དང་ཕྲད་ནས་ཆང་ས་བརྒྱབ་སྟེ་ཕྲུ་གུ་བུ་མོ་ཞིག་སྐྱེས། རིང་པོ་མ་ཕྱིན་པར་བཀྲ་མ་ཤིས་པར་མོའི་བཟའ་ཕོ་ཚེ་ལས་འདས་ཤིང་ཁོ་མོར་ཤུལ་ནོར་མང་པོ་བཞག དངུལ་ལ་ལག་ཐོགས་མེད་པས་ཁོ་མོས་གླིང་ཕྲན་དེ་རུ་འཚོ་བ་བསྐྱལ་ཐུབ་པ་བྱུང། ཏག་ཏག་སྐབས་དེར། མོས་སྙན་ངག་འབྲི་འགོ་བརྩམས། མོའི་སྙན་ངག་སི་སི་ལི་གླིང་ཕྲན་ནས་མཆེད་དེ་མཚན་སྙན་ཕྱོགས་བཞིར་ཁྱབ། གླིང་ཕྲན་དེ་རུ་འཚོ་གཞེས་གནང་གིན་པའི་ཡུལ་མི་ཚོས་བཀུར་སྟིའི་སླད་དུ་ཁོ་མོའི་འཇིམ་སྐུ་ཞིག་བཟོ་བཞེངས་མཛད་པ་རེད།།

       མོ་རང་ཕྱིར་ལེ་སི་པོ་སི་གླིང་ཕྲན་དུ་འབྱོར་དུས། འགྲན་ཟླ་མེད་པའི་སྙན་ངག་པ་ཞིག་ཏུ་གཞི་ནས་གྱུར་འདུག སྐབས་དེར། ཁོ་མོ་ཧ་ལམ་གཞོན་ལོ་ཉི་ཤུ་རྩ་གྲངས་སོན་ཙམ་རེད་ལ། ཁ་སྒོ་སྐྱེས་འབྲས་མཚར་ཞིང་ལང་ཚོའི་ཁོ་ལག་ཡོངས་སུ་རྫོགས་འདུག མོས་གླིང་ཕྲན་དེ་རུ་བུ་མོ་སློབ་གྲྭ་ཞིག་བཙུགས་ཏེ། སྙན་ངག་དང་རོལ་མོ། གུས་ལུགས། ཐ་ན་ཡག་ལས་དང་གྱོན་ཆས་གསོལ་ཚུལ་ཐད་དུ་ཡང་མཛུབ་སྟོན་ལྷུག་ལྷུག་གནངས། དུས་དེར། བུ་མོ་མང་པོ་ཞིག་གིས་ས་ཧྥུ་ཡི་མཚན་སྙན་ཐོས་ཏེ་གླིང་ཕྲན་དེར་ཡོང་ནས་ཁོང་དགེ་རྒན་དུ་བསྟེན་ཞིང་། སྐུ་དྲག་མི་དྲག་ཚོས་ཀྱང་རང་གི་སྐུ་ལྕམ་སྲས་མོ་རྣམས་སློབ་གྲྭ་དེར་བསྐྱལ། བུ་མོ་མཛེས་མ་དེ་དག་གིས་ཁོ་མོའི་བློ་ཡིད་ཅིག་ཅར་དུ་འཕྲོགས་གཤིས། ས་ཧྥུ་ཡིས་བུ་མོ་སློབ་བུ་དག་ལ་སྙན་ངག་དང་རོལ་མོ་བསླབ་པ་སློབ་གཉེར་གྱི་ཞོར་དུ། སོས་དལ་བག་ཕེབས་སྐབས་སུ་དགའ་སྣང་མ་ལུས་ཡོད་ཚད་སྤྱད་དེ་ཁོ་མོ་ཚོར་དགའ་རོགས་སྒྲིག་པའི་སྒྱུ་རྩལ་ཡང་བསླབས། མ་ཟད། མོས་བུ་མོ་དེ་ཚོར་དགའ་སྨོན་དྲག་པོ་ཤོར་བའི་སྙན་རྩོམ་ཡང་མང་པོ་བྲིས་གནང་མཛད་པ་རེད། གྷི་རི་སིའི་དགེ་སློབ་བར་བསམ་བློའི་ཞེ་འདང་ཆགས་ཀྱི་ཡོད་པས་མི་ཚད། ཕན་ཚུན་ལ་སེམས་པ་ཡང་ཤོར་གྱི་ཡོད་པ་རེད། ས་ཧྥུའི་སྙན་ངག་མང་པོའི་ནང་དུ་རྟགས་མཚུངས་བརྩེ་དུང་གི་དུངས་ཀ་དྲག་པོས་ཁེངས་ཡོད། ཡིན་ཡང་། སྐབས་ཐོག་དེར། སྙན་ངག་དེ་རིགས་ལ་བཀག་འགོག་ཐེ་གཏོགས་མ་བྱས་པར་མ་ཟད་ཁྱབ་རྒྱ་ཆེ་རུ་ཆེ་རུ་ཕྱིན།།

