དུས་རབས་བཅུ་གཉིས་པའི་སྐབས་ནས་བཟུང་སྟེ་བོད་དུ་དངོས་སུ་བསྐྱོད་པའམ་མ་བསྐྱོད་པའི་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་བྲིས་པའི་ཟིན་དེབ་དག་གིས་ནུབ་ཕྱོགས་པའི་སེམས་ལ་འཕྲུལ་སྣང་ཞིག་བསླངས་པར་མ་ཟད། བརྩམས་ཆོས་དེ་དག་གི་ནང་དུ་བོད་ཀྱི་ཡུལ་ཁམས་དང་སྲོལ་རྒྱུན་རིག་གནས་ལས་འཕྲོས་ཏེ་བོད་ནི་གསང་བ་ལྐོག་གྱུར་གྱི་ཞིང་ཁམས་ཤིག་ཡིན་པ་བསྟན་ཡོད། ལྷག་པར་དུ་བརྩམས་ཆོས་དེ་དག་ལ་རྐྱེན་བྱས་ཏེ་དུས་རབས་ཉི་ཤུ་པའི་ནང་བོད་དང་བོད་པ་བརྗོད་བྱར་བགྱིས་པའི་རྟོག་སྒྲུང་འབྲི་མཁན་གྱི་ནུབ་ཕྱོགས་པ་མང་པོ་བྱུང་ཞིང་། དེ་དག་གི་ཁྲོད་ཀྱི་ལྕམ་སྐུ་ཨ་ལེ་ཁུ་སན་སྒྲི་ར སྡེ་བལ་སྡུ ནིལ་ལགས་ནི་ཧ་ཅང་ཡ་མཚན་ཅན་དང་ལྐོག་གྱུར་ཅན་གྱི་བོད་འབྲེལ་གྱི་རྟོག་སྒྲུང་འབྲི་མཁན་སྔ་ཤོས་ཁྲོད་ཀྱི་གཅིག་ཡིན་ལ། བོད་ཀྱི་ནང་བསྟན་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་སོགས་དངོས་ཡོད་ཀྱི་ལམ་ནས་ངོ་སྤྲོད་གནང་མཁན་ཞིག་ཀྱང་ཡིན། ཁོང་ནི་དུས་རབས་ཉི་ཤུ་པའི་ནང་ནུབ་ཕྱོགས་ཀྱི་ཕྱི་གླིང་པའི་ཁྲོད་ཀྱི་བོད་འབྲེལ་གྱི་བསྟན་བཅོས་འབྲི་རྩོམ་གནང་མཁན་མང་ཤོས་དང་། བོད་འབྲེལ་གྱི་རྟོག་སྒྲུང་འབྲི་མཁན་གྱི་ནུབ་ཕྱོགས་པ་གཞན་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མཁན། བོད་ཀྱི་རྒྱལ་ས་ལྷ་སར་གོམ་པ་སྤོ་མཁན་གྱི་ནུབ་ཕྱོགས་ཀྱི་བུད་མེད་ཐོག་མ་ཡིན་པར་བརྟེན། ཨ་ལེ་ཁུ་སན་སྒྲི་ར སྡེ་བལ་སྡུ ནིལ་ལགས་ཀྱི་བརྩམས་ཆོས་དང་སྙན་གྲགས་གཉིས་ད་དུང་ཡང་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་མགོ་མཉམ་ལྟ་བུའི་ངང་མུ་མཐུད་དུ་གནས་བཞིན་ཡོད།

ཨ་ལེ་ཁུ་སན་སྒྲི་ར སྡེ་བལ་སྡུ ནིལ་ལགས(Alexandra David-Néel)ནི་སྤྱི་ལོ་ ༡༨༦༨ ལོའི་ཟླ་ ༡༠ པའི་ཚེས ༢༤ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རེ་སི་དང་ཐག་ཉེ་བའི་ཟན་མན་ངྷེ་(Saint-Mandé)ཞེས་པའི་གྲོང་རྡལ་གྱི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཕ་མ་གཉིས་ཀྱིས་ཆུང་དུས་ཀྱི་གཅེས་མིང་ལ‘‘ནའེ་ནའེ’’(Nini)ཞེས་བཏགས། ཁོང་གི་ཕ་ལགས་ནི་དགེ་རྒན་ཞིག་རེད་ལ།  ཧྥ་རན་སིར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྩ་གཏོར་གྱི་རླབས་རྒྱུན་འཕྱུར་སྐབས་གསར་འགོད་པའི་ལས་ཀ་གནང་འདུག མ་ལགས་ནི་བྷེལ་རྗམ་(Belgium)ནས་ཧྥ་རན་སིར་གཞི་སྤོར་གྱིས་ཡོང་བ་ཞིག་རེད། ཁོང་ལ་གཅུང་པོ་ཞིག་ཡོད་པ་དེ་ལོ་གཅིག་ལ་མ་སོན་པར་གྲོངས་པས། ཨ་ལེ་ཁུ་སན་སྒྲི་ར་ལགས་ནི་ཕ་མ་གཉིས་ཀྱི་བྱིས་པ་གཅིག་པུར་གྱུར། དེ་ལྟ་ནའང་། ཁོང་གི་ཕ་ལགས་ལ་ལས་བྲེལ་ཆེ་བ་དང་། མ་ལགས་ཀྱིས་བདག་སྐྱོང་ཡག་པོ་མ་གནང་བས། བྱིས་པའི་གནས་སྐབས་སུ་ཕ་མ་གཉིས་ཀྱི་བྱམས་བརྩེའི་བདུད་རྩི་ཁོང་གི་ཐུགས་རྒྱུད་ལ་སིམ་མེད་པར་གྲགས།

སྐུ་ན་ཆུང་དུས་ཀྱི་ཨ་ལེ་ཁུ་ཟན་སྒྲི་ར སྡེ་བལ་སྡུ ནིལ།

སྐུ་ན་ཆུང་དུས་ཀྱི་ཨ་ལེ་ཁུ་ཟན་སྒྲི་ར སྡེ་བལ་སྡུ ནིལ།

ཨ་ལེ་ཁུ་སན་སྒྲི་ར་ལགས་ལོ་དྲུག་ལ་སོན་པའི་ལོ་དེར། ཕ་མ་གཉིས་དང་མཉམ་དུ་བྷེལ་རྗམ་དུ་སོང་སྟེ་འཚོ་བ་རོལ། ཁོང་གི་མ་ལགས་ཀྱིས་རང་གི་བུ་མོར་ཡེ་ཤུའི་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་སྟེ་ཁེ་ཐོ་ལིག་(Catholic)གིས་ཁྲུས་དབང་བསྐུར་འདོད་བྱུང་ཡོད་ནའང་། ཕ་ལགས་ཀྱིས་ལྐོག་ནས་ཕུ་རོ་ཁྲེ་སི་ཀྲན་ཁྲི(Protestant)ཆོས་བརྒྱུད་ཀྱིས་ཁྲུས་དབང་བསྐུར། ཁོང་པ་ཅག་བྷེལ་རྗམ་དུ་བསླེབས་ནས་ཅང་མ་འགོར་བར། ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱི་ཕ་མ་གཉིས་ཀྱིས་ཁོང་དབྱར་དགུན་མེད་པར་སྡོད་ཆོག་པའི་ཡེ་ཤུའི་སློབ་གྲྭ་ཞིག་ཏུ་བསྐྱལ། སློབ་གྲྭ་དེ་ནས་ཁོང་གིས་འགྲུལ་བཞུད་སྐོར་གྱི་བྱིས་སྒྲུང་མང་པོ་ཞིག་བཀླགས་པས་དེ་ལ་དགའ་སྣང་ཆེན་པོ་སྐྱེས་པར་མ་ཟད། མ་འོངས་པར་རང་ཉིད་ཀྱང་འགྲུལ་བཞུད་བྱེད་མཁན་ཞིག་ཏུ་འགྱུར་བར་སྨོན། དེར་མ་ཟད། ལོ་བཅུ་གྲངས་ཙམ་ནས་ཁོང་གིས་ཡེ་ཤུའི་གསུང་རབ་ཀྱིས་མཚོན་པའི་ཆོས་ལུགས་སྐོར་གྱི་བསྟན་བཅོས་ལ་བལྟ་ཀློག་གནང་བས། «ས་ཐོབ་པའི་ཚངས་སྤྱོད་པ»(Saints ascètes)ཞེས་པའི་གླེགས་བམ་དུ་གསལ་བའི་སྨྱུང་གནས་དང་། སྡིག་སྒྲིབ་སྦྱང་སྟངས་སོགས་ཀྱང་ལྐོག་ནས་ཚོད་ལྟ་གནང་།

