ཉི་རྩེ་རི་ལ་བཞག་དུས།།
སྦྲ་ནག་གྲུ་བཞིའི་ནང་གི།
ན་ཆུང་ལུག་རྫི་བུ་མོས།།
གཡང་དཀར་ལུག་ཁྱུ་དེད་ནས།།
སྐྱ་མོ་ལམ་ལ་ཆས་སོང་།།
རྫ་མགོ་སྨུག་གིས་བཟུང་རུང་།།
གཡང་དཀར་ལུག་གི་འབབ་སྒྲས།།
བུ་མོའི་སེམས་པ་སྤྲོ་སོང་།།
 
ཉི་མ་སྤང་ལ་འཁོར་དུས།།
སྤང་ལྗོངས་སྔོན་མོ་སྟེང་གི།
ན་ཆུང་ལུག་རྫི་བུ་མོས།།
སྨྲེང་བ་དབྱངས་ལ་བཀུག་ནས།།
ལུག་ཁྱུ་གཡུང་ལ་ཕབས་སོང་།།
ལས་དབང་རླུང་ལ་བསྐྱོན་རུང་།།
སྐར་ཚོགས་སྤང་ལ་འཕོས་འདྲས།།
བུ་མོའི་སྨྲེང་བ་དྭངས་སོང་།།
 
ཉི་མ་རི་ལ་ནུབ་དུས།།
རྫ་རི་སྨུག་པོ་མཐའ་ཡི།།
ན་ཆུང་ལུག་རྫི་བུ་མོས།།
ཐུ་བ་སྐེད་ལ་དཀྲིས་ནས།།
ལུག་ཁྱུའི་ཁ་ལོ་བསྒྱུར་སོང་།།
འགྲོ་རོགས་གྲིབ་མ་ཡིན་རུང་།།
གཡང་དཀར་ལུག་གི་འཕེལ་ཁས།།
བུ་མོའི་སེམས་པ་སྤྲོ་སོང་།།