         ཕྱི་ལོ་སྔོན་གྱི་དུས་རབས6པའི་ནང་གྷི་རི་སི་ནས་སྐྱེས་པའི་ཁོང་ནི། ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་སུ་གནམ་ས་གོ་འབྱེད་གཏོང་མཁན་གྱི་སྐྱེས་མའི་སྙན་ངག་མཁན་མོ་ཞིག་ཡིན་པ་རེད། སྙན་ངག་གི་ཤེས་རབ་ཕྲ་ཕུང་མ་ལུས་ཡོངས་སུ་རྒྱས་པའི་དུངས་བརྗོད་སྙན་ངག་གཙོས་པའི་སྙན་རྩོམ་མང་པོ་ཁོ་མོས་བརྩམས་གནངས་ཡོད་པ་རེད། དེ་བས། གནའ་བོའི་གྷི་རི་སིའི་མི་རྣམས་ཀྱིས། སྐྱེས་པ་སྙན་ངག་པའི་དྭངས་རྩེ་ནི་ཧོ་མེར་ཡིན་ལ། སྐྱེས་མ་སྙན་ངག་པའི་དྭངས་རྩེ་ནི་ས་ཧྥུ་ཡིན་པ་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་ཡོད། ས་ཧྥུ་ཡི་ངག་རིག་གི་རྩལ་ནི་ཤིན་ཏུ་མཐོ་ལ། ད་སྔ་ལྷག་ལུས་བྱུང་བའི་སྙན་རྩོམ་ཐར་ཐོར་དེས་ཀྱང་ཁོ་མོ་ནི་སྙན་ངག་གི་མི་མངོན་པའི་དཔེ་འགོད་ལ་བྱང་ཆུབ་ཡོད་པ་གསལ་བོར་རྟོགས་ཐུབ། མོས་ནི། ཧོ་མེར་གྱི་དུས་རབས་ལྟར། མངོན་པའི་དཔེ་འགོད་སྙན་ངག་ནི་གཏན་ནས་མི་འབྲི་བ་རེད། ཁོ་མོས་མི་ཚེ་གང་ལ་བརྩེ་དུང་དང་གཉེན་སྟོན། གླུ་ཚིག ལྷ་ལ་བསྟོད་པ་བཅས་ཀྱི་སྙན་ངག་མང་པོ་བརྩམས་གནང་ཡོད། ད་དུང་། མོས་རང་གི་སྙན་ངག་ལ་གདངས་དབྱངས་བརྩམས་རྗེས། གཞན་ལ་སྙན་ངག་དཀྲོལ་ལེན་བྱེད་དུ་འཇུག མོའི་སྙན་ངག་གི་ཁྱད་ཆོས་གཙོ་བོ་ནི། བརྗོད་པ་མཛེས་ཤིང་ཡིད་དུ་འོང་བ། བརྩེ་བ་ཟོལ་མེད་ཅིང་བརྗོད་སྟངས་ཁ་རི་ཁ་ཐུག་ཡིན་པ་དེ་རེད། ཁོ་མོའི་སྙན་རྩོམ་མང་ཆེ་ཤོས་འཇིག་རྟེན་མི་ཡི་བརྩེ་དུང་དང་འདོད་ཞེན་བརྗོད་སྙིང་བྱས་བྲིས་པ་ཞིག་ཡིན་པ་རེད།།