ཨ་ལེ་ཁུ་སན་སྒྲི་ར་ལགས་ཡེ་ཤུའི་སློབ་གྲྭ་ནས་ཐོན་རྗེས། ཁོང་གིས་རང་ཉིད་སྨན་པ་ཞིག་ཏུ་འགྱུར་བར་སྨོན་པ་འགོག་མེད་དུ་བཞུར་ནའང་། མ་ཡིས་བུད་མེད་ཀྱི་ལས་ཀ་ནི་སྨན་པ་མིན་པར་བསྙད་དེ་ནད་གཡོག་གི་སློབ་སྦྱོང་བྱེད་དུ་བཅུག དེར་བརྟེན། ཁོང་གིས་བྷེལ་རྗམ་གྱི་རྒྱལ་ས་བྷིར་ཟིལ་(Bruxelles)གྱི་སྨན་ཁང་ཞིག་ཏུ་ཕྱག་ལས་གནང་། སྤྱི་ལོ་ ༡༨༨༩ ལོར་ལས་ཀ་དེ་བསྐྱུར་ཏེ་ཨིན་ཡིག་སྦྱང་ཆེད་ཨིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཕྱིན། དེ་ནས་ཤར་ཕྱོགས་ཀྱི་མཚན་ཉིད་རིག་པ་སྦྱོང་འགོ་བཙུགས་པར་མ་ཟད། གནའ་རབས་ཀྱི་རྒྱ་གར་གྱི་སྙན་ངག་རིག་པ་དང་། གནའ་བོའི་རྒྱ་ནག་གི་མཚན་ཉིད་རིག་པའི་སྐོར་ལའང་དོ་སྣང་མཛད། སྤྱི་ལོ་ ༡༨༩༠ ལོར་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་ལོག་སྟེ་ཧྥ་རན་སིའི་གཙུག་ལག་སློབ་གྲྭ་ཆེན་མོའི་(Collège de France)ནང་དུ་བོད་ཡིག་དང་ལེགས་སྦྱར་གྱི་སྐད་སྦྱངས། སྐབས་དེ་ཤེད་དུ་ཁོང་ཤར་ཕྱོགས་ཀྱི་འགྲེམ་སྟོན་ཁང་(Musée Guimet)དུ་ཡང་ཡང་ཕེབས་ཤིང་། འགྲེམ་སྟོན་ཁང་དུ་ཡོད་པའི་སྟོན་པའི་འདྲ་སྐུ་དང་ཤར་ཕྱོགས་ཀྱི་གནའ་བོའི་རིག་རྫས་རྙིང་པ་དག་གི་གཟི་བྱིན་གྱིས་ཡིད་དབང་ཕྲོགས་པར་གྱུར། ཁོང་གིས་མུ་མཐུད་དུ་རྒྱ་གར་གྱི་གནའ་བོའི་མཚན་ཉིད་རིག་པའི་ལོ་རྒྱུས་དང་ལྟ་བའི་སྐོར་ལ་སློབ་སྦྱོང་གནང་སྟེ་ནང་པའི་ཆོས་ལ་སྐྱབས་སུ་སོང་ཞིང་། ཧྥ་རན་སིའི་བུད་མེད་ནང་པ་བ་ཐོག་མ་ཡིན་པར་བཤད།

ཉིན་ཞིག་ཁོང་གིས་རོལ་མོའི་ཟློས་གར་ཞིག་ལ་བལྟས་རྗེས། གློ་བུར་དུ་སྒྱུ་རྩལ་པ་ཞིག་ཏུ་འགྱུར་འདོད་ཀྱིས་གླུ་གཞས་དང་ཕེ་ཡ་ནོའི་རོལ་ཆས་སློབ་འགོ་རྩོམ་སྐབས། ཕ་མ་གཉིས་ཀྱིས་ཁོང་གི་སྒྱུ་རྩལ་གྱི་ལས་ཀ་དེར་རྒྱབ་སྐྱོར་བྱས་མེད་པར་གྲགས་ནའང་། ལོ་གསུམ་རིང་འབད་བརྩོན་བྱས་པའི་འབྲས་བུར། སྤྱི་ལོ་ ༡༨༩༢ ལོར་ཧྥ་རན་སིའི་ཟློས་གར་གླུ་དབྱངས་(Chant Théâtral Français)ཞེས་པའི་ལག་འཁྱེར་ཞིག་ཐོབ་ཡོད་ལ། དེ་ནི་ཁོང་གི་མི་ཚེའི་ནང་གི་ལག་འཁྱེར་གཅིག་པུ་ཡིན། སྤྱི་ལོ་ ༡༨༩༩ ལོར་ཨ་ལེ་ཁུ་སན་སྒྲི་ར་ལགས་ཡུ་རོབ་ཀྱི་རྒྱལ་ཁབ་གྷི་རི་སིའི(Greece) གླུ་གཞས་འདུ་ཚོགས་ཤིག་གི་སྟེང་དུ་བསྐྱོད་ཅིང་། ལོ་དེའི་ཕྱི་ལོར་རྒྱལ་ཁོངས་ཁྲོལ་ཁེ་(Turkey)ལའང་ཕྱིན།  ཡུལ་དེ་ནས་ཁོང་གི་ཉེ་འབྲེལ་ཞིག་སྟེ་མཚན་ལ་ཧྥེ་ལེ་ཕུ་ནུལ་(Philippe Néel)ཞུ་བ་ཞིག་ལ་ཁ་ཐུག་སྟེ་ཁོང་དང་མཉམ་དུ་འཚོ་བ་བསྐྱལ། སྤྱི་ལོ་༡༩༠༤ ལོར་ཧྥེ་ལེ་ཕུ་ནུལ་དང་མཉམ་དུ་གཉེན་སྒྲིག་བྱས། འོན་ཀྱང་ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་ཕྲུ་གུ་བཟོ་འདོད་ནམ་ཡང་བྱུང་མེད་ལ། ཁོང་ལ་མཚོན་ན་ཕྲུ་གུ་བསྐྱེད་བསྲིང་བྱེད་པ་ནི་རང་ཉིད་ཀྱི་རང་དབང་དང་སློབ་སྦྱོང་ལ་བར་ཆད་གཏོང་བྱེད་ཅིག་ཏུ་དགོངས། སྐབས་དེར་ཁོང་གིས་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་དོ་སྣང་གནང་སྟེ་བརྗོད་གཞི་དེ་དང་འབྲེལ་བ་ཅན་གྱི་རྩོམ་ཡིག་བྲིས། སྐབས་རེར་ལོན་ཊོན་དང་བྷུར་ཟིལ་སོགས་སུ་ཕྱིན་ཏེ་སློབ་སྦྱོང་གནང་ཞོར་དུ། གསར་འགོད་པའི་ཕྱག་ལས་གནང་བའི་ལོ་རྒྱུས་ཀྱང་ཡོད།

སྤྱི་ལོ་ ༡༩༡༡ ལོར་ཁོང་ལ་རྒྱ་གར་ནས་སློབ་སྦྱོང་གི་གོ་སྐབས་ཤིག་ཐོབ་པས་རྒྱལ་ཁབ་དེར་བསྐྱོད།  དེ་ནི་ཁོང་རྒྱ་གར་དུ་བསྐྱོད་ཐེངས་དང་པོ་མིན། བསྐྱོད་ཐེངས་དང་པོ་ནི་གླུ་གཞས་ཀྱི་ལས་དོན་ཞིག་གི་ཆེད་དུ་ཡིན་ལ། ད་དུང་ཉེ་འབྲེལ་ཞིག་གི་ཤུལ་ལུས་རྒྱུ་ནོར་འཐོབ་ཆེད་སིངྒལའི་ཡུལ་དུའང་བསྐྱོད་མྱོང་ཡོད། གང་ལྟར་ལོ་དེར་ཁོང་གིས་རང་ཉིད་ཀྱི་ཁྱོ་གར་རྒྱ་གར་དུ་ལོ་གཅིག་དང་ཟླ་དྲུག་བསྡད་མཚམས་ཕྱིར་ལོག་གནང་བར་ཁས་ལེན་གནང་ཡོད་ནའང་། མི་ལོ་བཅུ་བཞིའི་རྗེས་སུ་མ་གཏོགས་བཟའ་ཟླ་གཉིས་མཉམ་འཛོམས་བྱུང་མེད།    འོན་ཀྱང་། ཁོང་གིས་རང་ཉིད་ཀྱི་བཟའ་ཟླར་ཕྱག་འཕྲིན་མང་པོ་བསྐུར་བས་ཕན་ཚུན་གྱི་འབྲེལ་བ་རྩ་ཆད་དུ་ཕྱིན་མེད། ཁོང་རྒྱ་གར་གྱི་ཀ་ལི་ཀ་ཏར་སླེབས་ནས་སློབ་སྦྱོང་དང་། འགྲུལ་བཞུད། ཚོགས་འདུ་འདྲ་མིན་བཅས་ལ་ཕེབས་པར་མ་ཟད། ད་དུང་ཧིན་རྡུའི་ཆོས་པ་ཚོའི་མཉམ་དུ་བཞུགས་ཏེ་ཆོས་ཀྱི་ལྟ་གྲུབ་སྐོར་ལ་བགྲོ་གླེང་གླེང་སྟེ་དུས་འདའ་བར་བྱས།

