ལམ་འགྲམ་གྱི་སྡོང་བུ་དག་ཀྱང་བཞུར་བར་གྱུར། །
ལྗིད་ཚད་ཀྱིས་མནན་པའི་ས་ཡི་ལྷ་མོ་ཀྱེ། །
གནམ་ནས་བསྣར་བའི་མྱི་གཟུགས་ལ་ཧད་མ་གྱུར། །
ནགས་སུ་བྲོས་པའི་འོད་ཟེར་ཡང་འཇོག་པར་བྱ། །

སྟག་ཤར་རས་ངུ་ངག་གིས་མཚན་སྙན་འདེགས་པ། །
ཁྱེད་ཀྱི་གློ་སྙིང་མེ་ལ་འཚིག་དོན་ཡིན་པས། །
རོལ་དབྱངས་ཀྱིས་བདག་གིས་རྣ་བ་ལྐུགས་པར་བྱ། །
ཧམ་སྲེད་ཀྱིས་བདག་གི་མིག་ཟུང་བསྒྲིབས་པར་གྱུར། །

ས་འོག་གི་རྣམ་ཤེས་ཀྱིས་བདག་ལ་བཤད་པ། །
མེ་ནང་གི་ཀེང་རུས་ཀྱིས་བདག་ལ་དྲིས་པ། །
ཡོད་ཚད་བྱ་རྒོད་ལྟར་འཕུར་ནས་ཐོན་ཡོང་དུས། །
བདག་གི་རྣ་བ་འོན་པར་བྱ་ལྷ་ཚོགས་ཀྱེ། །

ཆ་མེད་རྒྱུས་མེད་ཀྱི་ཡུལ་དུ་གྲང་ཐལ་བ། །
སེམས་ཀྱི་ང་རོ་རུ་གྱུར་བ་དེ་ཡིན་ཚོད། །
དུང་བརྡ་སྒྲོག་པའི་མེ་འཁོར་གྱི་ལམ་ཆེན་དུ། །
ང་ཡི་རྣ་བ་གདུང་བའི་རོལ་དབྱངས་མཐུད་སོང་། །

རོལ་དབྱངས་ཟ་ཟི་ཞིག་ཆུ་ཚོད་མཐུད་ནས་གྲགས། །
སྐྱོ་སྡུག་གི་ལམ་དུ་ངལ་བ་ཡོད་ཚད་ཀྱིས། །
ཀུ་རེ་དང་རྩེད་མཚར་སྣ་ཚོགས་ཤིག་རྩེད་པས། །
བདག་གི་རྣ་བ་འོན་པར་གྱུར་ན་བསམ་ཡོད། །

འཁྲུག་ཆ་དོད་པའི་རྨི་ལམ་གྱིས་ཁྱེད་གཙེས་སོང་། །
སྨྲ་བརྗོད་ལྐུགས་པའི་རོལ་དབྱངས་ཀྱིས་བདག་འོན་སོང་། །
འོན་པར་གྱུར་བའི་རྣ་བ་ལ་ཅི་ཞིག་ཡོད། །
ལག་པས་མི་ཟིན་པའི་སྡུག་བསྔལ་སྤར་མོ་གང་། །

ཨར་འདམ་བ་ཚྭ་ཅན་དུ་ཡང་ཡང་བསྐྱོད་པ། །
རྐང་མཐིལ་ཟད་པའི་འགྲེལ་བཤད་ཙམ་གཏན་ནས་མིན། །
རྔུལ་ཁྲག་གི་རུས་པ་རྡོ་ལ་བརྡུངས་པ་བཞིན། །
ཕྱིར་མིག་མོད་པའི་བུ་མོ་གནས་འགྲོ་མ་ཞིག །

གཡེར་བག་ཚ་བའི་ཡོ་རོབ་ཀྱི་གནམ་གཤིས་ནི། །
བུ་མོ་སྤོ་རྐྱ་ཞིག་གི་དགའ་སྡུག་ཇི་བཞིན། །
གནམ་ས་འདར་བའི་དུས་ཚོད་དང་རེ་བ་བཅས། །
དུད་སྤྲིན་གྱིས་བྲིས་པའི་སྒྱུ་མའི་ལྡ་ལྡི་ཞིག །

སྤྲིན་འོག་གི་ཉི་འོད་མཚོ་གཞོང་ལ་རྒྱག་དུས། །
བདག་གི་མིག་ཤ་འདེགས་པའི་རང་དབང་བརྙེས་སོང་། །
རྣ་བ་དལ་བའི་དོ་ནུབ་ལ་དྲན་གསོ་ཞུ། །
རེ་བ་ནི་ལམ་འགྲམ་ན་བཞུར་བའི་ལྗོན་ཤིང་དེའོ། །

སྤྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༥ ཉིན།