      དེ་ལས་ཀྱང་གླེང་རི་བ་ཞིག་ནི། མོས་སྙན་ངག་ལ“ས་ཧྥུ་ལུགས”ཞེས་པ་གསར་དུ་བཏོད་དེ་སྐབས་དེའི་སྙན་ངག་གསར་རྩོམ་ལ་བསྒྱུར་བཅོས་བཏང་། ནང་དོན་ཐད་དུ་ཁོ་མོ་སྙན་ངག་པ་གཞན་དང་བསྡོངས་ནས། བསྔགས་བརྗོད་བྱ་ཡུལ་དེ་གོང་མ་ལྷ་ནས་འཇིག་རྟེན་མི་ལ་ཁ་ཕྱོགས་པར་བགྱིས། དེ་བཞིན་མོས་གང་ཟག་དང་པོའི་འབྲི་ཐབས་སྤྱད་དེ་རང་གི་དགའ་སྐྱོ་ཆགས་སྡང་བརྗོད་པའི་སྲོལ་ཐོག་མའང་ཕྱེ་བ་རེད།།

       བགྲེས་པོ་ཕུ་ལ་ཐོ་ཡིས་ཀྱང་། ས་ཧྥུ་ལ་སྙན་ངག་གི་ལྷ་མོ་རྨོའུ་ས་མི་ཡུལ་ནས་སྐྱེས་པ་རེད་ཅེས་བསྔགས་བརྗོད་གང་ཆེ་གནངས་མྱོང་། ཡིན་ཡང་ས་ཧྥུས་བསྙེན་བཀུར་བྱེད་པའི་ལྷ་མོ་ནི་རྨོའུ་ས་མ་ཡིན་པར། བརྩེ་ལྷ་ཨབ་རོ་ཏི་ཐེ་ཡིན་པ་རེད། དེས་ཁོ་མོའི་སྙན་ངག་གི་ཁྱད་ཆོས་སྙན་ཞིང་སྤུས་དག་ལ། བློར་འབབ་ཅིང་ཡིད་དབང་འཕྲོག་པ་ཞིག་ཡིན་པར་ཐག་བཅད། གནའ་བོའི་རོམ་གྱི་དུངས་བརྗོད་སྙན་ངག་པ་མཁའ་ཀྲུ་ལུ་སི་དང་ཧོ་ར་ཆུ་སི་གཉིས་ལ་མོའི་སྙན་ངག་གི་ཤན་ཞུགས་ཐེབས་ཡོད། དེ་མིན། ས་ཧྥུ་དང་དུས་རབས་གཅིག་པའི་ཨ་ཐེན་སི་ལ་དབང་སྒྱུར་མཁན་སོ་ལོན་ཡང་སྙན་ངག་པ་ཞིག་ཡིན་ལ། ཁོས་ཐེངས་ཤིག་སྟེས་དབང་གིས་ས་ཧྥུའི་སྙན་ངག་ཐོས་ཤིང་། དེའི་མོད་ལ་གལ་སྲིད་ངས་ཁོ་མོའི་སྙན་ངག་གི་འགྲོས་སྦྱོང་ཐུབ་པ་བྱུང་ན། ང་ནི་ཤི་ཡང་འགྱོད་སྣང་མེད། ཅེས་གསུངས་པ་རེད། མ་ཀྲེན་ཝེ་སི་ཀྲི་ཡིས་ཀྱང་ས་ཧྥུ་ནི་མཁས་པ་ཚོས་གཡོལ་ཐབས་མེད་པའི་འོབས་ལྟ་བུ་ཞིག་ཡིན་པར་འདོད་པ་རེད།།