རྒྱ་གར་དུ་ལོ་གཅིག་བཞུགས་རྗེས། ཁོང་རྡོ་རྗེ་གླིང་བརྒྱུད་འབྲས་ལྗོངས་སུ་ཕེབས་ཏེ་སྲིད་སྐྱོང་སྤྲུལ་སྐུ་རྣམ་རྒྱལ་མཆོག་ལ་མཇལ། ཡུན་རིང་མ་འགོར་བར་ཁོང་གཉིས་བརྩེ་བའི་གྲོགས་པོར་གྱུར་ཅིང་། སྲིད་སྐྱོང་སྤྲུལ་སྐུ་རྣམ་རྒྱལ་མཆོག་གིས་རང་གི་ཡབ་སྟེ་འབྲས་ལྗོངས་རྒྱལ་པོ་མཆོག་ལ་ཨ་ལེ་ཁུ་སན་སྒྲི་ར་ལགས་ངོ་སྤྲོད་གནང་། འབྲས་ལྗོངས་རྒྱལ་པོའི་ཐུགས་རྗེ་ལ་བརྟེན་ནས།  ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་ཟླ་བ་བསམ་འགྲུབ་ཞུ་བའི་དགེ་སློང་ཞིག་སྐད་སྒྱུར་དུ་ཁྲིད་དེ་ཀ་ལོན་སྦུག་ཏུ་ཕྱིན། དེ་ནས་བཙན་བྱོལ་དུ་ཕེབས་པའི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ལ་མཇལ་སྐལ་ཐོབ་ཅིང་། ༧རྒྱལ་དབང་མཆོག་གིས་ཁོང་ནང་པར་ཇི་ལྟར་ཞུགས་ཚུལ་གྱི་སྐོར་ལ་བཀའ་འདྲི་གནང་། ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་ཀྱང་༧རྒྱལ་དབང་མཆོག་ལ་ནང་པའི་ལྟ་གྲུབ་ཐད་ཀྱི་དོགས་འདྲི་མང་པོ་གནང་བར། ༧རྒྱལ་དབང་རིན་པོ་ཆེ་མཆོག་གིས་དྲི་བ་རེ་ཟུང་ཡིག་ལམ་ནས་བསྐུར་བར་ཁས་ལེན་མཛད།

སྤྱི་ལོ་ ༡༩༡༢ ལོར་ཁོང་བལ་ཡུལ་དུ་འབྱོར་བ་དང་། ཡུན་རིང་མ་འགོར་བར་རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་ལ་མཇལ་རྗེས་རྒྱ་གར་དུ་བཞུགས། འབྲས་ལྗོངས་རྒྱལ་པོ་སྐུ་གཤེགས་པ་དང་སྟབས་བསྟུན་ཁོང་ཕྱིར་འབྲས་ལྗོངས་སུ་ལོག་ཕེབས་གནང་། དུས་ཡུན་གང་འཚམ་ཞིག་ལ་སྲིད་སྐྱོང་སྤྲུལ་སྐུ་རྣམ་རྒྱལ་མཆོག་གི་སློབ་སྟོན་པར་གྱུར། ཕྱིས་སུ་འབྲས་ལྗོངས་ཀྱི་ལྷ་ཆེན་ཞེས་པའི་ཡུལ་དེར་ཕེབས་ཏེ། ལྷ་ཆེན་སྒོམ་ཆེན་རིན་པོ་ཆེ་ཞུ་བ་ཞིག་གི་མདུན་ནས་བསྒོམ་སྒྲུབ་ཉམས་ལེན་གྱི་གནད་སོགས་སྦྱངས་ཏེ་དུས་ཡུན་རིང་པོ་ཞིག་ལ་མཚམས་ལ་བཞུགས།  དེ་ནས་ཨ་ལེ་ཁུ་སན་སྒྲི་ར་ལགས་འབྲས་ལྗོངས་ཀྱི་ནང་པའི་དགོན་པ་ཁག་ལ་ཕེབས་སྐབས། ཁོང་གིས་ཡུལ་དེའི་དགོན་པ་ཞིག་གི་གྲྭ་པ་ཨ་ཕེར་ཡོན་ཏན་ཞུ་བའི་དགུང་ལོ་བཅོ་ལྔ་ཅན་ཞིག་གསོས་ཕྲུག་ཏུ་ཉར།

སྤྱི་ལོ་ ༡༩༡༦ ལོའི་ཟླ་༦་པའི་ཚེས་ ༡༣ ཉིན་ཨ་ལེ་ཁུ་སན་སྒྲི་ར་ལགས་འབྲས་ལྗོངས་ནས་ཕྱོགས་ཐོན་གྱིས་གཞིས་ཀ་རྩེར་སླེབས།  གཙང་བཀྲ་ཤིས་ལྷུན་པོར་བཞུགས་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་སྐབས། པཎ་ཆེན་རིན་པོ་ཆེས་ཐུགས་བརྩེ་བའི་ཀློང་ནས་དགོན་པ་དེར་རྒྱུན་བཞུགས་ཀྱིས་བོད་ཀྱི་ནང་བསྟན་ཆོས་ལུགས་ལ་སློབ་སྦྱོང་གནང་ཆོག་ཚུལ་གསུངས། ཨ་ལེ་ཁུ་སན་སྒྲི་ར་ལགས་གཞིས་ཀ་རྩེ་ནས་གཏན་སྡོད་མ་གནང་བར་སྣར་ཐང་དགོན་སོགས་སུ་ཕེབས་གྲུབ་མཚམས་ཕྱིར་ལམ་བསྙེགས་ཏེ་འབྲས་ལྗོངས་སུ་ལོག སྐབས་དེའི་རྒྱ་གར་ཨིན་ཇིའི་གཞུང་ཚབ་མི་སྣས་ཁོང་གིས་བོད་དུ་འགྲོ་བར་ཆོག་མཆན་མ་ཞུས་པ་དང་། ༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་འབྲེལ་བ་ཡག་པོ་ཡོད་པ་སོགས་ལ་བསྙད་དེ་འབྲས་ལྗོངས་ནས་ཕྱིར་འབུད་བྱས།

སྐབས་དེར་ཡུ་རོབ་ཏུ་འཛམ་གླིང་དམག་ཆེན་དང་པོ་ལངས་བཞིན་པར་བརྟེན། ཨ་ལེ་ཁུ་སན་སྒྲི་ར་ལགས་ཡུ་རོབ་ཏུ་མ་ཕྱིན་པར་ཁོང་གི་བུ་ཡོན་ཏན་དང་ལྷན་དུ་རྒྱ་གར་དུ་ཕྱིན། དེ་རྗེས་ཉི་ཧོང་དུ་ཕེབས། སྟབས་ལེགས་པ་ཞིག་ལ་ཁོང་དང་ཡོན་ཏན་གཉིས་ལོ་ཤས་ཀྱི་སྔོན་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་མྱོང་བའི་ཉི་ཧོང་གི་དགེ་སློང་ཨེ་ཀེ ཀ་བ་སྒུ་ཅི་(Ekai Kawaguchi)མཆོག་ལ་ཐུག་འཕྲད་བྱུང་སྟེ། དགེ་སློང་དེས་རང་ཉིད་རྒྱ་ནག་གི་གྲྭ་པ་ཞིག་ལ་བརྫུས་ཏེ་ལྷ་སར་ཕྱིན་རྗེས། སེ་ར་དགོན་པ་ནས་བོད་ཀྱི་མཚན་ཉིད་རིག་པར་སྦྱངས་བརྩོན་གནང་བ་སོགས་ངོ་སྤྲོད་གནང་བར་བརྟེན། ཨ་ལེ་ཁུ་སན་སྒྲི་ར་ལགས་སྔར་ལས་ཀྱང་ལྷ་སར་ཕེབས་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་པས། ཉི་ཧོང་རྒྱབ་ཏུ་བསྐྱུར་ཏེ་ཁོ་རེ་ཡ་དང་། དེ་རྗེས་རྒྱ་ནག་པེ་ཅིན་དུ་ཕྱིན། དེ་ནས་ཡུན་རིང་མ་སོང་བར་ཡུལ་དེའི་བོད་ཀྱི་གྲྭ་པ་ཞིག་གི་རོགས་རམ་འོག སྐབས་དེར་ནད་ཡམས་དང་ཞིང་བྲན་ཡར་ལངས་ཀྱིས་བཅུམས་པའི་རྒྱ་ནག་གི་ཡུལ་ལུང་དུ་མ་གཤགས་ཏེ་རྒོ་བྷུའི་(Gobi)བྱེ་ཐང་ཆེན་མོ་བརྒྱུད་དེ། མཐར་མདོ་སྨད་བྱང་ཤར་གྱི་དགོན་ཆེན་སྐུ་འབུམ་བྱམས་པ་གླིང་དུ་འབྱོར།

སྤྱི་ལོ་ ༡༩༢༡ ལོར་ཨ་ལེ་ཁུ་སན་སྒྲི་ར་ལགས་བཙུན་མ་དང་སྤྲང་པོ་ཞིག་ལ་བརྫུས་ཏེ་གསོས་ཕྲུག་ཡོན་ཏན་དང་ལྷན་དུ་སྐུ་འབུམ་ནས་དབུས་ལམ་རིང་མོར་ཞུགས་ཏེ་དཀའ་ཚེགས་གང་མང་མྱངས་པའི་འབྲས་བུར། སྤྱི་ལོ་ ༡༩༢༤ ལོའི་ཟླ་

ཨ་ལེ་ཁུ་ཟན་སྒྲི་ར་དང་ཨ་ཕེར་ཡོན་ཏན།

ཨ་ལེ་ཁུ་ཟན་སྒྲི་ར་དང་ཨ་ཕེར་ཡོན་ཏན།

གཉིས་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར། ལོ་དེའི་བོད་ཀྱི་ལོ་གསར་གྱི་སྐབས་སུ་འཁེལ་བར་བཤད།  ཁོང་དང་ཡོན་ཏན་གཉིས་ལྷ་སར་བཞུགས་སྐབས། བོད་ཀྱི་གཞུང་ཞབས་མི་སྣ་དང་ལྷག་དོན་སྔོན་ཆད་འབྲས་ལྗོངས་ནས་མཇལ་མྱོང་བའི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་མཆོག་ལ་མཇལ་བའི་ལོ་རྒྱུས་མེད་ཀྱང་།  སྐབས་རེར་ཨ་ལེ་ཁུ་སན་སྒྲི་ར་ལགས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་སོང་སྟེ་ཁྲུས་ལ་ཞུགས་རྗེས། རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། སེ་ར། འབྲས་སྤུངས། དགའ་ལྡན། བསམ་ཡས་དགོན་པ་སོགས་སུ་མཆོད་མཇལ་དུ་ཕེབས། ཁོང་མ་བུ་གཉིས་ལྷ་སར་སླེབས་ནས་ཟླ་གཅིག་ལྷག་འགོར་རྗེས་ལག་དངུལ་ཚར་བས། རེ་ཞིག་ལྷ་སར་གནས་སྡོད་སྐུ་ཞབས་དྷ་བེ་དྷུ མའེ་སྒྲོ་ནའོ་(David Macdonald)ལགས་ཀྱི་ཁྱིམ་དུ་བཞུགས། ཁོང་གི་རོགས་འདེགས་འོག ཨ་ལེ་ཁུ་སན་སྒྲི་ར་ལགས་དང་ཁོང་གི་བུ་ཡོན་ཏན་གཉིས་སླར་ཡང་འབྲས་ལྗོངས་སུ་འགྲོ་ཐུབ་པ་བྱུང་ཡོད། ཡུན་རིང་མ་འགོར་བར་རྒྱ་གར་ཀ་ལི་ཀ་ཏར་ཕྱིན་ཅིང་། དེ་རུ་ཚོགས་འདུ་བསྐངས་ཏེ་གསར་འགོད་པ་རྣམས་ལ་བོད་དུ་ཕེབས་པའི་ལོ་རྒྱུས་སོགས་གསལ་བཤད་རྒྱས་སྤྲོས་གནང་།

སྤྱི་ལོ་ ༡༩༢༥ ལོའི་ཟླ་གསུམ་པའི་ཚེས་ ༡༥ ཉིན་ཨ་ལེ་ཁུ་སན་སྒྲི་ར་ལགས་དང་ཁོང་གི་བུ་ཡོན་ཏན་གཉིས་ཧྥ་རན་སིར་འབྱོར་ཡོད་ལ། དེ་མ་ཐག་དུས་དེབ་དང་ཚགས་ཤོག་སོགས་ཀྱི་སྟེང་དུ་ཨ་ལེ་ཁུ་སན་སྒྲི་ར་ལགས་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་པ་ལས་འཕྲོས་པའི་གནས་ཚུལ་གང་མང་སྤེལ་བས་སྐད་གྲགས་ཆེན་པོ་རྒྱས། ཁོང་དང་ཡོན་ཏན་གཉིས་ཀྱིས་ངྷུས་ནཱི ལེ བྷན(Digne les Bains)ཞེས་པའི་ཡུལ་དུ་ཁང་པ་ཞིག་གླས་ཏེ་བཞུགས། ཕྱིས་སུ་ཁང་པ་དེ་རྒྱ་ཇེ་ཆེར་བཏང་སྟེ“བསམ་གཏན་ལྗོངས”ཞེས་པའི་མིང་ཞིག་ཀྱང་བཏགས། ཨ་ལེ་ཁུ་སན་སྒྲི་ར་ལགས་བསམ་གཏན་ལྗོངས་སུ་བཞུགས་ཏེ་རང་ཉིད་འགྲུལ་བཞུད་བྱས་པའི་བརྒྱུད་རིམ་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་སོགས་ཡིག་ཐོག་ཏུ་འབྲི་འགོ་བརྩམས་ཤིང་། སྐབས་རེར་ཡུ་རོབ་ཀྱི་རྒྱལ་ཁབ་འདྲ་མིན་གྱི་ཚོགས་འདུར་ཕེབས་ནས་འགྲུལ་བཞུད་སྐོར་གྱི་གཏམ་བཤད་ཀྱང་ཆག་མེད་དུ་གནང་།

སྤྱི་ལོ་ ༡༩༣༧ ལོའི་ལོ་སྟོད་དུ་ཡང་སྐྱར་ཨ་ལེ་ཁུ་སན་སྒྲི་ར་ལགས་དང་ཡོན་ཏན་གཉིས་རྒྱ་ནག་ཏུ་འགྲུལ་བཞུད་དུ་ཕྱིན། སྐབས་དེར་རྒྱ་ནག་དང་ཉི་ཧོང་གཉིས་བར་གྱི་དམག་འཁྲུག་སྟེ་“རི་འགོག་དམག་འཁྲུག་”ཅེས་པ་ལངས་བཞིན་ཡོད་པས། ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་རི་འགོག་དམག་འཁྲུག་གི་སྐོར་ལ་འདྲ་པར་དང་། ཟིན་ཐོ་རྩ་ཆེན་མང་པོ་བཏབ་ཡོད་པར་གྲགས་ནའང་། དམག་འཁྲུག་དེའི་ནང་ཡིག་ཆ་དང་འདྲ་པར་མང་པོ་བོར་

Alexandria_David-NeelinLhasa

ལྷ་སར་བགྲོད་སྐབས་ཀྱི་ཨ་ལེ་ཁུ་ཟན་སྒྲི་ར།

བརླགས་སུ་ཕྱིན། སྐབས་དེར་ཁོང་མ་བུ་གཉིས་ཡུ་རོབ་ཏུ་ལོག་རྩིས་བྱས་ཀྱང་ཡུ་རོབ་ཏུའང་འཛམ་གླིང་དམག་ཆེན་གཉིས་པ་ལངས་འགོ་ཚུགས་པར་རྐྱེན་བྱས་ཏེ། རྒྱ་ནག་ཏུ་མི་འདོད་བཞིན་དུ་ལོ་དགུ་སྡོད་དགོས་བྱུང་ཡོད། ལོ་ངོ་དེ་དག་གི་ནང་དུ་རྒྱ་ནག་གི་ཡུལ་ཁམས་མང་པོར་མྱུལ་ཏེ་དར་རྩེ་མདོའི་ཕྱོགས་སུ་ཕྱིན་པར། ཡུལ་དེ་རུ་བཀག་ཉར་བྱས་པའི་ལོ་རྒྱུས་ཀྱང་ཡོད།