       བཤད་ཚུལ་ལྟར་ན། ས་ཧྥུ་ལ“རྨད་བྱུང་གསུང་རབ”པོ་ཏི་བཅུ་ལྷག་ཡོད། ཡི་མུག་པ་ཞིག་ལ། ཕྱི་རབས་དུས་སུ་ཁོ་མོའི་བརྩམས་ཆོས་བདག་གཅེས་ཡག་པོ་མ་ཐུབ་པ་དང་ཡང་ཆོས་ལུགས་ཀྱིས་བཙན་གནོན་དང་ཕོ་དབང་སྤྱི་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྩོམ་བྲིས་ཉེས་ཅན་ནང་བཞག་སྟེ་གཙང་དག་ཧྲིལ་ཧྲིལ་བཟོས་མུར། ད་ཆ་སྙན་ངག་མགོ་མཇུག་ཚང་བ་ཧ་ལམ་གཉིས་གསུམ་ཙམ་མ་གཏོགས་གཞན་དག་མགོ་མེད་མཇུག་རྡུམ་དུ་བཏང་འདུག་པ་རེད་སྐད། མོའི་སྙན་ངག་ཏུ། རྟགས་མཚུངས་དགའ་རོགས་ཀྱི་དུངས་པ་ཟབ་མོ་བརྗོད་འདུག་རྐྱེན། དུས་རབས་བར་མའི་དུས་སུ། ཆོས་ཚོགས་ཀྱིས་ལྟ་ལོག་པའི་བརྩམས་ཆོས་སུ་དགོངས་ནས། མོའི་སྙན་རྩོམ་ཁ་ཚང་མེར་སྲེག་བཏང་བ་རེད།།