སྤྱི་ལོ་ ༡༩༤༡ ལོར་ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་རང་གི་བཟའ་ཟླ་ཧྥེ་ལེ་ཕུ་ནུལ་ལགས་ཀྱི་གྲོངས་གཏམ་ཐོས། ཨ་ལེ་ཁུ་སན་སྒྲི་ར་ལགས་དང་ཁོང་གི་བཟའ་ཟླ་གཉིས་ཡུན་རིང་པོར་ཁ་བྲལ་ནས་བཞུགས་དགོས་བྱུང་ཡོད་མོད། ཕན་ཚུན་བར་ལ་ཡིག་འབྲེལ་མཚམས་མ་ཆད་པ་དེས་ནང་སེམས་ཀྱི་གཟིགས་མེད་ཀྱི་མཛའ་བརྩེའི་རྒྱུན་ཐག་ལྷོད་བཅུག་མེད་ལ།  སྐུ་ཞབས་ཧྥེ་ལེ་ཕུ་ནུལ་ལགས་ཀྱིས་རང་གི་བཟའ་ཟླ་འགྲུལ་བཞུད་གང་དུ་ཕེབས་ཀྱང་ཞོ་དངུལ་ཆད་མེད་དུ་བསྐུར་ཡོད་པས། ལར་ནས་ཨ་ལེ་ཁུ་སན་སྒྲི་ར་ལགས་ཁོང་གི་བཟའ་ཟླ་དང་མཉམ་དུ་སྡོད་དགོས་བྱུང་བ་ནི་ཞོ་དངུལ་གྱི་ཆད་དུ་ཡིན་པར་ཡང་བཤད།

སྤྱི་ལོ་ ༡༩༤༦ ལོར་ཨ་ལེ་ཁུ་སན་སྒྲི་ར་ལགས་དང་ཡོན་ཏན་གཉིས་ཧྥ་རན་སིར་ཕྱིར་ལོག་གནང་། ཁོང་གིས་སླར་ཡང་སྔར་གྱི་ཟིན་བྲིས་ཁག་ལ་ཞུས་དག་དང་འབྲེལ་བསྟན་བཅོས་གསར་པ་འབྲི་འགོ་ཚུགས་ཤིང་། ཅང་མ་འགོར་བར་ཁོང་གི་བརྩམས་ཆོས་མང་པོ་ཞིག་ཀྱང་པར་སྐྲུན་བྱས། སྟབས་ཉེས་པ་ཞིག་ལ་སྤྱི་ལོ་ ༡༩༥༥ ལོའི་ཟླ་བཅུ་གཅིག་པའི་ནང་ཁོང་གི་བུ་ཡོན་ཏན་གྲོངས་པས། རང་ཉིད་ཀྱི་སྙིང་ཕྱེད་ཀ་གྲི་ཡིས་བཅད་པ་ལྟ་བུའི་སྡུག་བསྔལ་བཟོད་གླགས་མེད་པ་བྱུང་ནའང་། རྩོམ་ཡིག་འབྲི་བ་དང་ཚོགས་འདུ་འདྲ་མིན་དུ་ཕེབས་ནས་གཏམ་བཤད་གནང་བར་སེམས་ཤུགས་མ་ལྷོད། སྤྱི་ལོ་ ༡༩༥༩ ལོར་མེ་ཝས མ་དྷུ་ལན པེ་ཝོ་ནཱི(Marie-Madelaine Peyronnet)ཟེར་བའི་གཞོན་ནུ་མ་ཞིག་དྲུང་ཡིག་ཏུ་ཉར་ཏེ་འབྲི་རྩོམ་གྱི་ཕྱག་ལས་མུ་མཐུད་དུ་བསྐྱངས། འོན་ཀྱང་། སྤྱི་ལོ་ ༡༩༦༩ ལོའི་ཟླ་དགུ་པའི་ཚེས་༨ཉིན་ཨ་ལེ་ཁུ་སན་སྒྲི་ར་ལགས་སྐུ་གཤེགས་ཤིང་། སྐབས་དེར་ཁོང་དགུང་ལོ་ ༡༠༡ ལ་ཕེབས་ཡོད། སྤྱི་ལོ་ ༡༩༧༣ ལོར་ཁོང་གི་དྲུང་ཡིག་གཞོན་ནུ་མ་དེས་ཁོང་དང་ཁོང་གི་བུ་ཡོན་ཏན་གཉིས་ཀྱི་རུས་ཐལ་རྒྱ་གར་དུ་ཁྱེར་ཏེ་ཆུ་བོ་གངྒཱའི་ནང་དུ་ཕྱགས་ཡོད། དེ་ནས་བཟུང་ཁོང་མ་བུ་གཉིས་ཀྱི་རུས་ཐལ་ལའང་གཞི་ནས་རང་དབང་ཐོབ་པ་རེད།

༡༩༢༤ལོའི་པོ་ཏ་ལ། ~ ཨ་ལེ་ཁུ་ཟན་སྒྲི་རས་པར་བླངས།

༡༩༢༤ལོའི་པོ་ཏ་ལ། ~ ཨ་ལེ་ཁུ་ཟན་སྒྲི་རས་པར་བླངས།

གོང་གི་ལོ་རྒྱུས་ཉིང་བསྡུས་འདི་ནི་ཨ་ལེ་ཁུ་སན་སྒྲི་ར སྡེ་བལ་སྡུ ནིལ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་རོབ་ཙམ་མཚོན་བྱེད་ཙམ་ཡིན་ལ། དེ་ཡང་ལོ་རྒྱུས་འདི་ལ་ཁུངས་ཡོང་ཆེད་ཕྲན་གྱིས་ལྕམ་སྐུ་གཞོ་ཨལ་(Joëlle Désiré-Marchand )ལགས་ཀྱིས་བརྩམས་པའི«ཨ་ལེ་ཁུ་སན་སྒྲི་ར སྡེ་བལ་སྡུ ནིལ་གྱི་སྐུ་ཚེ་དང་། འགྲུལ་བཞུད་ལམ་ཡིག་གི་ས་བཤད། ཆོས་ཀྱི་ལྟ་བ།» (Alexandra David Néel vie et voyages Itinéraire géographiques et Spirituels)ཞེས་པའི་དེབ་དང་། སྐུ་ཞབས་གཞང་ཞཱ་ལོང་(Jean Chalon)ལགས་ཀྱིས་བརྩམས་པའི«ཨ་ལེ་ཁུ་སན་སྒྲི་ར་སྡེ་བལ་སྡུ ནིལ་གྱི་འོད་སྣང་ལྡན་པའི་ལས་ཀྱི་བསྐོས་ཐང་།» (Le Lumineux destin d’Alexandra David-Néel)ཞེས་པའི་དེབ་གཉིས་ལ་གཤིབ་བསྡུར་དང་འབྲེལ་སྒྱུར་སྒྲིག་བྱས་པ་ཡིན་ནོ།

ད་ནི་ཨ་ལེ་ཁུ་སན་སྒྲི་ར སྡེ་བལ་སྡུ ནིལ་ལགས་ཀྱིས་བརྩམས་པའི་དེབ་མིང་དང་རྩོམ་མིང་སོགས་ངོ་སྤྲོད་རོབ་ཙམ་ཞུ་རྒྱུ་ཡིན། གཤམ་གསལ་གྱི་དེབ་མིང་ཁག་གི་མཇུག་གི་གུག་རྟགས་ནང་གསལ་བའི་ལོ་ཚིགས་ནི་དེབ་དེ་པར་སྐྲུན་བྱས་པའི་ལོ་དེར་གོ་བ་ཡིན། འདིར་དཔེ་སྐྲུན་ཁང་ཁག་གི་མིང་བྲིས་མེད།

  • “མི་ཚེའི་ཆེད་དུ།” ༡༨༩༨ ལོར་པར་དུ་བསྐྲུན།
  •  “རྒྱ་ནག་གི་མཚན་ཉིད་ཁྲོད་ཀྱི་རང་འདོད་ཀྱི་རྣམ་གཞག” ༡༩༠༩
  •  “རྒྱ་ནག་གི་སྤྱི་ཚོགས་རིང་ལུགས། མཱ་ཁྲེས་(Meh-Ti)མཚན་ཉིད་རིག་པ་དང་ཆིག་སྒྲིལ་གྱི་བསམ་བློ།” (༡༩༠༩)
  • “བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དང་འདོད་དབང་གཅེས་འཛིན་པ།” (༡༩༠༩)
  • “སྟོན་པའི་ནང་བསྟན་དང་ནང་བསྟན་གསར་མ། (༡༩༠༩)
  • “སྟོན་པའི་ནང་བསྟན་ཆོས་ལུགས།” (༡༩༢༡)
  • “པེ་རི་སིའི་བུད་མེད་ཅིག་ལྷ་སར་འགྲུལ་བཞུད།” (༡༩༢༧)
  • “བོད་ཀྱི་སྒྱུ་འཕྲུལ་མཁན་དང་གསང་བ་ལྐོག་གྱུར།” (༡༩༢༩)
  • “བླ་མ་རྣམས་ཀྱི་ཆོ་ག་” (༡༩༣༠)
  • “ཁྱད་དུ་འཕགས་པའི་གེ་སར་རྒྱལ་པོའི་རྣམ་ཐར།” (༡༩༣༢) ཡོན་ཏན་དང་མཉམ་འབྲེལ་གྱིས་བརྩམས།
  • “བོད་ཆེན་པོ། ཇག་པ་བཟང་པོའི་རྒྱལ་ཁབ་ཏུ།” (༡༩༣༣)
  • “སྤྲུལ་སྐུ་ཡེ་ཤེས་ལྔ་ལྡན།” (༡༩༣༥)
  • “བརྩེ་བའི་སྒྱུ་འཕྲུལ་དང་སྒྱུ་འཕྲུལ་ནག་པོ།” (༡༩༣༨)
  • “ནང་བསྟན་ཆོས་ལུགས། ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའི་ལྟ་བ་དང་དེའི་ཐབས་ལམ།”   (༡༩༣༩)
  • “ཆར་སྤྲིན་གྱི་འོག་ཏུ།” (༡༩༤༠)
  • “ཧི་མ་ལ་ཡའི་སྙིང་དབུས་སུ།” (༡༩༤༩)
  •  “རྣམ་འབྱོར་བའི་གླུ” (Avadhuta Gita )  “ཁྱོག་པོའི་གླུ” (Astavakra Gita )  ༡༩༥༡ ལེགས་སྦྱར་གྱི་སྐད་ལས་བསྒྱུར།
  • “བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་གསང་བའི་གདམས་ངག་ཏུ་ཞུགས་པའི་མཐོང་སྣང་།” (༡༩༥༡)
  • “རྒྱ་གར་གྱི་ཁ་སང་། དེ་རིང་། སང་ཉིན།” (༡༩༥༡)  སྤྱི་ལོ་༡༩༦༩ལོར་དེབ་འདི་བསྐྱར་དུ་པར་སྐབས་“བདག་གང་དུ་གནས་སའི་རྒྱ་གར་”ཞེས་དེབ་མིང་གཞན་པ་ཞིག་བཏགས་ཡོད།
  • “མཐའ་ཡས་པའི་རྒྱ་ནག་བྱང་ཕྱོགས་ཀྱི་ཀླ་ཀློར་ཕུལ་བ།”  ༡༩༤༧
  • “བོད་ཀྱི་གསུང་རབ་གསར་མ།” (༡༩༥༢)
  • “རྒྱ་ནག་གསར་པའི་ཁ་གཏད་ཀྱི་བོད་རྙིང་པ།” (༡༩༥༣)
  • “སྟོང་ཉིད་ཀྱི་སྟོབས་ཤུགས།” (༡༩༥༤) བསྒྱུར་རྩོམ། ཡོན་ཏན་གྱིས་བརྩམས།
  • “བོད་ཀྱི་ཕལ་སྐད་ཀྱི་བརྡ་སྤྲོད་རིག་པ།” (༡༩༥༤)
  • “འཆི་རྒྱུ་མེད་པ་དང་སྐྱེ་བ་སྔ་འཕྱི།”  (༡༩༦༡)
  • “དུས་རབས་བཞི་བཅུའི་རྒྱ་ནག་གི་རྒྱ་ཁྱོན།” (༡༩༦༤)
  • “རྒྱ་ནག་ཏུ། འཛམ་གླིང་ཡོངས་ཁྱབ་ཀྱི་བྱམས་བརྩེ་དང་འདོད་མོས་ཅན་གྱི་ལྟ་བ་ཧྲིལ་བོ། རྒྱའི་སློབ་དཔོན་མའོ་ཚེ་(Mo-Tsé) དང་གཡང་ཆའོ་(Yang Tchou)གཉིས།”  (༡༩༧༠)
  •  “ལྐོག་གྱུར་ཅན་གྱི་གཏམ་བཤད་མཁས་པ།”  (༡༩༧༢)
  • “བོད་ཀྱི་གནས་སྟངས། བཟའ་བཏུང་། སྲོལ་རྒྱུན། རང་མདངས།”
  • “ཤེས་རབ་ཀྱི་འོད་སྣང་།”  (༡༩༨༦)
  •  “བོད་ཆེན་པོ་དང་མཐའ་ཡས་པའི་རྒྱ་ནག”   (༡༩༩༩ )
  •  “ཁོང་གི་བཟའ་ཟླ་དང་མཉམ་དུ་བྱུང་བའི་འཕྲིན་ཡིག” ༢༠༠༠ ལོར་པར་དུ་བསྐྲུན། གླེགས་བམ་གཉིས།

འདི་ལྟར་ཁྱོན་བསྡོམས་དེབ་སུམ་ཅུ་ལྷག་པར་དུ་བསྐྲུན་ཡོད་ལ། སྔར་པར་སྐྲུན་བྱས་ཟིན་པའི་ལྗགས་རྩོམ་ཁ་ཤས་ཕྱིས་སུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་བསྐྱར་དུ་པར་སྐྲུན་བྱེད་སྐབས་དེབ་མིང་གསར་པ་བཏགས་པའང་འདུག  གང་ལྟར་དེབ་མིང་འདི་དག་འཕྲལ་དུ་བསྒྱུར་པ་ཡིན་པས་འགྱུར་མ་དག་པ་དང་། ད་དུང་མིང་ཐོ་འདི་དག་གི་ནང་དུ་མ་དྲངས་པའི་དེབ་གཞན་པའང་ཡོད་སྲིད།

པེ་རི་སིའི་བུད་མེད་ཅིག་ལྷ་སར་འགྲུལ་བཞུད།

པེ་རི་སིའི་བུད་མེད་ཅིག་ལྷ་སར་འགྲུལ་བཞུད།

དེ་བཞིན་དུ་ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་བརྩམས་པའི་རྩོམ་ཡིག་མང་པོ་ཞིག་ཀྱང་ཧྥ་རན་སི་དང་བྷེལ་རྗམ་གྱི་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་སྤེལ་ཡོད། ཕྲན་གྱིས་རགས་རྩིས་བྱས་པ་ལྟར་ན་ཕལ་ཆེར་རྩོམ་ཡིག་བཞི་བཅུ་ལྷག་བྲིས་ཡོད་པ་འདྲ། འདིར་རྩོམ་མིང་འགའ་དཔེ་མཚོན་དུ་དྲངས་ན།  “རང་དབང་ནི་ང་ཚོའི་བརྩེ་སེམས་སུ་འགྱུར་ངེས་”ཞེས་པའི་རྩོམ་ཡིག་འདི་ནི་སྤྱི་ལོ་ ༡༨༩༣ ལོར་“པད་མ་སྔོན་པོ་”ཞེས་པའི་ཧྥ་རན་སིའི་དུས་དེབ་ཅིག་གི་སྟེང་དུ་སྤེལ་ཡོད་པ་དང་། སྐབས་དེར་ཁོང་དགུང་ལོ་སུམ་ཅུ་ཏག་ཏག་ཡིན་པ་རེད། ཁོང་གི་མི་ཚེའི་ནང་གི་རྩོམ་ཡིག་ཐོག་མའང་རེད།  སྤྱི་ལོ་ ༡༩༥༩ ལོར་ཨར་མེ་(Hermès)ཞེས་པའི་དུས་དེབ་ཏུ་སྤེལ་བའི་“བོད་ཀྱི་མཁས་པ་ཚོས་མཐོང་བའི་སྟོང་ཉིད་”ཅེས་པ་ནི་ཁོང་གི་རྩོམ་ཡིག་མཐའ་མ་དེ་ཡིན་པ་འདྲ། འོན་ཀྱང་བར་བརྒལ་གྱི་ལོ་དེ་དག་གི་ནང་དུ་ཁོང་གིས་རང་ཉིད་འགྲུལ་བཞུད་དུ་བསྐྱོད་སྐབས་ཀྱི་མཐོང་ཐོས་དང་མྱོང་བ། དེ་བཞིན་ནང་བསྟན་དང་མཚན་ཉིད་རིག་པའི་ལོ་རྒྱུས་སོགས་བརྗོད་བྱའི་ཨ་ལོང་ནང་དུ་བསུས་པའི་རྩོམ་ཡིག་དཔེར་ན“ནང་བསྟན་ཆོས་ལུགས་ཀྱི་ཟིན་བྲིས་”དང་། “རྒྱ་གར་གྱི་སྔགས།” “ཁོ་རེ་ཡའི་ལོ་རྒྱུས་ཟིན་བྲིས།” “བར་དོ་ཐོས་གྲོལ་ཆེན་མོའི་བསྟན་བཅོས་ཀྱི་དཀྱིལ་འཁོར།” “ཀོ་རེ་ཡའི་རྣམ་རྟོགས་དང་ཆོས་ལུགས།” “བོད་ཀྱི་ཆོས་ལུགས་ཀྱི་སྟོབས་ཤུགས་དང་དེ་དག་གི་འབྱུང་ཁུངས།” “ཉི་ཧོང་དུ་དར་བའི་ཆོས་ལུགས་ཀྱི་དོགས་འདྲི།” “ཉི་ཧོང་གི་མཚན་ཉིད་སྨྲ་བའི་སྐོར་གྱི་ཟིན་བྲིས།” “ཨེ་ཤེ་ཡའི་ནང་དུ། ཨིན་ཇི་དང་མཉམ་དུ་སྡོད་པའི་རྒྱ་གར།” “བོད་ཀྱི་དྲི་བ།” “ལྷ་སའི་ལམ་དུ།” “བོད་ཀྱི་བུད་མེད།” “ཏཱ་ལའི་བླ་མ་དང་བོད་”ལྟ་བུ་སོགས་རེད།