        དུས་རབས19པའི་དུས་མཇུག་ཏུ་ཨེ་ཅིབ་ཀྱི་ཞིང་པ་ཞིག་གིས་གནེལ་གཙང་པོའི་འགྲམ་དུ་སྟེས་དབང་གིས་རྩྭ་ཤོག་སྟེང་བྲིས་པའི་ས་ཧྥུ་ཡི་སྙན་ངག་རྙེད་སོན་བྱུང་བ་མིན་ན། ཆུས་སྣུབ་འཐུས་ཤོར་བ་དེ་བས་ཀྱང་ཚབས་ཆེན་མིན་འགྲོ། དེ་མིན། ཉེ་ལམ། ས་ཁར་ཐོན་མ་ཐག་པའི་ཨེ་ཅིབ་ཀྱི་དམར་གདུང་ཞིག་གི་སྟེང་དུ། མི་ཚོས་ཐོག་དང་པོར་གྷི་རི་སིའི་དུས་སྐབས་སུ་སྙན་གྲགས་འབར་བའི་སྙན་ངག་དུངས་བརྗོད་མཁན་ས་ཧྥུའི་སྙན་ངག་ཁ་ཚང་བཞི་པ་ཞིག་རྙེད་པ་རེད། དེ་ལ་ནི། ཡོ་རོབ་གནའ་རྫས་བརྟག་དཔྱད་བྱུང་རིམ་ཁྲོད་རྙེད་པའི་གནའ་རྫས་དཀོན་གྲས་རིགས་ཞེས་འབོད་ཀྱི་ཡོད། མི་ལོ2600ལྷག་གི་ཡར་སྔོན་དུ་བྲིས་པའི་སྙན་ངག་དེ་ལ་བསྡོམས་པས་གྷི་རི་སིའི་ཐ་སྙད101ཡོད། སྙན་ངག་དེ་དག་མཉེན་ཤ་ཅན་གྱི་རྒྱུས་ཤོག་དང་རྩྭ་ཤོག་སྟེང་དཔར་རྗེས། བཟོ་བཅོས་བརྒྱབ་པའི་དམར་གདུང་གི་སྟེང་བཀབ་འདུག དུས་རབས19པའི་དུས་མཇུག་ཏུ། མི་རྣམས་ཀྱིས་གནེལ་གཙང་པོའི་གྲོག་རོང་དུ་ཕྱི་ལོ་སྔོན་གྱི་དུས་རབས8པའི་ལག་བྲིས་སྐོར་ཞིག་སྔོག་རྙེད་བྱུང་། དེའི་ཁྲོད་ཀྱི་སྐོར་ཞིག ས་ཧྥུའི་བརྩམས་ཆོས་ཡིན་པ་ཕྱིས་སུ་བདེན་ར་འཕྲོད། 1922ལོར་ཨེ་ཅིབ་ཀྱི་གྲོང་བརྡལ་ཆུང་ཆུང་ཞིག་ཏུ་ཧྥ་རའོ་ཀྲུ་ཀྲན་མཁའ་མོན་གྱི་བང་སོའི་ནང་དུ། ས་ཧྥུ་ཡི་ཆ་ཐོར་ཡ་ཐོར་བྱུང་བའི་རྩོམ་ཡིག་རྙེད་ཐོན་བྱུང་། 2004ལོར། དབྱིན་ཇིའི་ཆེད་མཁས་པ་གཉིས་ཀྱིས་ཁོ་ཚོས་འཇར་མན་གྱི་འཁོ་ལུང་སློབ་ཆེན་གྱི་ཡིག་ཚང་ཁྲོད་རྙེད་པའི་རྩྭ་ཤོག་ལ་བཟོ་བཅོས་བརྒྱབ་རྗེས། དེ་ནི་ད་ཕན་རྙེད་སོན་བྱུང་མྱོང་མེད་པའི་ས་ཧྥུའི་ཆག་སྐྱོན་ཤོར་བའི་རྩོམ་ཡིག་ཅིག་ཡིན་པ་བདེན་དཔང་ཐོབ། ཅེས་བསྒྲགས། ས་ཧྥུ་ཡི་སྙན་ངག་ཡིག་སྒྱུར་བྱེད་རྒྱུ་ནི་ཧ་ཅང་ཁག་པོའི་ལས་ཤིག་ཡིན་པ་རེད། གང་ཡིན་ཞེ་ན། དུམ་ཚན་མང་པོ་བོར་བརླག་ཐེབས་ཟིན་པས། ཡིག་སྒྱུར་མཁན་གྱིས་གོང་འོག་གི་ནང་དོན་དང་ཚིག་འགྲོས་ལ་བལྟས་ནས། ཐོག་མར་གནའ་བོའི་གྷི་རི་སིའི་སྐད་ཐོག་ནས་ཆད་ལུས་ཁ་གསབ་རྒྱག་དགོས་པས་རེད་འདུག།

      ས་ཧྥུ་ལ་ཞིབ་འཇུག་བྱེད་རྒྱུ་ནི་གནའ་རྫས་རྟོག་དཔྱོད་རིག་པའི་ལས་རིགས་ལ་མཚོན་ནས་བཤད་ན། སྔར་མུས་དགའ་སྣང་ཆེ་ཤོས་ཀྱི་རྟོག་དཔྱོད་བྱ་གཞི་ཞིག་ཏུ་རྩི་ཡི་ཡོད་པ་རེད། ས་ཧྥུ་ལ་ཞིབ་འཇུག་མཁན་དག་གིས། གནའ་རྫས་གྲགས་ཅན་དུ་མ་རྙེད་སོན་བྱུང་བ་དེས་ནི། ས་ཧྥུ་དང་གནའ་བོའི་གྷི་རི་སི། གནའ་བོའི་ཨེ་ཅིབ་དཔལ་ཡོན་བཅས་ལ་ཞིབ་འཇུག་བྱེད་བདེར་སོང་བས་མི་ཚད་ཁོ་ཚོའི་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པར་མི་ལ་སྤྲོ་ངར་སློང་བའི་ལོ་རྒྱུས་རྒྱུ་ཆ་འདོན་སྤྲོད་བྱས་པར་འདོད་ཀྱི་ཡོད། དེ་རིང་གི་རྙེད་སོན་བྱུང་བའི་རྣམ་གྲངས་ཀྱིས་ནི། ཞིབ་འཇུག་ཐད་ལ་རོགས་ཕན་རེ་འབྲས་འབྱུང་བའི་ཡིད་ཆེས་ཟབ་ཟབ་བསྩལ་གནངས་སོང་། ཞེས་བསྟན་པ་རེད།།

       ཕྱི་ལོ་སྔོན་གྱི་དུས་རབས3པ་ནས་བཟུང་། ས་ཧྥུ་ཡི་མིང་ནི་སྙན་རྩོམ་དང་ཟློས་གར། བརྩམས་ཆོས་སོགས་སུ་མངོན་གྱི་ཡོད་ལ། ཁད་ཀྱིས་དུས་རབས་ཀྱི་དགོས་མཁོ་ལྟར། ཁོ་མོ་མཚམས་རེར་ནི་གོང་མ་ལྷ་ཡི་སྲས་མོ་རྨོའུ་ས་ལ་དཔེ་འཇོག་བྱེད་ཀྱི་ཡོད་ཅིང་། ལན་རེར་ནི་གདོང་རྩི་ནག་པའི་མདོག་ཉེས་སྐྱེས་མའི་སྣང་བརྙན་དུ་འབྲི་བཞེངས་བྱེད་ཀྱི་ཡོད་པ་རེད། ལོ་ངོ་བརྒྱ་སྟོང་དུ་མའི་རིང་ལ། མི་རྣམས་ཀྱིས་ས་ཧྥུ་ནི་སྐྱེས་མའི་བརྩེ་དུང་འབྲི་བའི་འཕགས་མ་དང་། མོ་ཐོབ་རིང་ལུགས་པའི་དང་རྟེན། རྩོམ་རིག་མཁན་པོ་རོ་ལི་ལེ[2]ཡི་སྐྱེ་སྲིད་དུ་འདོད་ཀྱི་ཡོད། ཕྱི་ཕྱིར་ཕྱི་ཕྱིར། ཡོ་རོབ་ཏུ་ཁོ་མོར་གོང་བཀུར་ཚད་མེད་ཞུས་ཏེ་མོའི་སྐུ་བརྙན་ཊམ་གྱི་ངོས་སུ་དཔར་བཞེངས་མཛད་པ་རེད།།