གོང་དུ་དེབ་མིང་དང་རྩོམ་མིང་ངོ་སྤྲོད་བྱས་པའི་ལྗགས་རྩོམ་དེ་དག་གི་ནང་དུ། བོད་ཀྱི་རིག་གཞུང་ཁོ་ན་ཙམ་མིན་པར་རྒྱ་གར་དང་། འབྲས་ལྗོངས། བལ་ཡུལ། ཉི་ཧོང་། རྒྱ་ནག་གིས་མཚོན་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཆོས་དང་རིག་གཞུང་། ད་དུང་ཡུལ་སྲོལ་གོམས་གཤིས་སྐོར་གྱི་གནས་ཚུལ་གཏེར་མཛོད་ཅིག་ཡོད་པ་རེད། དེར་བརྟེན་ཁོང་གི་དེབ་རེ་རེ་དང་རྩོམ་ཡིག་རེ་རེའི་སྤྱི་ཁོག་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་བྱེད་དགོས་ན་དེ་ནི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དང་ལས་ཞོར་དུ་རྔོ་ཐོགས་པའི་ལས་ཤིག་མ་ཡིན། རྗེས་སུ་ཁོམ་སྐབས་དང་བསྟུན་ནས་ཁོང་གི་བརྩམས་ཆོས་བྱེ་བྲག་པ་རེ་ཟུང་གི་ངོ་སྤྲོད་རྒྱས་པ་རིམ་གྱིས་ཡོང་ངེས་ནའང་། ཕྲན་གྱིས་སྔར་བཀླགས་ཟིན་པའི་“པེ་རི་སིའི་བུད་མེད་ཅིག་ལྷ་སར་འགྲུལ་བཞུད»ཅེས་པའི་དེབ་འདི་ནི། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་ཧ་ཅང་གྲགས་སྐད་ཆེ་བའི་དེབ་ཅིག་ཡིན་ལ། དེབ་འདིའི་ནང་དོན་གཙོ་བོ་ནི་ཨ་ལེ་ཁུ་སན་སྒྲི་ར་ལགས་དང་ཁོང་གི་བུ་ཡོན་ཏན་གཉིས་ལྷ་སར་བསྐྱོད་པའི་གཏམ་རྒྱུད་རིང་མོ་དེ་རེད། གཏམ་རྒྱུད་དེའི་སྒྲུང་མགོ་ཡུན་ནན་ནས་བཙུགས་ཏེ་སྒྲུང་མཇུག་ལྷ་ས་ནས་བསྡུས་ཤིང་། ཡུན་ནན་ནས་ལྷ་ས་བར་དུ་གོམ་བགྲོད་བྱས་ན་ཟླ་བརྒྱད་འགོར་ཚུལ་དང་། ཟླ་དེ་དག་གི་ནང་དུ་ལམ་བར་ནས་གང་མཐོང་བ་དང་གང་ལ་འཕྲད་པར་གྱུར་པའི་དངོས་བྱུང་གི་གནས་ཚུལ་དེ་ཚོ་རྟོགས་བཏགས་དང་འུར་བསྟོད་ཀྱི་ལྟ་བ་མ་སྤྱད་པར་དངོས་ཡོད་ཀྱི་ལམ་ནས་བྲིས་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་དང་། རུས་རྐང་གཟིར་བའི་ནམ་གཤིས་གྲང་མོ། ཡ་མཚན་ཅན་གྱི་ཡུལ་སྲོལ་གོམས་གཤིས། ད་དུང་དུས་རབས་ཉི་ཤུ་པའི་སྟོད་ཀྱི་བོད་ཀྱི་རྒྱལ་ས་ལྷ་སའི་གནས་སྟངས་ཀྱིས་མཚོན་པའི་བོད་ཀྱི་རང་མདངས་སོགས་མདོར་ན། ཨ་ལེ་ཁུ་སན་སྒྲི་ར་ལགས་སྤྲང་པོ་ཞིག་ཏུ་བརྫུས་ཏེ། ལག་ཏུ་དབྱུག་པ་ཞིག་བཟུང་ནས་དབུས་ལམ་རིང་མོ་ཨམ་གཙུགས་ཀྱིས་གཅོད་སྐབས་གློ་བུར་དང་གློ་བུར་མ་ཡིན་པའི་དཀའ་ཚེགས་མང་པོ་རུ་ལྟར་འཛིངས་ནའང་། ཁོང་གིས་ལྷ་ས་མཐོང་འདོད་ཀྱི་རེ་སྨོན་དྲག་པོ་སུས་ཀྱང་འགོག་མི་ཐུབ་པའི་མེ་རི་བཞིན་དྲག་ཏུ་འབར་ཚུལ་སོགས་ནུབ་ཕྱོགས་པ་ཚོའི་སེམས་ལ་རི་མོ་ཁྲ་ཁྲ་ཞིག་བྲིས་པ་རེད།

བོད་ཆེན་པོ། ཇག་པ་བཟང་པོའི་རྒྱལ་ཁབ་ཏུ།

བོད་ཆེན་པོ། ཇག་པ་བཟང་པོའི་རྒྱལ་ཁབ་ཏུ།

«བོད་ཆེན་པོ། ཇག་པ་བཟང་པོའི་རྒྱལ་ཁབ་ཏུ»ཞེས་པའི་དེབ་འདི་ལ་ཆ་མཚོན་ནས་བཤད་ནའང་། ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་དེབ་འདི་ནི«པེ་རི་སིའི་བུད་མེད་ཅིག་ལྷ་སར་འགྲུལ་བཞུད» ཅེས་པའི་དེབ་དེ་བརྩམས་ནས་ལོ་དྲུག་གི་རྗེས་སུ་བྲིས་པ་རེད། དེབ་དེའི་ནང་གི་དངོས་བྱུང་གི་ལོ་རྒྱུས་དེ་ཚོ་སྤྱི་ལོ་ ༡༩༢༡ ལོའི་ཟླ་གཉིས་པའི་ཚེས་༥ཉིན་ཁོང་དང་ཡོན་ཏན་གཉིས་སྐུ་འབུམ་ནས་སྐྱེ་དགུ་མདོ་བར་དུ་སོང་བའི་གཏམ་རྒྱུད་རེད།  དེབ་འདི་ཡང་དེབ་སྔ་མ་ལྟར་གྲགས་སྐད་ཆེ་ཞིང་། དེབ་དེའི་ནང་དུ་ཨ་ལེ་ཁུ་སན་སྒྲི་ར་དང་ཡོན་ཏན་གཉིས་སྐུ་འབུམ་ནས་སྐྱེ་དགུ་མདོ་བར་དུ་བསྐྱོད་སྐབས་ཨ་མདོ་དང་ཁམས་ཕྱོགས་ཀྱི་གྲོང་གསེབ་ཁག་འདྲ་མིན་ལ་ཕྲད་ཡོད་སྟབས། གྲོང་གསེབ་དེ་དག་གི་འཚོ་བ་དང་།  གོམས་གཤིས། གྱོན་གོས། ཆོས་ལུགས་ཀྱི་བྱེད་སྒོ། ཇག་པའི་གནོད་འཚེ། ད་དུང་ཡུལ་མི་ཚོའི་ཁ་རྒྱུན་དུ་གྲགས་པའི་གནའ་གཏམ་དེ་དག་ཕྲེང་བར་སྤེལ་ཡོད། ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་ཨ་མདོ་དང་ཁམས་ཕྱོགས་ཀྱི་སྲོལ་རྒྱུན་རིག་གནས་སོགས་བརྗོད་སྐབས་སྐབས་རེར་འབྲས་ལྗོངས་དང་སྟོད་མངའ་རིས་ཕྱོགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དྲན་གསོ་བཏང་ནས་སྲོལ་རྒྱུན་ཕན་ཚུན་བར་གྱི་འདྲ་མཚུངས་རང་བཞིན་ལ་གཤིབ་བསྡུར་བྱས་པའང་ཡོད། གང་ལྟར་དེབ་འདི་ཀློག་སྐབས་ཧ་ལམ་རྟོག་སྒྲུང་ཞིག་ཀློག་གིན་ཡོད་པའི་ཚོར་སྣང་སྟེར་ནའང་། རྟོག་སྒྲུང་མིན། དངོས་སྒྲུང་རེད། འོན་ཀྱང་དངོས་སྒྲུང་ནི་རྩོམ་རིག་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པར་བསམས་ན་དེབ་འདིའི་ནང་གི་རྗོད་པ་རེ་ཟུང་རྟོག་སྒྲུང་གི་བསེར་བུ་ཤོར་ཡོད་པས། བརྗོད་བྱ་ཡོད་ཚད་དངོས་སྒྲུང་ཡིན་པའི་ངེས་པ་མེད།