        དུས་རབས19པའི་དུས་མཇུག་ནས་བཟུང་ས་ཧྥུ་རྟགས་མཚུངས་དགའ་རོགས་སྒྲིག་མཁན་གྱི་སྐྱེས་མའི་ཚབ་མཚོན་ལྟ་བུར་གྱུར་ཡོད་ལ། ཁོང་ཡང་སོ་ཁི་ར་ཐེ་ལྟར་[3]་སྐྱེས་མའི་ཁྲོད་རྟགས་མཚུངས་དགའ་རོགས་སྒྲིག་པའི་སྲོལ་འབྱེད་མཁན་ཐོག་མ་རུ་རྩི་ཡི་ཡོད་པ་རེད། ས་ཧྥུ་སྐུ་འཚོ་བཞུགས་སྐབས་རིང་ནས། སྙན་གྲགས་ལྷུག་པོར་རྒྱས་ཡོད། བཤད་ཚུལ་ལ། ཁོ་མོ་ཆུ་རྐྱལ་མཁན་ན་གཞོན་ཞིག་ལ་སེམས་པ་རབ་ཏུ་ཆགས་ནས། གཞོན་དུས་ནས་གཡང་ལ་མཆོངས་ཏེ་ལྕེབས་པ་རེད་ཟེར་མོད་ཀྱང་། ལོ་རྒྱུས་རིག་པ་མཁན་གཞན་དག་གི་ལྟ་ཚུལ་ནི་དེ་ལས་ཐ་དད་པ་སྟེ། ཁོ་མོ་ཕྱི་ལོ་སྔོན་གྱི་དུས་རབས་550ཡས་མས་སུ། ཚེ་ལོ་མཐར་ཕྱིན་ནས་སྐུ་གྲོངས་པར་འདོད་ཀྱི་ཡོད་པ་རེད། གནའ་བོའི་དུས་སུ། ཁོ་མོའི་མཚན་ཤས་ཆག་བྱེད་ཀྱི་བཤད་རྒྱུན་མང་པོ་ཡོད་ན་ཡང་། རྒྱུ་ཆ་ཁ་ཤས་ལས་སྣང་བ་ལྟར་ན། གྲོང་མིས་ཁོ་མོར་བཀུར་བརྩི་ཆེན་པོ་ཞུ་གི་ཡོད་པ་རེད། ས་ཧྥུ་ཡི་ངོ་མཚར་གཏམ་རྒྱུད་གཙང་པོའི་ཆུ་རྒྱུན་ལྟར་མི་རབས་མང་པོར་བཞུར་ནས་ཡོང་། ལྷག་དོན། ཁོ་མོ་ནི་དུས་རབས་རེ་རེའི་སྙན་ངག་པ་རྣམས་ཀྱི་སེམས་ཁོང་གི་ལམ་སྟོན་སྒྲོན་མེ་དང་། སྙན་ངག་པའི་སྡེ་ཡི་གཙུག་རྒྱན་ལྟ་བུར་གྱུར་ཡོད་པ་རེད། དེ་མིན། ས་ཧྥུ་ཡིས་སྐབས་ཐོག་དེར། ད་དུང་། གྷི་རི་སིའི་བུ་མོ་འོས་སྦྱོང་སློབ་གྲྭ་ཞིག་གི་སློབ་གཙོའི་འགན་བཞེས་གནངས་ནས་སྙན་གྲགས་མཁའ་ལ་རྩེན་མྱོང་ཡོད་པ་རེད། ས་ཧྥུ་ནི་གནའ་བོའི་གྷི་རི་སིའི་སྐད་གྲགས་ཆོད་པའི་སྙན་ངག་པ་ཞིག་ཡིན་པ་སྨོས་མེད་ཐོག འཛམ་གླིང་སྒང་དུ་གྲངས་ཀ་ཧ་ཅང་ཉུང་བའི་གནའ་བོའི་སྐྱེས་མའི་སྙན་ངག་པའི་གྲས་ཀྱི་གཅིག་དེ་ཡིན་པ་སྨོས་ཅི་དགོས།།

ཡིན་ཡང་། ལོ་རྒྱུས་དང་རིག་གནས། སྲོལ་རྒྱུན་དང་ཆོས་ལུགས། ཕོ་དབང་སྤྱི་ཚོགས་བཅས་ཀྱི་དབང་དུ་ཤོར་དྲགས་ནས། ས་ཧྥུའི་བརྩམས་ཆོས་ཀྱང་ཨེན་ཙམ་གྱིས་གནའ་བོའི་གྷི་རི་སིའི་གྱང་གོག་ལྟར་རང་བྱུང་ཁམས་སུ་ཐིམ་སོང།།

[1](萨福ཧ་ལམ་ཕྱི་ལོ་སྔོན་གྱི་དུས་རབས630འམ། ཡང་ན612ནས། ཕྱི་ལོ་སྔོན་གྱི་དུས་རབས592སམ། ཡང་ན560ལོར།)

[2]རོ་ལི་ལེ་ནི་འཇར་མན་གྱི་དམངས་ཁྲོད་རྩོམ་རིག་ཁྲོད་ཀྱི་ངག་རྒྱུན་ནང་གི་འདྲེ་མོ་ཞིག་ཡིན་པ་རེད།།

[3]སོ་ཁི་ར་ཐེ་གནའ་བོའི་གྷི་རི་སིའི་སྐྱེས་པའི་ཁྲོད་ཀྱི་རྟགས་མཚུངས་དགའ་རོགས་སྒྲིག་པའི་སྲོལ་འབྱེད་མཁན་དུ་རྩི་ཡི་ཡོད་སྐད།།