ཕྱོགས་གཞན་ཞིག་ནས་བཤད་ན། ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་བརྩམས་པའི«བོད་ཀྱི་སྒྱུ་འཕྲུལ་མཁན་དང་གསང་བ་ལྐོག་གྱུར།» དང་།  «སྤྲུལ་སྐུ་ཡེ་ཤེས་ལྔ་ལྡན།»  «བརྩེ་བའི་སྒྱུ་འཕྲུལ་དང་སྒྱུ་འཕྲུལ་ནག་པོ»ཞེས་པའི་དེབ་འདི་གསུམ་ནི་རྟོག་སྒྲུང་ཡིན་ལ། ཁོང་“བསམ་གཏན་ལྗོངས་”སུ་བཞུགས་སྐབས་བྲིས་པ་རེད།  «བོད་ཀྱི་སྒྱུ་འཕྲུལ་མཁན་དང་གསང་བ་ལྐོག་གྱུར» ཞེས་པའི་དེབ་འདིའི་ནང་དུ་ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་བོད་ཀྱི་རྣམ་འབྱོར་བ་རྣམས་ཀྱིས་སྟོང་ཉིད་སྒོམ་སྟངས་དང་། ངན་སྔགས་མཁན་དག་གི་ནུས་སྟོབས་སོགས་ལས་འཕྲོས་ཏེ་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ལས་བྱུང་བའི་གསང་བ་དང་དེའི་རྒྱབ་ཏུ་ཡིབ་པའི་མི་མངོན་པའི་ལྐོག་གྱུར། ད་དུང་བོད་མི་ཚོས་ཡ་མཚན་ཅན་དང་ལྐོག་གྱུར་ཅན་གྱི་གསང་བ་དེ་དག་དངོས་སུ་ལག་ལེན་དུ་བསྟར་བཞིན་ཡོད་པའི་གནས་ཚུལ་སོགས་རྟོག་སྒྲུང་ལ་སྦྱར་ནས་བྲིས་ཡོད།  «སྤྲུལ་སྐུ་ཡེ་ཤེས་ལྔ་ལྡན» ཞེས་པའི་རྟོག་སྒྲུང་འདིའི་བརྗོད་བྱ་ནི་“མི་ཕམ་”ཞེས་པའི་བྱིས་པ་ཞིག་འཇིག་རྟེན་འདིར་བསླེབས་རྗེས། རང་བྱུང་གི་ཁོར་ར་ཁོར་ཡུག་ཐམས་ཅད་དགའ་ཚོར་སྐྱེས་པ་མ་ཟད། མི་ཕམ་གྱི་ཕ་མ་གཉིས་ཀྱིས་ཁོང་ནི་བོད་ཀྱི་བླ་མ་རྩ་ཆེན་པོ་ཞིག་གི་སྤྲུལ་སྐུ་ཡིན་པར་སྙམ་ནའང་། མི་ཕམ་ལ་ངོ་མཚན་ཅན་གྱི་རྟགས་མཚན་ཅི་ཡང་མེད་མོད། ནམ་ཞིག་གི་ཚེ་རྣམ་འབྱོར་བ་ཞིག་གིས་མི་ཕམ་རི་དྭགས་གཟིག་ཅིག་གི་མཉམ་དུ་འབྲེལ་འདྲིས་བྱུང་བ་མཐོང་བས། རྣམ་འབྱོར་བ་དེས་མི་ཕམ་ཆོས་ཀྱི་ལམ་དུ་ཞུགས་པར་སྐུལ་མ་མཛད། སྐབས་དེ་ནས་བཟུང་སྙིང་རྗེ་དང་བྱམས་པས་མི་ཕམ་ལ་ལམ་སྟོན་བྱས་ཏེ། ཁོང་གིས་འགྲོ་བ་མི་དང་། སྲོག་ཆགས་ཐམས་ཅད་ཞི་བདེ་ངང་གནས་སའི་ཡུལ་ལུང་ཞིག་བཙལ་བའི་གཏམ་རྒྱུད་རེད།  «བརྩེ་བའི་སྒྱུ་འཕྲུལ་དང་སྒྱུ་འཕྲུལ་ནག་པོ»ནི་དགའ་རབ་ཞུ་བའི་ཇག་པ་ཞིག་དང་བདེ་ཆེན་མ་འབོད་པའི་བུད་མེད་གཉིས་ཀྱི་དབར་ལ་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་ཡིན། དེ་ཡང་ཁ་བསངས་ནས་བཤད་ན་དེབ་འདིའི་སྒྲུང་ཁོག་ནི་བདེ་ཆེན་མའི་རྨི་ལམ་ནང་དུ་དགའ་རབ་ཟེར་བའི་ཕོ་གསར་ཞིག་རྨིས་ཡོད་པ་དང་། དེ་ནས་བདེ་ཆེན་མས་རང་གི་རྨི་ལམ་ནང་དུ་བྱུང་བའི་ཁོང་འཚོལ་ཆེད་ཕ་མ་གཉིས་བསྐྱུར་ཏེ་བྲོས་བཤོལ་བྱེད་པའི་སྐོར་རེད། ད་དུང་རྟོག་སྒྲུང་འདིའི་ནང་དུ་བོད་ཀྱི་གོམས་གཤིས་དང་ཡུལ་མི་ཚོའི་དད་པའི་ཡིད་ཆེས་སོགས་ཀྱང་ནུབ་ཕྱོགས་པ་ཚོར་གློག་བརྙན་བཞིན་བསྟན་ཡོད།

མཐའ་དོན་དུ། ཤར་ཕྱོགས་ཀྱི་སྐད་དང་རིག་གཞུང་ལ་མཁས་པ། བོད་རིག་པ་སྨྲ་པ། རྒྱལ་ཁམས་བསྐོར་བའི་འགྲུལ་བཞུད་པ། སྐད་གྲགས་ཅན་གྱི་རྩོམ་པ་པོ། རྟོག་སྒྲུང་འབྲི་མཁན་ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱིས་སྐུ་ཚེའི་ལོ་རྒྱུས་དང་ཁོང་གི་ལྗགས་རྩོམ་དེ་དག་གིས་ནུབ་ཕྱོགས་པའི་སེམས་ལ་འཕྲུལ་སྣང་ཞིག་བསླངས་པ་ཙམ་དུ་མ་ཟད། བོད་ཀྱི་ལྐོག་གྱུར་དང་ལྐོག་གྱུར་མ་ཡིན་པའི་སྲོལ་རྒྱུན་རིག་གནས་སོགས་ཀྱིས་ནུབ་ཕྱོགས་པ་ཚོར་འགྲམ་ཆུ་ལྡང་དུ་བཅུག་ཅིང་། སྐོམ་པ་ཞིག་ལངས་སུ་བཅུག་པ་རེད། དེར་བརྟེན་མ་འོངས་པར་ཨ་ལེ་ཁུ་སན་སྒྲི་ར་ལགས་ཀྱི་བརྩམས་ཆོས་རེ་ཟུང་བོད་ཡིག་ཏུ་ཐོན་པའི་རེ་བ་ཡོད།